ཀྲུང་གོའི་ནུབ་རྒྱུད་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་ཆེན་པོ་བཞི་ཡིས་མཉམ་འབྲེལ་སྐོར་སྲུང་གི་ཁྲིམས་བསྟར་ཆེད་དོན་བྱ་འགུལ་སྤེལ་བ།

ཚེས22ཉིན། རྨ་འབྲི་རྫ་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་ནགས་ཚལ་སྤྱི་བདེ་ཅུས་ཀྱིས། ཀྲུང་གོའི་ནུབ་རྒྱུད་ཆུ་གསུམ་འགོ་ཁུངས་དང་། ཨ་ཆེན་གངས་རྒྱབ།  ཨར་ཅན་རི་བོ།  བྱང་ཐང་བཅས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ལས་ཁུངས་ཀྱི་སྣེ་འཁྲིད་དེ།  ཧ་ལམ་དུས་ཡུན་ཉིན་དགུ་རིང་གི་མཉམ་འབྲེལ་སྐོར་སྲུང་གི་ཁྲིམས་བསྟར་ཆེད་དོན་བྱ་འགུལ་སྤེལ་འགོ་ཚུགས་པ་རེད།

ཀྲུང་གོ་གསར་འགྱུར་བའི་གསར་འགོད་པས་རྨ་འབྲི་རྫ་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་ནགས་ཚལ་སྤྱི་བདེ་ཅུས་ནས་ཤེས་གསལ་ལྟར་ན། དབྱར་སྟོན་གཉིས་ཀྱི་དུས་ཚིགས་ནི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཁྲིམས་འགལ་ལུགས་མིན་གྱི་རི་དྭགས་ལྐོག་རྔོན་པ་འགྲོ་འོང་ཆེས་མང་ཞིང་། ཁྲིམས་འགལ་གྱིས་བྱེད་སྤྱོད་སྤེལ་པ་ཆེས་མང་པའི་དུས་ཡིན། ཚེས22ཉིན་རྨ་འབྲི་རྫ་གསུམ་འགོ་ཁུངས་དང་ཨ་ཆེན་གངས་རྒྱབ་ཀྱི་ཁྲིམས་བསྟར་བ་མཚོ་སྔོན་ཞིང་ཆེན་གྱི་གོར་མོར་མཉམ་དུ་འདུས་རྗེས། ལམ་སང་ཚན་ཆུང་གཉིས་སུ་བགོས་ཏེ། ཚན་ཆུང་གཅིག་མཚོ་བོད་ལྕགས་ལམ་ནས་བྱང་ཐང་གི་ཕྱོགས་སུ་བསྐྱོད་རྒྱུ་དང་། ཅིག་ཤོས་དེ་ཨ་ཆེན་གངས་རྒྱབ་ཀྱི་ལྟེ་བ་མངག་རྒྱུ་བྱས་ནས་མཐར་ཨར་ཅན་རི་བོའི་ཕྱོགས་ནས་འདུ་རྒྱུ་ཐག་བཅད་ལ།  ལམ་ཐག་ཡོངས་ལ་ལེ་དབར་ཧ་ལམ5000ཡོད་པ་རེད།

རྨ་འབྲི་རྫ་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་ནགས་ཚལ་སྤྱི་བདེ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་འདི་སྐད།  མཉམ་འབྲེལ་སྐོར་སྲུང་གི་ཁྲིམས་བསྟར་ཆེད་དོན་བྱ་འགུལ་འདི་བརྒྱུད་དེ།  རི་སྐྱེས་སྲོག་ཆགས་ལྐོག་རྔོན་དང་། གཏེར་ཁ་ལྐོག་འདོན་སོགས་སྣོད་བཅུད་ཐོན་ཁུངས་ལ་གཏོར་བརླག་དང་། ཁྲིམས་འགལ་ལུགས་མིན་གྱི་ངང་ནས་རང་བྱུང་སྲུང་སྐྱོང་ཁུལ་སོགས་སུ་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བ་རྣམས་ལ་ཚ་རྡུང་ནན་མོ་དང་། འཇིགས་སྐུལ་ཆེན་པོ་བཏང་ནས་ཟིལ་གྱིས་མནན་ཏེ།   རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་གྲུབ་འབྲས་སྔར་བས་སྲ་བརྟན་གཏང་བའི་དུས་མཚུངས་སུ།   རང་བྱུང་སྲུང་སྐྱོབ་ཁུལ་ཕན་ཚུན་དབར་གྱི་འབྲེལ་འདྲིས་དང་། མཐུན་སྦྱོར། རམ་འདེགས་ཀྱི་རང་རྟོགས་ཇེ་ཆེར་དང་།     མཉམ་ལས་ཀྱི་ནང་རྐྱེན་ལམ་ལུགས་སྔར་བས་འཐུས་ཚང་བཅས་སུ་བཏང་སྟེ།  ཉེས་ཅན་ཚར་གཅོད་བྱེད་པ་ལ་ཕྱོགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་རྒྱལ་ཁབ་སྤྱི་གླིང་དང་། རང་བྱུང་སྲུང་སྐྱོང་ཁུལ། འཛམ་གླིང་གི་རང་བྱུང་ཤུལ་གནས་བཅས་སྣོད་བཅུད་ཐོན་ཁུངས་ལ་ཁྲིམས་འགལ་གཏོར་བརླག་བཟོ་མཁན་གྱི་ཚུལ་མིན་ལས་འགུལ་སྤེལ་བར་བཀག་འགོག་ནན་མོ་བྱས་ནས་ཕན་འབྲས་ཡག་པོ་ཞིག་ལོན་ཐུབ་རྒྱུ་དེ་ཡིན་ཟེར།

རྨ་འབྲི་རྫ་གསུམ་འགོ་ཁུངས་དང་། ཨ་ཆེན་གངས་རྒྱབ། ཨར་ཅན་རི་བོ། བྱང་ཐང་བཅས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཆེན་པོ་བཞི་ནི་མཚོ་སྔོན་དང་། ཤིན་ཅང་། བོད་ལྗོངས་བཅས་ཞིང་ཆེན་དང་ལྗོངས་ཀྱི་ས་མཚམས་སུ་ཡོད་ཅིང་། སྔོན་འཛམ་གླིང་ཐོག་རང་བྱུང་སྲུང་སྐྱོང་ཁུལ་གྱི་མནའ་འབྲེལ་ཆེས་ཆེ་ཤོས་བཙུགས་ནས་མཐུན་སྦྱོར་མཉམ་འགོག་གི་སྲུང་སྐྱོབ་ལམ་ལུགས་བཙུགས་མྱོང་། 2014ལོར་ཇོ་མོ་གླང་མའི་རི་རྩེ་རང་བྱུང་སྲུང་སྐྱོང་ཁུལ་འདི་མནའ་འབྲེལ་གྱི་ཁོངས་སུ་བླངས་བས། མནའ་འབྲེལ་གྱི་ཁོངས་མི་ལྔ་བར་གྱུར།

 

ལོ་ཙཱ་བ། ཁོན་ཐར་འཚོ།