དབུས་ཚྭ་མཚོ་དཀར་མོའི་བཟོ་ལས་དང་ཡུལ་སྐོར་ཟུང་འབྲེལ་སྒོས་དཔལ་འབྱོར་གྱི་དགེ་མཚན་བསྐྲུན་པ།

གནམ་ངོ་ཤིན་ཏུ་དྭངས་ལ་མཁའ་དབུགས་གཙང་ཞིང་བསིལ་བའི་གནམ་ས་དབྱེར་མེད་ཀྱི་མཚེའུ་ངོས་སུ།   དེང་རབས་ཅན་གྱི་ཚྭ་འདོན་གྲུ་གཟེངས་རེ་རེ་དལ་བར་རྒྱུ་བཞིན་ལས་ལ་བྲེལ། དེ་ནི་ཀྲུང་གོའི་ཚྭ་མཚོ་ཆེ་ཤོས་ཏེ་དབུས་ཚྭ་མཚོ་དཀར་མོ་རེད། ཉེ་སྔོན། རབ་མཛེས་མཚོ་སྔོན·རྨི་ལམ་ནང་གི་ཚྭ་ཁ་སྟེ2018ལོའི་རྒྱལ་ཡོངས་དྲ་རྒྱའི་སྨྱན་བྱེད་གཙོ་བས་མཚོ་སྔོན་ལ་ལྟ་ཞེས་པའི་བཅར་འདྲི་ཚོགས་པ་ཚྭ་ཁའི་གཏེར་མཛོད་ཀྱི་གནས་མཆོག་འདི་ལ་ཕེབས་ནས།  ཡུལ་དངོས་སུ་ཚྭ་མཚེའུ་ཡུལ་སྐོར་ལས་རིགས་གོང་སྤེལ་གྱི་གནས་ཚུལ་དངོས་ལ་རྒྱུས་ལོན་བྱས་པ་རེད།

དབུས་ཚྭ་མཚོ་དཀར་མོའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ5856ཡོད་ཅིང་། གཡུ་ཡི་མེ་ལོང་ལྟ་བུའི་མཚོ་གཏིང་ན་རང་རྒྱལ་གྱི་ཅ་དང་རྨེ། ཚྭ་གསུམ་ཉར་ཡོད་པ་དང་། ནཱ་དང་། རྨེ། ཅ། ལི་སོགས་གཏེར་རྫས་ཉར་ཚད་ཀྲུང་གོའི་རྩེ་གྲ་ཡིན།  ལོ་དུ་མའི་རིང་ལ།  འཁོར་སྐྱོད་དཔལ་འབྱོར་དང་། སྣོད་བཅུད་བཟོ་ལས་གོང་དུ་སྤེལ་བའི་དབང་གིས་ཚྭ་མཚེའུ་ཡི་རྫས་འགྱུར་བཟོ་ལས་དེ་བེད་སྤྱོད་གང་ལེགས་དང་།སྐྱོན་བྲལ་ཐོན་སྐྱེད་ཐུབ་པ་བྱུང་བ་མ་ཟད། ཚྭ་ཁའི་ཚྭ་ཡི་རྫས་འགྱུར་བཟོ་ལས་ཐོན་ལས་དེ་ཚྭ་འདམ་གྱི་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་གྱི་ཁྱད་ཆོས་ལྡན་ལ་མི་མངོན་ནུས་ཤུགས་མངའ་བའི་ཐོན་ལས་སུ་གྱུར་ཡོད་པ་རེད།

