ཡུལ་ཤུལ་ནས་མགོ་ལོག་བར་གྱི་སྦྲེལ་ལམ་གལ་ཆེན་འགྲུབ་ལ་ཉེ་ཞིང་། ཟི་ལིང་ནས་ཡུལ་ཤུལ་བར་གྱི་བགྲོད་ལམ་ཆེན་པོ་ཤར་གཏོང་ཐུབ་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་ཞིང་ཆེན་འགྲིམ་འགྲུལ་སྡེ་ཚན་ནས་ཤེས་གསལ་ལྟར་ན། རྒྱལ་ལམ227ཏེ་རྟ་བོ་ནས་དར་ལག་དང་། པདྨ་བར་གྱི་གཞུང་ལམ་འདིང་བའི་ལས་གཞི་མི་འགྱང་བར་འགྲུབ་ནས་རྩིས་ལེན་བྱ་རྒྱུ་ཡིན་ཞིང་། ལམ་དེ་འགྲུབ་པ་ནི་ཟི་ལིང་ནས་རྟ་བོ་དང་། སི་ཁྲོན་གྱི་ཆུ་ཤུར་ནས་ཡུལ་ཤུལ་བར་སྦྲེལ་བའི་ལམ་ཆེན་གཉིས་པ་ཞིག་ཤར་གཏོང་ཐུབ་རྒྱུ་མཚོན།

རྒྱལ་ལམ227ཏེ་རྟ་བོ་ནས་དར་ལག  པདྨའི་བར་གྱི་གཞུང་ལམ(གཤམ་ནས་རྟ་པད་གཞུང་ལམ་ཞེས་བསྡུ་རྒྱུ་ཡིན)གྱི་མགོ་དེ་ཟི་ལིང་ནས་གཅིག་སྒྲིལ་གཞུང་ལམ་དང་། རྟ་བོ་གྲོང་རྡལ་གྱི་གྲོང་ལམ་རྨ་ཆུའི་ལམ་གྱི་བསྣོལ་མཚམས་ཡིན་ཞིང་། མགོ་ལོག་ཁུལ་རྨ་ཆེན་དང་། དགའ་བདེ། དར་ལག  པདྨ་བཅས་རྫོང་བཞིར་བརྒྱུད་ཡོད། དེ་ཡང་ལམ་གཙོ་བོ་རིམ་པ་གཉིས་པའི་གཞུང་ལམ་གྱི་ཚད་གཞི་ལྟར་བསྐྲུན་ཡོད་ཅིང་། ལམ་ཡོངས་ཀྱི་རིང་ཚད་ལེ་དབར327.8ཡོད་པ་རེད།   རྟ་པད་གཞུང་ལམ་རྒྱས་སྐྲུན་ལས་གཞི་དེ་ནི་ས་བབ་སྨི4000ལྷག་གི་མཐོ་སྒང་དུ་ཡོད་ཅིང་།  2015ལོའི་ཟླ6པའི་ནང་ལས་འགོ་ཚུགས་ཚུན་ལ། གཞུང་ལམ་འཛུགས་སྐྲུན་མཁན་རྣམས་ཀྱིས་ས་བབ་མཐོ་ཞིང་གྲང་ལྷགས་ཆེ་བའི་དཀའ་བ་མང་པོ་ཁྱད་དུ་བསད་དེ། འགྲོ་འོང་ལ་གེགས་མི་ཡོང་ཞིང་། ཨར་ལས་ལས་ཀར་དལ་འགོར་མི་ཡོང་ཆེད། མི་ཤུགས་དང་དངོས་ཤུགས་སྒྲིག་འཛུགས་བྱས་ནས་གཞུང་ལམ་འཛུགས་སྐྲུན་ཧུར་ཐག་བྱས་པས། ལོ་གསུམ་ནང་འཛུགས་སྐྲུན་ལེགས་འགྲུབ་ཀྱི་དམིགས་འབེན་དེ་སྔ་མོ་ནས་འགྲུབ་ཉེ་ཡོད་པ་མ་ཟད།  ཨར་ལས་བདེ་འཇགས་གོ་རིམ་དང་ལྡན་པའི་སྒོ་ནས་སྐུལ་སྤེལ་ལ་འགན་ལེན་ཐུབ་ཡོད་པ་རེད།

རྟ་པད་གཞུང་ལམ་ནི་མཚོ་སྔོན་གྱི་ལྷོ་རྒྱུད་དུ་ཡོད་པའི་ཡུལ་ཤུལ་ཁུལ་དང་མགོ་ལོག་ཁུལ་གཉིས་སྦྲེལ་བའི་ལམ་ཐིག་གལ་ཆེན་ཡིན་ལ། ཟི་ལིང་ནས་རྟ་བོ་དང་། སི་ཁྲོན་གྱི་ཆུ་ཤུར་ནས་ཡུལ་ཤུལ་བར་གྱི་ལམ་ཆེན་གཉིས་པ་ཡང་རེད། རྒྱལ་ཁབ་ཀྱི་ནུབ་རྒྱུད་ས་ཁུལ་གྱི་གཞུང་ལམ་དང་རང་ཞིང་གི་གཞུང་ལམ་གཙོ་བོའི་ལམ་དྲ་ཁྲོད་དུ་བྱང་ནས་ལྷོ་རུ་འཐེན་པའི་གནད་འགག་གི་གོ་གནས་ལྡན།དེ་བས་རྟ་པད་གཞུང་ལམ་རྒྱས་སྐྲུན་ལས་གཞི་ལ་མཚོན་ན། རང་ཞིང་གི་བོད་ཁུལ་གྱི་རྒྱལ་ཁབ་རིམ་པའི་གཞུང་ལམ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གཙོ་བོའི་ལམ་དྲ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། ད་ཡོད་ཀྱི་གཞུང་ལམ་ཤར་བགྲོད་ཆ་རྐྱེན་ཇེ་ལེགས།  ལམ་དྲ་ཧྲིལ་པོའི་བྱེད་ནུས་གང་ལེགས་འདོན་སྤེལ།   མགོ་ལོག་ཁུལ་གྱི་རྨ་ཆེན་དང་། དགའ་བདེ། དར་ལག  པདྨ་བཅས་རྫོང་བཞིའི་ཤར་བསྐྱོད་སྟབས་བདེར་གཏོང་བ། ལམ་རྒྱུད་དུ་ཡོད་པའི་རྫོང་ཁག་གི་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། ཐོན་ཁུངས་གསར་སྤེལ་ཇེ་མགྱོགས། མངའ་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་སྤེལ་བཅས་ཐུབ་པར་དོན་སྙིང་གལ་ཆེན་ལྡན་པ་རེད།

ལོ་ཙཱ་བ། ཁོན་ཐར་འཚོ།