རྨ་འབྲི་རྫ་གསུམ་འགོ་ཁུངས་ཀྱི་གསའ་ཡི་གྲངས་ཀ་ཧ་ལམ་སྟོང་ལས་བརྒལ་ཡོད་པ།

ཟླ7པའི་ཚེས19ཉིན་ཞིན་ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན།   གསར་འགོད་པས“གསའ་དང་མཉམ་དུ་བསྐྱོད”ཅེས་པའི་རྒྱལ་སྤྱིའི་གསའ་དང་གཟིག་ཞིབ་འཇུག་དང་སྲུང་སྐྱོབ་གླེང་སྟེགས་ནས་ཤེས་གསལ་ལྟར་ན།  མཚོ་སྔོན་ཞིང་ཆེན་གྱི་ནུབ་རྒྱུད་དུ་ཆགས་པའི་རྨ་འབྲི་རྫ་གསུམ་འགོ་ཁུངས་ཀྱི་ས་ཁོངས་ཡོངས་ལ་གཞིགས་ནས་རྩིས་དཔག་བྱས་ན།  ད་སྔ་གསའ་ཡི་ཁ་གྲངས་དེ་ཧ་ལམ་སྟོང་ལས་བརྒལ་ཡོད་ལ། དེར་ལས་རིགས་སྤྱི་ནས་འཛམ་གླིང་གི་གསའ་འདུས་སྡོད་ཀྱི་མངའ་ཁོངས་ཆེ་ཤོས་གྲས་ཀྱི་གཅིག་ཡིན་པ་ཁས་ལེན་བྱེད་ཀྱི་ཡོད།  འབྲེལ་ཡོད་ཞིབ་འཇུག་རྒྱས་ཤིང་གཏིང་ཟབ་པ་ཞིག་བྱས་མཐར། གསའ་འདི་ལྷའི་རི་བོ་དང་། བྱང་ཐང་སོགས་ས་ཁུལ་དུ་འགྲོ་འོང་མང་བ་གསལ་པོར་རྟོགས།

པེ་ཅིང་སློབ་ཆེན་གྱི་སྐྱེ་དངོས་སྲུང་སྐྱོབ་རིག་པའི་དགེ་རྒན་ཆེན་མོ། པེ་ཅིང་རི་ཆུ་རང་བྱུང་སྲུང་སྐྱོབ་ལྟེ་གནས་ཀྱི་སྲོལ་བཏོད་མཁན་ལུའུ་ཀྲི་ཡིས་འདི་སྐད། རྨ་འབྲི་རྫ་གསུམ་འབྱུང་ཁུངས་ས་ཁུལ་དུ་རྒྱུ་བའི་གསའ་རིགས་ལྟ་སྐུལ་ཚད་ལེན་ལས་ཀ་ནི2011ལོ་ནས་བཟུང་འགོ་ཚུགས་ཤིང་། ལོ་བདུན་གྱི་ཚུན་ལ། ཚན་ཞིབ་པས་དམར་ཕྱི་འོད་ཀྱི་པར་ཆས་རང་འགུལ་ཅན་ལ་བརྟེན་ནས་གསའ་ཡི་སྐོར་གྱི་བརྙན་པར་ཁྲི5ལྷག་བླངས་ཡོད་པ་དང་། ལྟ་སྐུལ་ཚད་ལེན་མངའ་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་དེ་སྤྱི་ལེ་རྒྱ་དཔངས་གྲུ་བཞི་མ5000ལས་བརྒལ་ཡོད་པས། པར་གྱི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པོར་མཐོང་།།

མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཤང་ལྟ་བུར་མཚོན་ན། ཁྱུ་རུ་ཆགས་པའི་གྲངས་འབོར་ཉིན་རེར་ཇེ་མང་དུ་འགྲོ་བཞིན་པའི་གསའ་དང་གཟིག་འཚོ་ས་ཁག་ཕན་ཚུན་འདྲེས་ནས་ཡོད་པ་དང་། གཞན་སྣོད་བཅུད་མ་ལག་གི་ཁོར་ཡུག་ཅུང་དོག་པའི་མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཨ་མྱེས་རྨ་ཆེན་གངས་རིའི་མཐའ་འཁོར་ཏུ། ཚན་ཞིབ་པས་གསའ་ཡི་རྐང་རྗེས་མཐོང་ནས་ཉེ་བའི་ལོ་གཉིས་ནང་བརྙན་པར500ལྷག་བླངས་ཡོད་པ་རེད།