དབུས་ཚྭ་མཚོར་ཉར་བའི་ཐོན་ཁུངས་བསགས་ཚད་ཕོན་ཆེ་བ་མ་ཟད། ཡུལ་སྐོར་ཐོན་ལས་ཀྱང་ཧ་ཅང་ཕུན་སུམ་ཚོགས། ཚྭ་མཚོ་རུ་སླེབས་པ་ན། རྣམ་པར་བཀྲ་བའི་ཚྭ་ཞིང་དང་། ངོ་མཚར་བའི་ཚྭ་ཡི་མེ་ཏོག  མཁའ་མཐར་བསྲིངས་པའི་ཚྭ་ཟམ་སོགས་ཁྱད་ཆོས་ཀྱིས་ཡོངས་སུ་ཕྱུག་པའི་ཡུལ་སྐོར་ཐོན་ཁུངས་སྣ་ཚོགས་ཀྱིས་དེར་ཕེབས་ཀུན་ལ་ལ་བག་ཆགས་ཟབ་མོ་བཞག་འོང་ལ།  སྔོ་བསིང་གི་ནམ་མཁའ་དང་། གཡུ་ཞུན་འཁྱིལ་བ་ལྟ་བུའི་མཚོ་མོ།  དཀའ་བོང་བོང་གི་ཚྭ་རག་བཅས། རང་བྱུང་གི་མཛེས་ལྗོངས་ལྟ་ན་སྡུག་པ་མཐོང་འཕྲལ་ཡང་ངོ་མཚར་བའི་ཞོར་ལ་བཅོས་མིན་གྱི་གུས་སེམས་ཤིག་ངང་གིས་སྐྱེ་སྲིད། ཡུལ་སྐོར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་དེ་ལ་ལྟ་སྐྱོང་བཟང་པོ་བྱས་ཡོད་ན་ཡང་།  དུས་ཡུན་རིང་པོར་ཡུལ་སྐོར་པ་རང་འགུལ་ནས་དབུས་ཚྭ་མཚོའི་མཛེས་ལྗོངས་ལ་ལྟ་སྐོར་བྱེད་པ་ཡིན། དེའི་ཡང་སྙིང་རྨང་གཞི་སྒྲིག་ཆས་ཞན་པོ་དང་། ལྗོངས་ཁུལ་དུ་ཡོང་མི་ཆོག་པ།  ཡུལ་སྐོར་ཐོན་ཁུངས་གསར་སྤེལ་ལེགས་པོ་བྱས་མེད་པ་བཅས་ལ་རག་ལས་ཡོད་པས།  རྨང་གཞི་སྒྲིག་ཆས་འཐུས་ཚང་དང་། ཚྭ་མཚོའི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་རྫས་གསར་གཏོད། ས་ཁོངས་ཀྱི་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་བཅས་བྱ་དགོས་པའི་ལས་དེ་དབུས་ཚྭ་མཚོར་མཚོན་ན་ཁ་ཚ་དགོས་གཏུག་ཏུ་གྱུར།

དབུས་ཚྭ་མཚེའུ་ཡུལ་སྐོར་ལས་རིགས་རྒྱ་ཆེན་པོ་དར་སྤེལ་བྱ་ཆེད། མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སི་དང་མཚོ་སྔོན་རྒྱལ་ཁབ་མ་དངུལ་གཏོང་འཇོག་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སི་གཉིས་ཀྱིས་མཉམ་ལས་ཐོག   2017ལོའི་ཟླ7པར་ན་གོར་མོ་རྨི་ལམ་གྱི་ཚྭ་མཚོམཚེའུ་ཡུལ་སྐོར་རིག་གནས་གོང་སྤེལ་ཚད་ཡོད་ཀུང་སི་བཙུགས་ནས་སྒོ་བྱང་དངོས་སུ་བཀལ་བ་དང་མཉམ་དུ། 2018ལོའི་ཟླ་དང་པོར་ན་གོར་མོ་གྲོང་ཁྱེར་སྲིད་གཞུང་གིས《ཚྭ་ཁའི་རྨི་ལམ་གྱི་ཚྭ་མཚོ་ཡུལ་སྐོར་ཁུལ་འཛུགས་སྐྲུན་རང་བཞིན་གྱི་འཆར་འགོད་ཞིབ་ཕྲ》ལ་ཆོག་མཆན་བཀོད། ལས་དེ་དག་གིས་དབུས་ཀྱི་ཚྭ་མཚོ་ཡུལ་སྐོར་ལས་རིགས་གོང་སྤེལ་དེ་ཀུང་སི་ཅན་དུ་གཉེར་སྐྱོང་གི་དུས་རབས་སུ་སླེབས་པའི་རྟགས་མཚན་དུ་བགྲང་ཆོག་ལ།  ཞབས་ཞུ་དང་དོ་དམ་གྱི་ནུས་པ་ཡང་མཐོར་འདེགས་གསར་པ་བྱུང་། 2018ལོའི་ཟླ5བའི་ཚེས9ཉིན་ལ། དབུས་ཚྭ་མཚོའི་ཡུལ་སྐོར་གསར་སྤེལ་རྣམ་གྲངས་ཀྱི་དུས་སྐབས་དང་པོའི་ལས་གཞི་དེ་འཛུགས་སྐྲུན་གྱི་འགོ་ཚུགས་ཤིང་། དེས་དབུས་ཚྭ་མཚོའི་སྣོད་བཅུད་ཡུལ་སྐོར་དང་། བཟོ་ལས་ཡུལ་སྐོར།  སྤྲོ་གསེང་ཁམས་གཡེང་གཞི་གཅིག་ཏུ་གྲུབ་པའི་རྒྱལ་ཁབ་ཕྱི་ནང་ན་མེད་པའི་མཐོ་སྒང་གི་ཚྭ་མཚོའི་ཡུལ་ལྗོངས་ཁྱད་དུ་འཕགས་པ་རུ་གྱུར།

