མདོ་དབུས་ཁམས་གསུམ་གྱི་རིག་ནུས་སྐད་སྒྱུར་མ་ལག་ལེགས་འགྲུབ་བྱུང་སྐོར་བོད་ཡིག་སྨྱན་བྱད་མཐུན་སྦྱོར་ཚོགས་འདུ་སྐབས་བཅོ་བརྒྱད་པའི་ཐོག་ཁྱབ་བསྒྲགས་བྱས་པ།

ཚོགས་འདུ་དངོས།

ཉེ་སྔོན། བོད་རང་ལྗོངས་ཀྱི་སྲིད་འཛིན་ལྟེ་གནས་ལྷ་ས་གྲོང་ཁྱེར་ནས་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་འགན་སྒྲུབ་གནང་བའི་རྒྱལ་ཡོངས་ཀྱི་སྨྱན་བྱད་མཐུན་སྦྱོར་ཚོགས་འདུ་སྐབས་བཅོ་བརྒྱད་པ་འཚོགས་ཤིང་། ཚོགས་ཐོག་ཏུ་ཀྲུང་གོའི་མི་རིགས་ཡིག་སྒྱུར་ཅུས་ཀྱི་ཆེད་མཁས་པ་ཧོ་ཡན་ལུང་གིས་བོད་ཡིག་རིག་ནུས་སྐད་སྒྱུར་མཉེན་ཆས་སོགས་ལག་རྩལ་གསར་པའི་ཐོན་རྫས་ཁག་གསར་སྤེལ་ལེགས་འགྲུབ་བྱུང་བ་ཁྱབ་བསྒྲགས་བྱས། དེས་བོད་རྒྱ་དང་རྒྱ་བོད་ཡིག་སྒྱུར་དང་སྐད་སྒྱུར་གྱི་ལས་ལ་འཇུག་མཁན་དང་། ལས་གཉེར་བྱེད་མཁན། རྒྱ་བོད་མི་རིགས་ཕན་ཚུན་ཐད་ཀར་འབྲེལ་འདྲིས་བྱེད་པ་བཅས་ལ་སྟབས་བདེ་མང་པོ་ཞིག་བསྐྲུན་ཡོད་པར་མ་ཟད། བོད་སྐད་ཡིག་ཆ་འཕྲིན་ཅན་འགྱུར་གྱི་འཕེལ་ཕྱོགས་སྤྱི་ལ་ལག་རྩལ་གྱི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་མཁོ་འདོན་བྱས་ཡོད་པས། རིག་གནས་མཉམ་སྤེལ་དང་མི་རིགས་མཉམ་འདྲེས་ཀྱི་ལས་ལ་དོན་སྙིང་གལ་ཆེན་ལྡན།

དུས་རབས་གསར་པ་དང་། འཕེལ་སྟངས་གསར་པའི་རླབས་རྒྱུན་དྲག་ཏུ་འཕྱུར་བའི་འདུ་འགོད་ཁྲོད་ནས་དྲ་རྒྱ་སྣ་མང་ཅན་དང་རིག་གནས་སྣ་མང་། བྱེད་ཐབས་སྣ་མང་། ལག་རྩལ་སྣ་མང་། རྣམ་པ་སྣ་མང་གི་ཆ་འཕྲིན་དར་སྲོལ་གསར་པ་ཆར་རྗེས་ཀྱི་ཤ་མོ་རྡོལ་བ་བཞིན་བྱུང་དང་འབྱུང་བཞིན་པའི་གནས་སྟངས་འོག ཆ་འཕྲིན་ལག་རྩལ་ལ་བརྟེན་ནས་བོད་སྐད་ཡིག་རྒྱུན་འཛིན་དང་བེད་སྤྱོད་ཁྱབ་གདལ་ཡོང་བའི་དགོས་མཁོ་ཡང་སྔར་བས་ཇེ་ཆེ་ཇེ་དྲག་ཏུ་སོང་ཡོད།