ཉེ་ལམ། ཚན་ཞིབ་པས་བརྙན་པར་དེ་དག་དཀྱུས་གཅིག་ཏུ་དྲིལ་ནས་དབྱེ་ཞིབ་བྱས་རྗེས།  རྨ་འབྲི་རྫ་གསུམ་འགོ་ཁུངས་ཀྱི་གསའ་འཚོ་སའི་ཁྱབ་ཁོངས་ཀྱི་ཆ་སྙོམས་འདུས་ཚད་ག་འདྲ་ཡིན་པ་ཐོག་མར་ངེས་ཟིན་བྱུང་བ་དང་། འབྲེལ་ཡོད་ཀྱི་འདྲ་དཔེ་གཞིར་བཟུང་ནས་རྩིས་དཔག་བྱས་ན།  མངའ་ཁོངས་དེར་གསའ་ཧ་ལམ་སྟོང་ཡན་ཡོད་ཚོད་རེད་ཟེར།

རྨ་འབྲི་རྫ་གསུམ་འབྱུང་ཁུངས་ཀྱི་མངའ་ཁོངས་ཕུད།  རང་རྒྱལ་གྱི་མངའ་ཁོངས་གཞན་དག་དང་རང་བྱུང་སྲུང་སྐྱོང་ཁུལ་བཅས་སུ་ཡང་ཉེ་བའི་ལོ་ཚུན་ལ་གསའ་མང་པོ་རྒྱུ་བའི་དངོས་བཤུས་ཟིན་ཐོ་མང་པོ་ཡོད་པ་རེད།  “ངམ་ཐང་ཤིན་ཅང”ཞེས་པའི་གསའ་ཡི་ལས་གཞི་ཚན་ཆུང་གི་འགན་འཁུར་པ་ཡན་རུའེ་ཡིས་འདི་སྐད།  2014ལོ་ནས2018ལོའི་བར་དུ།  དམངས་ཁྲོད་སྣོད་བཅུད་ཚན་ཆུང་དེས་ཤིན་ཅིང་ནགས་ལས་སྡེ་ཚན་གྱི་རྒྱབ་སྐྱོར་འོག་ཏུ་ཝུ་རོ་མུ་ཆི་ཉེ་འཁོར་དུ་གསའ་རྟོག་ཞིབ་ཀྱི་ལས་སྒོ་སྤེལ་བ་དང་། ད་སྔའི་བར་དུ་ཟིན་ཐོར་བཀོད་པའི་གསའ་གྲངས60ལྷག་ཡོད་པ་རེད།  ཞིབ་འཇུག་རིམ་བཞིན་ཇེ་ཟབ་ཏུ་སོང་བ་དང་བསྟུན།  ཁོ་ཚོས་ས་དེའི་གསའ་ལ་གཏན་འཇགས་ཀྱི་ཁྱིམ་ཚང་གི་འབྲེལ་བ་ཡོད་པ་མ་ཟད།  དབྱར་དགུན་སོ་སོར་གཏན་ཁེལ་གྱི་ཁ་ཟས་རི་དྭགས་གསོད་ཡུལ་ཡོད་པ་ཤེས་རྟོགས་བྱུང་ཟེར།

རྒྱལ་སྤྱིའི་རི་སྐྱེས་སྐྱེས་དངོས་སྲུང་སྐྱོབ་སློབ་ཚོགས་ཀྱི་གསའ་ཡི་ལས་གཞིའི་དཔོན་རིགས་ཏིན་ཞའོ་ཞིང་གིས་འདི་སྐད།  ཉེ་བའི་ལོ་འདི་འགར་སྣོད་བཅུད་ཚོགས་པ་དེ་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གཉིས་ཀྱིས་མཉམ་ལས་ཐོག  བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་སོགས་སུ་པར་ཆས260གཏན་འཁེལ་གྱི་སར་བཙུགས་ཏེ།  གསའ་དང་འབྲེལ་བའི་བརྙན་པར་འབོར་ཆེན་བླངས་ཡོད་པ་རེད།  དེ་ལས་ལྟ་སྐུལ་ཚད་ལེན་མངའ་ཁོངས་ཀྱི་གསའ་ཡི་འདུས་ཚད་དེ་སྤྱི་ལེ་གྲུ་བཞི་མ་བརྒྱ་རེར་གསའ3ཡས་མས་ཡོད་པའི་ཐོག་མའི་སྤྱི་འབྲས་བྱུང་བས། དེས་ནི་ཟུར་བལྟས་ལེབ་མཐོང་གི་ཚུལ་གྱིས་འབྲེལ་ཡོད་ས་ཁུལ་དུ་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་པོ་ཡོད་པ་ར་སྤྲོད་བྱུང་ཡོད་ཟེར།

ལོ་ཙཱ་བ། ཁོན་ཐར་འཚོ།