ཆོས་དབྱིངས་སྐྱིད་ཀྱིས་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྟེང་དངུལ་གྱི་རྟགས་མའི་བྱ་དགའ་བླངས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ8པའི་ཚེས29ཉིན་གྱི་སྔ་དྲོར།   ཧིན་རྡུ་ཉི་ཞི་ཡ་ཡཱ་ཅ་ཏཱ་ནས་བསྡུས་པའི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྐབས18པའི་སྤྱི་ལེ20ཅན་གྱི་སྐྱེས་མའི་འདུར་རྒྱུག་འགྲན་བསྡུར་ཁྲོད།  རང་ཞིང་གི་ལུས་རྩལ་པ་གྲགས་ཅན་ཆོས་དབྱིངས་སྐྱིད་ཀྱིས་དུས་ཚོད1དང་སྐར་མ29སྐར་ཆ15ཡི་མགྱོགས་ཚད་ཀྱིས་ཨེ་ཤ་ཡའི་འདུར་རྒྱུག་ཟིན་ཐོ་གསར་པ་བསྐྲུན་ཏེ་དངུལ་གྱི་རྟགས་མའི་བྱ་དགའ་བླངས།  

ཉིན་དེའི་འགྲན་བསྡུར་ཁྲོད།    ཀྲུང་གོའི་སྐྱེས་མའི་འདུར་རྒྱུག་རུ་ཁག་གི་དབྱང་ཅཱ་ཡུས་དང་ཆོས་དབྱིངས་སྐྱིད་གཉིས་ཀྱིས་འགོ་བརྩམས་པ་ནས་འགྲན་ཞུགས་རུ་མི་ཡོངས་ཀྱི་སྔོན་ལ་བུད་ཅིང་། འགྲན་བསྡུར་སྤྱི་ལེ12མཚམས་སུ་ཨང་དང་པོ་དང་གསུམ་པའི་བར་ལ་སྐར་ཆ3རིང་གི་བར་ཐག་ཕྱེས་ཡོད།     ཆེས་མཇུག་མཐའི་སྤྱི་ལེ་བཞིའི་མཚམས་སུ་ཆོས་དབྱིངས་སྐྱིད་དང་དབྱང་ཅཱ་ཡུས་གཉིས་འདུར་རྒྱུག་ཚད་ཇེ་མགྱོགས་སུ་གཏོང་འགོ་བརྩམས་ཏེ།   མཇུག་མཐའི་རྩལ་སྤྲུགས་ཁྲོད་ཁོ་མོ་གཉིས་ཕལ་ཆེར་དུས་མཉམ་དུ་མཐའ་ཐིག་བརྟོལ་ཏེ་ཐོན། ཡིན་ནའང་དབྱང་ཅཱ་ཡུས་ཀྱིས་ཕྲག་ཞེང་གི་སྔ་ཙམ་གྱིས་གསེར་གྱི་རྟགས་མ་བླངས་སོང་།   མཇུག་མཐར།   ཆོས་དབྱིངས་སྐྱིད་ཀྱིས་དུས་ཚོད1དང་སྐར་མ29སྐར་ཆ15ཡིས་ཨེ་ཤ་ཡའི་འདུར་རྒྱུག་ཟིན་ཐོ་གསར་པ་བསྐྲུན་ཏེ་དངུལ་གྱི་རྟགས་མ་བླངས། ཡིད་ཕངས་པ་ནི་གྲི་ཁ་སོར་ཁ་ཙམ་གྱི་བར་ཁྱད་ནས་གསེར་གྱི་རྟགས་མའི་སྐལ་བ་ཤོར་སོང་བ་རེད།།  

གྲ་སྒྲིག་བྱེད་བཞིན་པའི་ཚུལ། 

དབྱང་ཅཱ་ཡུས་དང་ཆོས་དབྱིངས་སྐྱིད་གཉིས་ཀྱིས་འགོ་བརྩམས་པ་ནས་འགྲན་ཞུགས་རུ་མི་ཡོངས་ཀྱི་སྔོན་ལ་བུད་ནས་རྒྱུག་བཞིན་པའི་ཚུལ།

འགྲན་བསྡུར་སྤྱི་ལེ12མཚམས་སུ་འདུར་རྒྱུག་བྱེད་བཞིན་པའི་ཚུལ། 

མཇུག་མཐའི་རྩལ་སྤྲུགས་ཁྲོད་ཁོ་མོ་གཉིས་ཕལ་ཆེར་དུས་མཉམ་དུ་མཐའ་ཐིག་བརྟོལ་ཏེ་ཐོན། 

ལོ་ཙཱ་བ། ལྷ་ཆེན་རྒྱལ།