ད་ལོར་རང་ཞིང་གིས་ཞན་ཆ་ཁ་གསབ་ཀྱི་ལས་ཀ་འབུར་དུ་བཏོད་དེ་ཞིང་འབྲོག་པའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་བསྣན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ད་ལོའི་ཚུན་ལ། རང་ཞིང་གིས་གྲོང་ཚོ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་ཧུར་ཐག་དང་། ཞིང་འབྲོག་པའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ། ཞིང་འབྲོག་པའི་འཚོ་སྡོད་ཁོར་ཡུག་གི་ཞན་ཆ་ཅི་མགྱོགས་གང་མྱུང་སྒོས་ཁ་གསབ་བཅས་བྱས་ཏེ།   ཞིང་འབྲོག་པའི་འཚོ་སྡོད་ཁོར་ཡུག་གི་སྤྱིའི་མཐུན་རྐྱེན་ཇེ་ལེགས་སུ་སོང་ཡོད།  2018ལོར་ཞིང་ཆེན་ཡོངས་ནས་ཞིང་འབྲོག་ཁུལ་གྱི་ཁང་རྙིང་དང་ཉེན་ཁང་བཅོས་བསྒྱུར་བྱ་དགོས་པའི་ཁྱིམ་ཚང་ཁྲི6བཀོད་སྒྲིག་བརྒྱབ་སྟེ། མ་དངུལ་དུང་ཕྱུར50ཡི་བསྒྱུར་བཀོད་ལེགས་འགྲུབ་བྱ་འཆར་ཡོད།  ཟླ7པའི་ཟླ་མཇུག་བར་དུ།  ཁྱིམ་ཚང29740ཡི་ཁང་པ་ལེགས་བཅོས་བྱས་པ་དང་། ལས་བསྒྲུབས་ཚད49.57དུ་སླེབས། ཧ་ལམ་མ་དངུལ་སྒོར་དུང་ཕྱུར13ཙམ་གྱི་རིན་ཐང་བསྒྱུར་བཀོད་བྱས་ཚར།  གཞན་མཐོ་སྒང་གི་མཛེས་པའི་གྲོང་ཚོ300འཛུགས་སྐྲུན་གྱི་ལས་འགན་དེ་ཡང་སྔ་རྗེས་སུ་གཉེར་འགོ་ཚུགས་པ་དང་།ཁྱོན་བསྡོམས་རིགས་མི་འདྲ་བའི་རྨང་གཞི་སྒྲིག་ཆས་སྐོར་གྱི་ལས་གཞི1035ལག་བསྟར་བྱས་ནས་ལས་གཞི་འཛུགས་སྐྲུན་ཐད་མ་དངུལ་ཧ་ལམ་སྒོར་དུང་ཕྱུར15.59ལག་བསྟར་བྱས་པ་དང་། དེ་ལས་མ་དངུལ་དུང་ཕྱུར12ཀྱི་ལས་གཞི་ལེགས་འགྲུབ་བྱུང་ཡོད་པ་རེད།