ཆེད་མཁས་པ་ཧོ་ཡན་ལུང་གིས་མ་ལག་མཚམས་སྦྱོར་བྱེད་པའི་ཚུལ།

ཀྲུང་གོའི་མི་རིགས་ཡིག་སྒྱུར་ཅུས་ཀྱིས་ད་བར་དུ་མི་རིགས་སྐད་ཡིག་གི་མཉེན་ཆས་གསར་སྤེལ་དང་ཁྱབ་གདལ་བེད་སྤྱོད་ལ་རྔོ་ཐོགས་པའི་ལས་ཀ་མང་པོ་བསྒྲུབས། ལྷག་པར་ཉེ་བའི་ལོ་འདི་འགའི་རིང་ལ། ཅུས་དེས་རང་སྟེང་གི་དགེ་མཚན་འདོན་ཅི་ཐུབ་ཀྱིས་ལོ་ཙཱའི་ཐོན་ཁུངས་ལེགས་སྒྲིག་བྱས་ཏེ། སྔ་གཞུག་ཏུ་བོད་རྒྱ་དང་། རྒྱ་བོད་རིག་ནུས་ཡིག་སྒྱུར་མ་ལག་དང་། བོད་རྒྱ་སྐད་གཉིས་ཀྱི་སྐད་སྒྱུར་གླེང་མོལ་མ་ལག (ཨན་དྲོར་དང་། ཀུ་ཤུ windowsབཅས་པར་མ་གསུམ་ཡོད)། རྒྱ་བོད་སྐད་སྒྱུར་སྒྱུར་འབྲི་མ་ལག (ཨན་དྲོར་དང་། ཀུ་ཤུ windowsབཅས་པར་མ་གསུམ་ཡོད་)། སོའུ་ཀུའོ་ལྟ་བཤེར་ཆས་བོད་རྒྱ་ཡིག་སྒྱུར་མཉེན་ཆས། བོད་རྒྱ་རིག་ནུས་སྐད་སྒྱུར་མཉེན་ཆས། (ཨན་དྲོར་དང་། ཀུ་ཤུ་གཉིས་ཀྱི་པར་མ་ཡོད)། བོད་ཡིག་གི་དྲ་རྒྱའི་དྲ་ཐོག་ཞུ་དག་མཉེན་ཆས། བོད་རྒྱའི་པར་ཆས་ཡིག་སྒྱུར། བོད་རྒྱ་དུས་ཐོག་ཡིག་སྒྱུར། རིག་ནུས་ཀྱི་ཁྲིམས་རའི་འདྲི་གཅོད་སྐད་སྒྱུར་མ་ལག རིག་ནུས་ཀྱི་གྲོས་ཚོགས་སྒྱུར་འབྲི་མ་ལག windowsཡི་བོད་སྐད་ཡིག་གཏག་ཐབས(wind owsཔར་མ)བཅས་སྣ་བཅུ་གསུམ་ལྷག་གསར་དུ་གཏོད་ཡོད་པ་མ་ཟད། མཉེན་ཆས་དེ་དག་གིས་མདོ་དབུས་ཁམས་གསུམ་གྱི་ལམ་ནས་སྐད་སྒྱུར་བྱ་ཐུབ་པས། བོད་ཡིག་སྐད་སྒྱུར་དེ་ལག་རྩལ་གྱི་འགག་འཕྲེང་ནས་ཐོད་བརྒལ་སྔ་ན་མེད་པ་ཞིག་བྱུང་འདུག

ཚོགས་རའི་ཟུར།

ཆེད་མཁས་པ་ཧོ་ཡན་ལུང་གིས་འདི་སྐད། སྐད་སྒྱུར་དང་ཡིག་སྒྱུར་གྱི་གསར་བྱུང་མ་ལག་འདི་དག་ནི་ང་ཚོས་ལོ་དུ་མར་མི་རིགས་སྐད་ཡིག་གི་མཉེན་ཆས་གསར་སྤེལ་གྱི་ཉམས་མྱོང་དང་ཡི་གེའི་གྲུབ་སྟངས་ཀྱི་ཁྱད་ཆོས་གཞིར་བཟུང་ནས་ལག་རྩལ་གསར་པ་འཚོལ་ཞིབ་ཐོག་གསར་དུ་བཏོད་པ་ཡིན། ད་ལྟ་ཅུང་འཐུས་ཚང་པ་ཞིག་སྒྱུར་ཐུབ་པ་ནི་ཤིན་ཅང་གི་སྐད་ཀྱི་སྐད་སྒྱུར་དང་ཡིག་སྒྱུར་དེ་ཡིན་ལ། ཡང་དག་ཚད་ཧ་ལམ་བརྒྱ་ཆའི99ལ་སླེབས་ཡོད། ཡིན་ནས་བོད་སྐད་ཡིག་གྲུབ་སྟངས་ཀྱི་ཁྱད་ཆོས་དང་། མདོ་དབུས་ཁམས་གསུམ་གྱི་སྒྲ་གདངས་བར་ཁྱད་སོགས་རྐྱེན་གང་མང་ཞིག་གིས་སྤྱིར་བཏང་གི་སྐད་སྒྱུར་གྱི་ཡང་དག་ཚད་བརྒྱ་ཆའི70ཡན་ལས་སླེབས་མི་ཐུབ་མོད། གནས་སྐབས་ཀྱི་ལག་རྩལ་འདིས་ཚད་ངེས་ཅན་ནས་བོད་ཡིག་ཆ་འཕྲིན་ཅན་འགྱུར་གྱི་དགོས་མཁོ་བསྐངས་ཅི་ཐུབ་བྱས་ཡོད།  སླད་ཕྱིན་ལག་རྩལ་འདི་ཇེ་རྒྱས་ཇེ་ལེགས་སུ་ཡོང་བ་ལ་ང་ཚོས་མུ་མཐུད་ནས་འཚོལ་ཞིབ་བྱ་ངེས་ཟེར།

