མཚོ་སྔོན་གྱི་སྨན་པ་བརྒྱ་ལྷག་ལ“མཐོ་སྒང་གི་སྨན་པ་བཟང་པོ”ཞེས་པའི་མཚན་སྙན་ཐོབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཨུ་ལྷན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོའི་སྨན་པའི་དུས་ཆེན་སྐབས་དང་པོར་རྟེན་འབྲེལ་ཞུ་བ་དང་བསྟུན་ནས། མཚོ་སྔོན་ཞིང་ཆེན་གྱི་སྨན་པ་བརྒྱ་ལྷག་ལ“མཐོ་སྒང་གི་སྨན་པ་བཟང་པོ”ཞེས་པའི་གཟི་བརྗིད་མཚན་སྙན་གནང་བ་རེད། སྨན་དོན་ལས་རིགས་བྱ་བ་སྒྲུབ་མཁན་གྱིས་ཚེ་སྲོག་ལ་བརྩི་འཇོག་དང་མྱུར་སྐྱོབས་རོགས་འདེགས་བྱེད་པ། བྱས་རྗེས་བླ་མེད་ཕུལ་བ། བརྩེ་སེམས་ལ་མཐའ་མེད་པ་སོགས་ལ་དར་སྤེལ་སྐུལ་འདེད་བྱེད་ཆེད་ལས་རིགས་ཀྱི་དགོངས་དོན་ལ་སྐུལ་འདེད་ངེས་ཅན་ཞིག་བྱས་ཡོད།

རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན། ཐེངས་འདིའི་གཟེངས་བསྟོད་བྱ་དགའ་ཐོབ་པའི“མཐོ་སྒང་གི་སྨན་པ་བཟང་པོ”ནི་འཕྲོད་བསྟེན་བདེ་ཐང་འཐབ་ཇུས་ཀྱི་དཔེར་མཚོན་དང་མིག་དཔེ་ཡིན་ལ། ཁོ་ཚོའི་སྨན་བཅོས་ཞིབ་ཚགས་ཅན་དང་སྨན་པའི་ཀུན་སྤྱོད་མཐོར་འདེགས་བཅས་ཀྱིས་ནད་པ་གྲངས་མེད་ཅིག་གི་མི་འདོད་ནད་ཀྱི་ཟུག་རྔུ་བཅོམས་པ་རེད། ལ་ལ་ཞིག་གིས་འགོས་ནད་ཚབས་ཆེན་དང་གནོད་འཚེ་རང་བཞིན་ལ་ཡང་འཕྲད་མྱོང་ན་ཡང་འགྱོད་གདུང་དང་འཇིགས་སྣང་ཅི་ཡང་མེད་པར་གདོང་མཆོང་བྱས་ཏེ་ལ་ལས་དཀའ་གནད་ཅན་གྱི་ལས་ཀ་ཡོངས་འགྲུབ་བྱས་ཡོད་པ་རེད།

“མཐོ་སྒང་གི་སྨན་པ་བཟང་པོའི”མཚན་སྙན་ཐོབ་པའི་མ་ཝུན་དབྱི་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་མི་དམངས་སྨན་ཁང་ནས་རེད་ལ། ཆ་སྙོམས་བྱས་ན་མཚོ་ངོས་ལས་རྨིད3700ལྷག་མཐོ་བའི་དཀའ་སྡུག་ཆེ་བའི་ས་ཁུལ་དུ་སྨན་པའི་ལས་རིགས་མི་ལོ་ཉི་ཤུ་ལྷག་ལ་བསྒྲུབས་པ་དང་ཁོའི་སྨན་བཅོས་ལག་རྩལ་དང་ཕངས་མེད་སྙིང་སྟོབས་དེ་རྩེ་ཁོག་རྩྭ་ཐང་གི་གཏམ་སྙན་དུ་གྱུར་ཡོད། ཞིང་འབྲོག་མི་དམངས་ཀྱིས་ཁོ་ལ་མཛའ་བརྩེའི་ངང་ནས་སྨན་པ་ཞའོ་མཱ་ཞེས་འབོད་བཞིན་ཡོད། མཱ་ཝུན་དབྱི་ཡིས་བཤད་རྒྱུར། “ནད་པས་ཁྱོད་ལ་བློ་གཏོད་དུས། ཁྱོད་ཀྱང་བློ་གཏད་བྱས་ཆོག་པའི་སྨན་པ་ཞིག་བྱ་དགོས”ཟེར།

ལོ་ཙཱ་བ། ལྷ་དཔལ་སྐྱབས།