རྣམ་གྲངས་ཀྱི་འཆར་འགོད་དེ་དུས་རིམ་གསུམ་ཕྱེས་ནས་ལག་བསྟར་བྱས་ཡོད་ཅིང་། འཆར་འགོད་ཀྱི་དུས་ཡུན་ནི2018ནས2030བར་ཡིན་ལ། དེར་ཁྱོན་བསྡོམས་མ་དངུལ་ཧ་ལམ་དུང་ཕྱུར14གཏང་རྒྱུ་བྱས་ཡོད། དེ་ལས་དུས་སྐབས་དང་པོ་ནི2018ནས2020བར་ཡིན་པ་དང་། དེར་ཁྱོན་བསྡོམས་མ་དངུལ་ཧ་ལམ་དུང་ཕྱུར6གཏང་རྒྱུ་དང་། གཙོ་བོ་ཚྭ་མཚོའི་ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དང་། དབུས་ཚྭ་མཚོའི་དངོས་མང་བཤམས་སྟོན་རྟེན་གཞི།  ཚྭའི་མེ་ཏོག་གི་ཞིང་ཁམས་སོགས་རྨང་གཞི་སྒྲིག་ཆས་བསྒྲིག་རྒྱུ།  དུས་སྐབས་གཉིས་པ་ནི2021ནས2025བར་ཏེ། ཁྱོན་བསྡོམས་མ་དངུལ་ཧ་ལམ་དུང་ཕྱུར4གཏང་རྒྱུ་དང་། གཙོ་བོ་ཚྭའི་རིག་གནས་མྱོང་ཚོར་རང་བཞིན་དང་། ཕན་ཚུན་གླེང་མོལ་རང་བཞིན་གྱི་ལས་གཞི་དང་།  ཚྭ་མཚོའི་འགྲན་བསྡུར་བྱེད་སྒོ་སོགས་ལས་གཞི་བསྒྲུབ་རྒྱུ།  དུས་སྐབས་གསུམ་པ་ནི2026ནས2030བར་ཏེ། ཁྱོམ་བསྡོམས་མ་དངུལ་ཧ་ལམ་དུང་ཕྱུར4གཏང་རྒྱུ་དང་། གཙོ་བོ་བཟོ་ལས་ཡུལ་སྐོར་ལས་གཞི་དང་། རི་ཀློང་ཐང་སྟོང་གི་འགུལ་སྐྱོད་གྲགས་ཅན་བཟོ་བ་ལ་སོགས་ནང་དོན་བྱས་པའི་ལས་བསྒྲུབ་རྒྱུ་བཅས་རེད།

