རེབ་གོང་ཐང་ག་ངོ་སྤྲོད་མདོར་བསྡུས།

རེབ་གོང་སྒྱུ་རྩལ་ནི་ལོ་རྒྱུས་ཡུན་རིང་ཞིང་བོད་རྒྱུད་ནང་བསྟན་གྱི་རི་མོའི་སྒྱུ་རྩལ་གྱི་ཁོངས་སུ་གཏོགས་པ་དང་། ནང་གསེས་སུ་ཐང་ཀ་དང་ལྡེབས་རིས། འཇིམ་བརྐོ འཇིམ་བཟོ། བཟོ་སྐྲུན་གྱི་རྒྱན་སྤྲས་རི་མོ་སོགས་ཡོད་པ་དང་། དེ་དག་ནི་མཚོ་སྔོན་ཞིང་ཆེན་གྱི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རེབ་གོང་དང་གཙན་ཚ་སོགས་ནས་དར་བ་རེད། ཉེ་བའི་ལོ་འགའི་ནང་། བོད་རིགས་སྒྱུ་རྩལ་གྱི་རིག་གནས་ལ་སྤྲོ་སྣང་ཇེ་ཆེར་སོང་བ་དེས། ནང་དོན་ཕུན་སུམ་ཚོགས་པ་དང་། ཁྱེར་བདེ་བའི་བོད་རྒྱུད་ནང་བསྟན་གྱི་ཐང་ཀ་སྔོན་མ་བྱས་ནས་བོད་ཁུལ་ལས་བརྒལ་ཏེ། སྒྱུ་རྩལ་པ་དག་གི་གསོག་ཉར་དང་ཤ་ཉེ་འབྲེལ་ལ་ལེགས་སྐྱེས་སུ་འབུལ་བའི་དངོས་རྫས་སུ་གྱུར།

