རང་ཞིང་གི་སློབ་གྲྭ་ལྔ་དེང་རབས་སློབ་བུ་སྐྱོང་བའི་ལམ་ལུགས་ཚོད་ལྟ་བྱེད་པའི་ལས་ཁུངས་སྐོར་གསུམ་པར་བདམས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཉེ་སྔོན། སློབ་གསོ་པུའུ་གཞུང་སྒྲུབ་ཐིང་གིས་དེང་རབས་སློབ་བུ་སྐྱོང་བའི་ལམ་ལུགས་ཚོད་ལྟ་བྱེད་སའི་ལས་ཁུངས་སྐོར་གསུམ་པའི་མིང་ཐོ་དེ།  “རང་མོས་སྙན་ཞུ་དང་། ཞིང་ཆེན་རིམ་པའི་འོས་སྦྱོར།  པུའུ་རིམ་པའི་དཔྱད་ཞིབ”གྱི་གོ་རིམ་བརྒྱུད་མཐར་དེང་རབས་སློབ་བུ་སྐྱོང་བའི་ལམ་ལུགས་ཚོད་ལྟ་བྱེད་ས194གཏན་འཁེལ་བྱས། རང་ཞིང་གི་སློབ་གྲྭ་ལྔ་སྟེ། མཚོ་སྔོན་བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་དང་། མཚོ་སྔོན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་། མཚོ་སྔོནའཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་བཅས་གསུམ་མཐོ་རིམ་ལས་རིགས་ཚོད་ལྟའི་སློབ་གྲྭ་དང་། མཚོ་སྔོན་ཞིང་ཆེན་ཆུ་གློག་ལས་རིགས་ལག་རྩལ་སློབ་གྲྭ་དང་མཚོ་སྔོན་ཞིང་ཆེན་བཟོ་ལས་ལྕི་བའི་ལས་རིགས་ལག་རྩལ་སློབ་གླིང་གཉིས་འབྲིང་རིམ་ལས་རིགས་ཚོད་ལྟ་བྱེད་པའི་སློབ་གྲྭ་བཅས་སུ་ཚུད་ཡོད་པ་རེད།

 ལས་ཕྱི་མར་རང་ཞིང་གི་ཚོད་ལྟའི་ལས་ཁུངས་ཁག་གིས་སློབ་གསོ་པུའུ་ཡིས་བཏོན་པའི་བླང་བྱ་ལྟར། ངོས་ཟིན་ཇེ་ཆེར་བཏང་ནས་དེང་རབས་སློབ་བུ་སྐྱོང་བའི་ལམ་ལུགས་ཀྱི་ལྟེ་བའི་གྲུབ་རྐྱེན་དང་། ནང་དོན་གཙོ་བོ། འཕེལ་ཕྱོགས་བཅས་སྟངས་འཛིན་བརྟན་པོ་བྱ་རྒྱུ་དང་། འོས་འགན་ཡི་གེ་དང་འཛུགས་སྐྲུན་ཇུས་གཞི་གཤིབ་བསྡུར་བྱས་ཏེ།   ཚད་གཞི་མཐོན་པོ་དང་རེ་བ་ནན་མོ་བཟུང་ནས་ཚོད་ལྟའི་ལས་ཀའི་འོས་འགན་ཁག་ཏན་ཏིག་བསྒྲུབ་རྒྱུ།   ལས་ཀའི་ལྟེ་བར་དམིགས་ཏེ་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཚོད་ལྟ་བྱ་ཡུལ་སོ་སོའི་གནད་ལ་ཕྱོགས་སུ་བཅུག་ཏེ། དངོས་གནས་དྲང་གནས་ཀྱི་གྲུབ་འབྲས་ལེན་རྒྱུ་དང་།   བླང་བྱ་ལྟར་ལོ་འཁོར་གྱི་ཞིབ་བཤེར་དང་རྩིས་བཤེར་དང་ལེན་བྱ་རྒྱུ། དེ་དང་ཆབས་ཅིག་ཏུ་ཞིང་ཆེན་སློབ་གསོ་ཐིང་གིས་ཚོད་ལྟ་བྱ་ཡུལ་ལས་ཀར་རྒྱབ་སྐྱོར་དང་སློབ་སྟོན་གང་ལེགས་བྱས་ཏེ།  ལོ་འཁོར་གྱི་ཞིབ་བཤེར་དང་རྩིས་བཤེར་ལ་སོགས་ཀྱི་འབྲེལ་ཡོད་ལས་ཀ་ལག་བསྟར་དོན་འཁྱོལ་བྱ་རྒྱུ།  སྲིད་ཇུས་ཀྱི་སྣེ་འཁྲིད་ནུས་པ་འདོན་ཅི་ཐུབ་བྱས་ནས་སྲིད་གཞུང་གི་ལས་ནུས་སྡེ་ཚན་དང་མཉམ་འབྲེལ་ཐོག་སྐུལ་སྤེལ་དང་།  ནོར་སྲིད་ཀྱི་རོགས་རམ་དང་། སྲིད་གཞུང་གི་ཉོ་སྒྲུབ་སོགས་ཀྱི་ལམ་ནས་ལས་རིགས་དང་ཁེ་ལས། ལས་རིགས་སློབ་གྲྭ་བཅས་ཀྱིས་དེང་རབས་སློབ་བུ་སྐྱོང་ཐབས་ཀྱི་ལམ་ལུགས་ལག་ལེན་ཁྱབ་གདལ་གཏོང་བར་སྣེ་འཁྲིད་རྒྱུ།  

 དེ་སྔ་མཚོ་སྔོན་ཕྱུགས་སྨན་ལས་རིགས་ལག་རྩལ་སློབ་གླིང་དང་མཚོ་སྔོན་ཞིང་ཆེན་བཟོ་ལས་ལས་རིགས་ལག་རྩལ་སློབ་གྲྭ། མཚོ་སྔོན་ཚྭ་འདམ་གཞོང་ལས་རིགས་ལག་རྩལ་སློབ་གླིང་བཅས་རེ་རེ་ནས་དེང་རབས་སློབ་བུ་སྐྱོང་ཐབས་ལམ་ལུགས་ཚོད་ལྟའི་ལས་ཁུངས་སྐོར་དང་པོ་དང་སྐོར་གཉིས་པར་ཚུད་མྱོང་བས།  ད་བར་དུ་རང་ཞིང་གི་སློབ་གྲྭ་བརྒྱད་དེང་རབས་སློབ་བུ་སྐྱོང་ཐབས་ལམ་ལུགས་ཚོད་ལྟའི་ལས་ཁུངས་སུ་གྱུར་ཡོད་པ་རེད།

ལོ་ཙཱ་བ། ཁོན་ཐར་འཚོ།