ཤེས་གསལ་ལྟར་ན།  ད་ལོར་རང་ཞིང་གིས《མཚོ་སྔོན་ཞིང་ཆེན་ཞིང་འབྲོག་པའི་འཚོ་སྡོད་ཁོར་ཡུག་ལ་བཅོས་སྐྱོང་ལོ་གསུམ་བྱེད་པའི་ལས་འགུལ་ལག་བསྟར་འཆར་ཇུས(2018-2020ལོ)》བཟོས་ནས་པར་འགྲེམས་བྱས་པ་མ་ཟད།  རང་ཞིང་གིས་ཞིང་འབྲོག་པའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་ལས་ཀར་སྐུལ་སྤེལ་དང་ལྟ་སྦྱོང་གི་ཚོགས་འདུ་བསྡུས་ཤིང་། ཚོགས་ཐོག་ཏུ་ཞིང་ཆེན་ཡོངས་ཀྱི་ཞིང་འབྲོག་པའི་འཚོ་སྡོད་ཁོར་ཡུག་ལ་ལོ་གསུམ་ནང་བཅོས་སྐྱོང་བྱ་བའི་ལས་འགུལ་ཐད་བྱེ་བྲག་གི་ལས་ཀ་བཀོད་སྒྲིག་བརྒྱབ།   རྫོང་རིམ་པའི་ཞིང་འབྲོག་པའི་འཚོ་སྡོད་ཁོར་ཡུག་ལོ་གསུམ་བཅོས་སྐྱོང་གི་ལས་འགུལ་ལག་བསྟར་ཇུས་གཞི་བཟོ་བའི་ལས་ཀ་གོ་རིམ་མ་འཆོལ་བར་སྒྲུབ་སྒང་རེད་ལ། ཞིང་ཆེན་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)39ཡིས་རྫོང་རིམ་པའི་ལག་བསྟར་འཆར་ཇུས་བཟོས་ཚར་ཡོད་པ་རེད། དེ་དང་ཆབས་ཅིག   ལས་ཀའི་འགན་འཁྲི་མཐའ་འཁྱོལ་ལ་སྔར་བས་ཤུགས་སྣོན་དགོས་པར་གཞིགས་ནས།《ཞིང་འབྲོག་པའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་གི་མ་དངུལ་བསྡུ་སྒྲིག་དོ་དམ་བྱེད་ཐབས》དང《ཞིང་འབྲོག་པའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་ལས་ཀར་སྐུལ་སྤེལ་བྱེད་ཐབས》ཞེས་པ་ཞིབ་འཇུག་བྱས་ནས་བཟོས། ཞིང་ཆེན་ནོར་སྲིད་ཀྱིས་མུ་མཐུད་ནས་མ་དངུལ་དུང་ཕྱུར1ཁ་གསབ་བྱས་ཏེ། ཙོང་ཆུ་འབབ་རྒྱུད་ནས་ཞིང་འབྲོག་པའི་འཚོ་བའི་བཙོག་ཆུ་ཚོད་ལྟ་ལས་དོན་སྤེལ་རྒྱུ་དང་།  མ་དངུལ་དུང་ཕྱུར1ཁ་གསབ་བྱས་ནས་ཞིང་འབྲོག་པའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་ལོ་གསུམ་ལ་བྱེད་པའི་ལས་འགུལ་གྱི་དཔེ་སྟོན་ལས་ཀར་སྐུལ་སྤེལ་བྱ་རྒྱུ།  དེ་མ་ཟད།  མཉམ་གཅིག་ཏུ་མཛེས་པའི་གྲོང་ཚོ་དཔེ་སྟོན་ལས་ཀར་ཧུར་ཐག་གིས་སྐུལ་སྤེལ་བྱས་ཏེ། 2018ལོར་སྡོད་ཁང་འཛུགས་སྐྲུན་པུའུ་ཡིས་ཀྲུང་གོའི་བཟོ་བཀོད་ཇུས་འགོད་ཞིབ་འཇུག་གླིང་དང་། པེ་ཅིང་བཟོ་བཀོད་སློབ་ཆེན་བཟོ་སྐྲུན་དང་གྲོང་ཁྱེར་འཆར་འགོད་སློབ་གླིང་གི་ཚོགས་པ་བཀོད་སྒྲིག་བརྒྱབ་ནས་སྐུ་འབུམ་རྫོང་གི་ཧའེ་ཁྲེང་གྲོང་ཚོ་དང་རྟ་ཐང་གི་ཐུབ་ཀཱན་གྲོང་ཚོ་གཉིས་དཔེ་སྟོན་གྲོང་ཚོར་བཏོད་དགོས་པའི་འགན་སྤྲད་པ་དང་།  ཆེད་འདེམས་ལས་བྱེད་གཉིས་མངགས་ཏེ། རྫོང་དེ་གཉིས་ཀྱི་རྫོང་གཙོ་གཞོན་པའི་འགན་བཅོལ་ཐོག་ནས་ཚོད་ལྟའི་ལས་ཀ་ཡོངས་ལ་སློབ་སྟོན་གནང་བས།  དཔེ་སྟོན་གྲོང་ཚོ2ཀྱི་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སོང་བ་མངོན་གསལ་ཡིན་ཞིང་། ཞིང་བའི་བློ་ཁ་ཚིམ་ཚད་ལེགས་ལ།  གྲོང་ཚོའི་གཞིས་ཁྱིམ་འཛུགས་སྐྲུན་གྱི་ལས་ལ་སྤྲོ་མཁན་གྲོང་མི་ཡང་ཇེ་མང་དུ་སོང་ཡོད་པ་རེད།

རྨང་གཞི་དེའི་ཐོག   རང་རེའི་ཞིང་ཆེན་གྱིས་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་ལ་མུ་མཐུད་ནས་སྐུལ་འདེད་ཏན་ཏིག་བྱས་ཏེ།  ཞིང་འབྲོག་པའི་འཚོ་སྡོད་ཁོར་ཡུག་ལོ་གསུམ་ནང་བཅོས་སྐྱོང་བྱེད་པའི་ལས་འགུལ་འཆར་ཇུས་ནང་གཏན་འབེབས་བྱས་པའི་ལས་འགན་གལ་ཆེན་ལག་བསྟར་ཏན་ཏིག་བྱས་པ་དང་།  རིགས་དབྱེ་སློབ་སྟོན་རྒྱུན་འཁྱོངས་བྱས་ནས་འཆར་ཇུས་ཀྱི་གཏན་འབེབས་བྱས་པའི་རིགས་གསུམ་ནང་ལྟར།  ཚན་རིག་དང་མཐུན་པའི་སྒོ་ནས་སྣ་མང་ཅན་དང་། བར་ཁྱད་ཅན།  ས་ཁོངས་ཅན་གྱི་ཁྱད་ཆོས་གཞིར་བཟུང་སྟེ།  དམིགས་འབེན་དང་ལས་འགན་མི་འདྲ་བ་རེ་བཟོས་ནས་རིགས་བགོས་སློབ་སྟོན་གྱི་ལམ་ནས་ཞིང་ཆེན་ཡོངས་ཀྱི་ཞིང་འབྲོག་པའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་ལས་ཀར་སྐུལ་སྤེལ་བྱས། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱིས་རང་ཞིང་དང་མཉམ་དུ་དཔེ་སྟོན་གསར་སྐྲུན་ཁྲོད་བསགས་པའི་ཉམས་མྱོང་ལ་ཕྱོགས་སྡོམ་དང་དགེ་མཚན་ཁྱབ་གདལ་བཏང་སྟེ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་གི་ལས་ཀར་ཞུགས་པར་སྣེ་ཁྲིད་པ་རེད།

ལོ་ཙཱ་བ། ཁོན་ཐར་འཚོ།