དེ་ཡང་བཀའ་གདམས་པའི་གླེགས་བམ་ལས།  མི་ནི་ཆོས་ལ་དད་པ་དང་།  ལྷ་ནི་དཀར་ཕྱོགས་སྐྱོང་བ་དང་།  ས་ལ་དགེ་བཅུ་ཚང་བ་ཡི།།  གསེར་གྱི་ཡུལ་ལྗོངས་ཞེས་སུ་གྲགས།།  ཞེས་བཀའ་ལུང་གིས་ཡང་དག་པར་བསྔགས་པའི་ལྗོངས་ཆེན་པོ་དེ་ནི་རེབ་གོང་གསེར་མོ་ལྗོངས་ཡིན་ལ།  དེ་ནི་དབུས་གཙང་དག་པའི་ཞིང་གི་ཤར་ཕྱོགས།  མདོ་སྨད་ཙོང་ཁའི་སྐྱེས་རེའི་ལྷོ་ཕྱོགས།  ཟི་ལིང་གྲོང་ཁྱེར་ནས་སྤྱི་ལེ་བརྒྱ་དང་བརྒྱད་ཅུའི་མཚམས།  འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོའི་གདུལ་བྱའི་ཞིང་།   ཡོངས་གྲགས་སུ་རེབ་གོང་ཞེས་འབོད་པའི་སའི་ཆ།  མི་རྣམས་རང་བཞིན་གྱིས་རྣམ་རིག་བཀྲ་ཞིང་དཔལ་རྩལ་ཆེ་བ།  མཁན་ཆེན་དང་གྲུབ་ཆེན།  ལྷ་བཟོ་དང་སྨན་རྩིས།  དངུལ་མགར་དང་ལྕགས་མགར།  དཔར་རྐོ་དང་རྡོ་བཟོ་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ལ་མཁས་ཤིང་།  ཆོས་ཕྱོགས་ལ་དགའ་བའི་ཡུལ་གྲུ་ཆེན་པོ་བགྲང་ལས་འདས་པ་ཡོད།  ལྷག་པར་རེབ་གོང་འདི་ཉིད་མདོ་སྨད་ལྷོ་རྒྱུད་ཀྱི་ལྟེ་བ་ཡིན་པས།  ཡུལ་མདོ་སྨད་ཀྱི་གདོད་མའི་དུས་ཀྱི་ཆབ་སྲིད་དང་དཔལ་འབྱོར།  རིག་གནས་ཀྱི་ལོ་རྒྱུས་གསོན་པོ་ཞིག་ད་ལྟའང་འདི་ཉིད་དུ་མ་འཇིག་མ་རྙིང་བར་གནས་ཡོད།  དེའི་སྟབས་ཀྱིས་གངས་ཅན་པའི་ལོ་རྒྱུས་ཆ་ཚང་བ་གསལ་ཐག་ཆོད་པ་ཞིག་རྟོགས་དགོས་ན་ས་སྒང་འདིའི་ཕ་མེས་གོང་མ་རྣམས་ཀྱི་རིགས་རུས་དང་།  ཐང་སྐུ་རྙིང་བའི་གནའ་མིའི་ཆ་ལུགས།  ཡུལ་ལྷ་མཆོད་སྲོལ།  ཡུལ་སྲོལ་གོམས་གཤིས།  གནའ་བོའི་དཔོན་གྱི་གོ་སའི་གནས་སྟངས་ཀྱི་ལོ་རྒྱུས་ལ་ཐོག་མར་ཞིབ་འཇུག་བྱ་དགོས་པ་དང་ཐང་ཀའི་རིག་གནས་ནི་དཔེ་མཚོན་རང་བཞིན་ཅན་གྱི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་གལ་ཆེན་ཞིག་ཡིན། གཞན་ཡང་རེབ་གོང་ས་ཆའི་ཐང་ཀ་འབྲི་ལུགས་ནི་ཀུན་གྱིས་དོ་སྣང་རྒྱ་ཆེན་བྱེད་ས་ཞིག་ཏུ་གྱུར་བས་དེ་ལ་སློབ་གཉེར་བྱེད་མཁན་ཡང་མང་ནས་མང་དུ་འཕེལ་བཞིན་ཡོད།  བོད་ཀྱི་ཐང་གའི་འབྲི་ལུགས་ལ་སྨན་ཐང་ལུགས་དང་ཀརྨ་སྒར་ལུགས། བལ་བོའི་ལུགས། བྱིའུ་སྒང་ལུགས། མཁྱེན་བརྩེ་ལུགས་བཅས་ལྔ་ཡོད་ཀྱང་རེབ་གོང་ས་ཆར་མཁྱེན་བརྩེ་ལུགས་དང་སྨན་ལུགས་སོགས་དར་ཁྱབ་ཆེ།

སྤྱིར་ཐང་ཀ་ནི་བོད་ཀྱི་བཟོ་དངོས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ་ཁྱབ་རྒྱ་ཆེ་བ་ཙམ་དུ་མ་ཟད། རིན་ཐང་གཞལ་དུ་མེད་པའི་བཟོ་རིག་པའི་དངོས་པོ་མང་པོ་བཞུགས་ཏེ། དཔེར་ན་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་བཞུགས་པའི་ཐང་སྐུའི་རྟེན་གཙོ་རྒྱལ་པོ་སྲོང་བཙན་ཡབ་ཡུམ་ཀྱི་ཐང་རྙིང་། དགའ་ལྡན་གསེར་ཐང་ཆེན་མོ་དང་། ཁམས་སྡེ་དགེ་དཔལ་སྤུངས་དགོན་དུ་བཞུགས་པའི་བཀའ་བརྒྱུད་གསེར་ཕྲེང་གི་གསེར་ཐང་སོགས་གསེར་ཐོག་བཞག་གམ་གསེར་ལེབ་བྱུགས་ཀྱི་ཐང་ཀ་རྣམས་དང་། བཀྲ་ཤིས་ལྷུན་པོའི་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་གྱི་འཚེམ་ཐང་བཟོ་རྩལ་འགྲན་ཟླ་དང་བྲལ་བ་རྣམས་ཡོད།