དེང་གི་ཆར་དབུས་ཚྭ་མཚོ་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་ལས་གཞིའི་དུས་སྐབས་དང་པོའི་ལས་གཞི་དངོས་སུ་གཉེར་སྒང་ཡིན་ཞིང་། གཙོ་བོ་རང་བྱུང་སྣོད་བཅུད་ཀྱི་ཡུལ་ལྗོངས་ལྟ་སྐོར་བཏོད་རྒྱུ་དེ་ཡིན་ལ། དེར་ཁྱོན་བསྡོམས་མ་དངུལ་ཧ་ལམ་དུང་ཕྱུར6བཏང་ཡོད་པ་རེད། ལས་གཞི་དེ་གྲུབ་རྗེས་སུ་ཡུལ་སྐོར་སྐུ་མགྲོན་ལྟེ་གནས་དང་། ཚྭ་མཚོའི་དངོས་མང་བཤམས་སྟོན་རྟེན་གཞི།  ཚྭ་མཚེའུ་དངོས་མང་བཤམས་སྟོན་ཁང་། ལྟེ་གནས་གྲུ་ཁ།  ལེ་དབར་བརྒྱ་ཡི་ཆུའི་ཡུལ་སྐོར་ལམ་ཐིག ཚྭ་མེད་ཆུའི་འདམ་ར། ཚྭའི་མེ་ཏོག་གི་ཞིང་ཁམས། ཚྭ་མཚོའི་ལྷོ་ཁའི་གྲུ་ཁ་སོགས་ཡུལ་སྐོར་བྱེད་སའི་ས་ཚིགས་བསྐྲུན་རྒྱུ་དང་། དེའི་ཞོར་ཏུ་མཛེས་ལྗོངས་ལྟ་ས་དང་། ཁོར་ཡུག་སྲུང་སྐྱོང་། ཡུལ་སྐོར་ཕྱོགས་སྟོན།   དྲ་རྒྱ།  རོགས་སྐྱོབ། རིག་ནུས་ཁྱབ་སྤྱོད་སོགས་མ་ལག་ཆ་ཚང་བཀོད་སྒྲིག་བྱས་ཏེ། ཡུལ་སྐོར་གྱི་སྣོད་བཅུད་ལྟ་སྐོར་ཉམས་སུ་མྱོང་བར་འགན་སྲུང་བྱས་ཡོད་ལ། 2018ལོའི་ཟླ8པར་ཐོག་མར་སྒོ་ཕྱེས་པའི་ཆ་རྐྱེན་ཚང་དུ་བཅུག་ཡོད་པ་རེད། ན་གོར་མོའི་རྨི་ལམ་གྱི་ཚྭ་མཚོའི་ཡུལ་སྐོར་རིག་གནས་གོང་སྤེལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་དང་སྤྱི་གཉེར་པའི་འགན་གཅིག་ལྕོགས་སུ་བཞེས་པའི་ལི་ཏེ་ཧྲུན་གྱིས་འདི་སྐད། ལས་གཞིས་ཚྭ་མཚེའུ་ཡི་རང་བྱུང་སྣོད་བཅུད་དང་བཟོ་ལས་དཔལ་ཡོན་ལ་གཞི་བཅོལ་ཏེ།  ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་དང་བསྡུ་སྒྲིག  བེད་སྤྱོད་བྱས་ཏེ། “ཚྭ་མཚོ་ཆེན་པོ་བཟོ་བ་དང་། ཡུལ་སྐོར་ཆེན་མོ་གོང་སྤེལ། ཐོན་ལས་ཆེན་པོ་ཆགས་གྲུབ”དམིགས་འབེན་དུ་བཟུང་ཐོག    ཚྭ་མཚོའི་རིག་གནས་དང་དེའི་བཟོ་ལས་དཔལ་ཡོན་གཟེངས་སུ་བཏོད་པ་དང་།  སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་རྨང་གཞིའི་སྟེང་། ཚྭ་འདམ་གྱི་འཁོར་རྒྱུག་དཔལ་འབྱོར་དཔེ་སྟོན་ཁུལ་ཕྱི་རོལ་ལ་ངོམ་བྱེད་ཀྱི་སྒེའུ་ཁུང་དང་།སྣོད་བཅུད་དཔལ་ཡོན་འཛུགས་སྐྲུན་ཁུལ་གྱི་དཔེ་སྟོན་སྡིངས་ཆ། དེ་མིན་མཚོ་བོད་ཡུལ་སྐོར་གསར་སྤེལ་གྱི་ལྟེ་གནས་ཡན་ལག་ས་ཚིགས་བཅས་བཏོད་རྒྱུ་སྐོར་བརྗོད་བྱུང་།

སྣོད་བཅུད་ལ་གཞི་བཅོལ་ཞིང་།  རིག་གནས་ལ་རྐང་བཙུགས་ཏེ། ཚྭ་མཚོའི་ཁྱད་ལྡན་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་གང་ལེགས་བྱས་ནས་“ཚྭ་མཚོ་དང་གནས་མཆོག”ཟུང་འབྲེལ་གྱིས་རྨི་ལམ་གྱི་ཚྭ་མཚོ་གདོད་མའི་སྣོད་བཅུད་ཡུལ་སྐོར་ཁུལ་བཙུགས། འདི་ལྟ་བུའི་བྱེད་ཐབས་རབ་དང་རིམ་པ་ཡིས་དབུས་ཚྭ་མཚོ་ཡི་ཡུལ་སྐོར་ཐོན་ལས་གོང་སྤེལ་གྱི་ཆོད་སེམས་དང་གདེང་སེམས་རང་ཤུགས་ཀྱིས་མངོན་ཡོད།  མི་འགྱང་བའི་དུས་ལ།  ཡུལ་སྐོར་ཐོན་ལས་དེ་དབུས་ཚྭ་མཚོའི་དཔལ་འབྱོར་གོང་སྤེལ་གྱི་དགེ་མཚན་གསར་པ་ཞིག་ཏུ་འགྱུར་ཞིང་།  ཁེ་ལས་ལ་ཡང་བསམ་བློའི་རྒྱགས་ཕྱེ་དང་སྣོད་བཅུད་ཀྱི་རྒྱུ་ནོར་གྱ་ནོམ་པ་ཞིག་འཁྱེར་ཡོང་བར་ཡིད་ཆེས་ཡོད།

ལོ་ཙཱ་བ། ཁོན་ཐར་འཚོ།