བོད་ཀྱི་ཐང་ཀའི་བྱུང་ལུགས་ནི་རྒྱལ་བོ་སྲོང་བཙན་གྱི་དུས་སུ་རྒྱ་བཟའ་བོད་དུ་སྤྱན་འདྲེན་པ་དང་ལྷན་དུ་ཇོ་བོ་ཤཱཀྱ་མུ་ནེ་དང་བཟོ་སྣ་བཅོ་བརྒྱད་སོགས་བོད་དུ་དྲངས། ཕན་ཚུན་སློབ་མ་དང་བཟོ་རྩལ་པ་མངགས་པར་གསུངས། ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་བཞེངས་སྐབས་དར་ཐང་ཆེན་མོ་གསུམ་བཞེངས་པ་ལས་བོད་ལ་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གོང་དུ་ཐང་ག་བཞེངས་སྲོལ་དར་བ་ཤིན་ཏུ་གསལ། བོད་ཀྱི་ཐང་གའི་འབྲི་ལུགས་ལ་སྨན་ཐང་ལུགས་དང་ཀརྨ་སྒར་ལུགས། བལ་བོའི་ལུགས། བྱིའུ་སྒང་ལུགས། མཁྱེན་བརྩེ་ལུགས་བཅས་ལྔ་ཡོད་པ་དང་། ཐང་ག་ལ་རིགས་དགར་ན་སྐྱ་ཐང་དང་། ཚོན་རྫོགས། ཐང་ནག མཚལ་ཐང་། གསེར་ཐང་། གོས་སྐུ། གོས་སྐུ་འབུར་མ། འཚེམ་ཐང་། འཐག་ཐང་། མུ་ཏིག་གི་ཐང་ཀ ཕྱིས་སུ་དར་བའི་ཆུ་རིས་མ། ཕྱི་གླིང་ལུགས་ཀྱི་འབུར་ཚུགས་ཅན་སོགས་ཡོད་པ་རེད།

རེབ་གོང་ལྷ་རིས་སྒྱུ་རྩལ་གྱི་ཁྱད་ཆོས་ནི། རི་མོ་གང་ཡིན་རུང་བདེན་དོན་དངོས་བཟུང་སྟེ་འབྲི་བ་ལས་རང་སྣང་གང་དྲན་གྱིས་བྲིས་མི་ཆོག ཁྱད་པར་དུ་ནང་བསྟན་ཆོས་ལུགས་ཀྱི་ལྷ་སྐུ་བཞེངས་སྐབས་ལྷ་རང་རང་གི་ཐིག་རྩ་གཞིར་བཞག་གི་སྟེང་ནས་བཞེངས་དགོས་པ་མ་ཟད། ཐོག་མར་མཚན་ཉིད་ལྡན་པའི་བླ་མ་གང་རུང་ཞིག་གི་མདུན་ནས་བཞེང་རྒྱུའི་ལྷ་དེ་ལ་བསྟེན་པའི་དབང་ལུང་ཐོབ་དགོས་པ་དང་། དེ་ནས་ལྷ་རིས་པ་རང་ཉིད་ཀྱིས་ལྷ་དེའི་བསྙེན་པ་གཏོང་དགོས། དེ་གྲུབ་རྗེས་ཚོན་དང་པིར། རས་གཞི་སོགས་ལ་བྱིན་རླབས་གནང་ནས་ད་གཟོད་ལྷ་སྐུ་བཞེངས་དགོས་པར་བཤད། སྒྱུ་རྩལ་གྱི་བཀོད་པ་ལ་སྲོག་ལྡན་གྱི་རི་མོ་དང་སྲོག་མེད་ཀྱི་རི་མོ་གཉིས་ཡོད། དང་པོ་ལ་སངས་རྒྱས་བྱང་སེམས་དང་། དཔའ་བོ་མཁའ་འགྲོ། ཡི་དམ་ཆོས་སྐྱོང་སོགས་ཞི་བ་དང་། ཁྲོ་བོ། ཞི་མ་ཁྲོ་སྟེ་ཉམས་མི་འདྲ་བ་གསུམ་དང་། རྒྱན་བཅས་དང་རྒྱན་མེད། སྐྱེས་པ་དང་བུད་མེད། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རིགས་གཉིས་ཡོད།

གཉིས་པ་ལ་གངས་རི་དང་རྫ་རི། སྤང་རི། བྲག་རི། རྒྱ་མཚོ། གཙང་བོ། རྫ་ཆུ། ས་གཞི། མེ་ཏོག སྐྱེད་ཚལ། གཞལ་མེད་ཁང་། ཕོ་བྲང་། གཙུག་ལག་ཁང་། ལྷ་ཁང་སོགས་མང་པོ་ཡོད། དཔེར་ན་སྒྲོལ་མའི་ཞིང་བཀོད་ལྟ་བུ་ཞིག་བཞེངས་སྐབས་ཞིང་བཀོད་དེའི་སྟེང་ཡོད་པའི་ལོངས་སྐུ་དང་སྤྲུལ་སྐུ་གཉིས་ཐིག་རྩ་གཞིར་བཞག་ལྟར་བཞེངས་དགོས་པ་དང་། བླ་སྐུ་རྣམས་མི་རིགས་དེ་དང་དེའི་གྱོན་ཆས་གོམས་སྲོལ་ལྟར་བཞེངས་པ། རི་ཆུ་སོགས་ཀྱི་རྒྱབ་ལྗོངས་དང་། ཁང་བཟང་རྣམས་དག་ཞིང་གི་མཛེས་ལྗོངས་དང་། ལྷའི་གཞལ་ཡས་ཁང་ལྟར་བཞེངས་དགོས་པ་སོགས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་། དོན་དངོས་ཀྱི་མཚོན་དོན་སོགས་ལ་གཞིགས་ཏེ་བཞེངས་དགོས་པ་མ་གཏོགས། མིག་ལ་གང་མཛེས་དང་། ཡིད་ལ་གང་བདེ་ལྟར་བཞེངས་མི་ཆོག  ལྷ་སྐུ་ཞི་བ་དང་ཁྲོ་བོ། ཞི་མ་ཁྲོ་གང་ཡིན་རུང་གོང་གསལ་ལྟར་བཞེངས་ཚེ་བོད་ཀྱི་ལྷ་རིས་སྒྱུ་རྩལ་སྤྱི་དང་།  བྱེ་བྲག་ཏུ་རེབ་གོང་ལྷ་རིས་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་གསལ་ལྡན་པ་རེད།

རེབ་གོང་ཡུལ་དུ་ལྷ་རིས་སྒྱུ་རྩལ་དར་ཁྱབ་ཆེ་བའི་ཡུལ་སྡེ་ནི། སེང་གེ་གཤོང་སྡེ་གཉིས་དང་གཉན་ཐོག  སྒོ་དམར། རྐ་སར་རྣམས་ཡིན། སེང་གེ་གཤོང་སྡེ་གཉིས་ཀའི་ནང་སྐྱེས་པའི་ལྷ་རིས་པས་བརྒྱ་ཆའི་དྲུག་ཅུ་ལྷག(སྐྱ་སེར་གཉིས་ཀ་ཡོད)ཟིན་པ་དང་། བུད་མེད་ཀྱི་ལྷ་རིས་པའང་ཡོད། སྡེ་གཉིས་ཀྱིས་གཙོ་བོ་བྲིས་ཐང་དང་འབག་སྐུ་བཞེངས་པ་དང་། དེའི་ཁྱད་ཆོས་གཙོ་བོ་ནི། ཀརྨ་སྒར་ལུགས་ཀྱི་ཕྱག་རྒྱུན་ལྟར་ཚོན་མདོག་གི་ལམ་ནས་བྲིས་ཐང་ཆེ་ཆུང་དང་། ཤིང་རིས་སོགས་འབྲི་བ། རྒྱུ་རིན་པོ་ཆེ་དང་སྨན་འདམ་གང་རུང་ལས་འབག་སྐུ་ཆེ་ཆུང་བཞེངས་པ། ཚོན་མདོག་གི་ཆ་ནས་སྔོ་ཤས་དང་དམར་ཤས་ཆེ་བ། རི་མོ་འབུར་དུ་ཐོན་པ། སྤྱན་འབྱེད་པ་དང་། སྐྱ་ཐིག་རྒྱག་པ་ལ་ལྷ་རིས་པ་གཞན་ལ་མེད་པའི་གསང་རྒྱའི་སྒྱུ་རྩལ་ཡོད་དོ། །

གསར་འགོད་པ། རེབ་གོང་བསམ་སྤྱོད།