ཚོགས་འདུའི་ཐོག ཁོས་མཉེན་ཆས་སོ་སོའི་བྱེད་ནུས་ངོ་སྤྲོད་བྱས་བྱུང་། དེ་ཡང་བོད་རྒྱ་དང་རྒྱ་བོད་རིག་ནུས་ཡིག་སྒྱུར་མ་ལག་ནི་དྲ་ཐོག་ནས་ཕབ་ལེན་བྱེད་མི་དགོས་པར་ཐད་ཀར་བཀོལ་ཆོག་ཅིང་། ད་སྔ་ཆབ་སྲིད་དང་ཁྲིམས་ལུགས། གསར་འགྱུར་སོགས་མངའ་ཁོངས་ཀྱི་ཡིག་ཆ་དང་ཡིག་ཚགས་ལོ་ཙཱའི་ཐད་བེད་སྤྱད་གང་ལེགས་བྱས་ཆོག་ལ། འབྱུང་འགྱུར་ལས་རིགས་ཁག་སོ་སོས་བེད་སྤྱོད་ཐུབ་ཆེད་ལ་མུ་མཐུད་ནས་གསར་བྱུང་ཐ་སྙད་ཁ་སྣོན་དང་ཡོད་པ་འཐུས་ཚང་དུ་གཏང་རྒྱུ་ཡིན། ད་སྔ་མ་ལག་དེར་བོད་རྒྱ་སྐད་གཉིས་ཀྱི་རྒྱུན་སྤྱོད་གླེང་མོལ་ཐད་ཀྱི་སྐད་ཆའམ་ཚིག་སྦྱོར་ཁྲི200ལྷག་ཉར་ཡོད་ཟེར།

བོད་རྒྱ་གླེང་མོལ་མཉེན་ཆས་ནི། QQདང་སྐད་འཕྲིན་ལྟ་བུ་བོད་རྒྱ་སྐད་གཉིས་ཕན་ཚུན་ལོ་ཙཱ་ཐུབ་པའི་མཉེན་ཆས་ཤིག་ཡིན་ལ། ད་སྔ་རྒྱ་སྐད་དང་། ཡུ་གུར་སྐད། སོག་སྐད། བོད་སྐད། ཧ་སག་སྐད། ཁྲའོ་ཞིན་སྐད། དབྱི་རིགས་ཀྱི་སྐད། ཀྲུང་རིགས་ཀྱི་སྐད་བཅས་ལ་རྒྱབ་སྐྱོར་བྱེད་ཐུབ་པ་ཞིག་ཡིན། དེས་མི་རིགས་འདི་དག་དང་རྒྱ་རིགས་བར་སྒེར་ངོས་ནས་གླེང་མོལ་དང་། ཡང་ན་ཚོགས་པའི་ནང་གླེང་མོལ་བྱེད་དུས་སུ། མི་རིགས་སོ་སོའི་བར་གྱི་སྐད་ཡིག་ཕན་ཚུན་རང་འགུལ་གྱིས་ལོ་ཙཱ་ཐུབ་པ་དང་། མི་རིགས་མི་འདྲ་བ་གཉིས་ཀྱིས་ཕན་ཚུན་བར་ཁ་པར་གཏོང་བ་ཞིག་ལ་དཔེ་བཞག་ན། ཀ་ཕྱོགས་ཀྱིས་རྒྱ་སྐད་ལབ་དུས། ཁ་ཕྱོགས་ཀྱིས་བོད་སྐད་ཐོས་ཐུབ་པ་ལྟ་བུ་ཡིན་ཟེར།

ཚོགས་རའི་ཟུར།

གཞན་ཡང་། བོད་རྒྱ་སྐད་གཉིས་ཀྱི་སྐད་ཆ་དང་ཡིག་ཆ་ཕན་ཚུན་བརྗེ་བསྒྱུར་དང་བསྒྱུར་འབྲི་ཐུབ་པའི་སྐད་གཉིས་སྒྱུར་འབྲི་མཉེན་ཆས་དང་། སོའུ་ཀོའུ་ལྟ་བཤེར་ཆས་ནས་ཐད་ཀར་དྲ་ངོས་སྒྱུར་བཤུ་ཐུབ་པའི་སོའུ་ཀོའུ་ལྟ་བཤེར་ཆས་བོད་རྒྱ་ཤན་སྦྱར་མཉེན་ཆས། རྒྱ་ཡིག་དང་བོད་ཡིག དབྱིན་ཡིག་བཅས་ཀྱི་གཏག་ཐབས་སྣ་ཚོགས། གྲངས་ཀ་དང་མཚོན་རྟགས། ཞལ་ཉམས་སོགས་གཅིག་ཏུ་དྲིལ་བའི་བོད་ཡིག་སྐད་ལམ་གཏག་ཐབས་མཉེན་ཆས། བོད་ཡིག་གི་ཐེབས་གཞོང་གཏག་ཐབས་དང་། རྒྱའི་སྐད་གྱི་གཏག་ཐབས། བོད་སྐད་ཀྱི་གཏག་ཐབས་གཅིག་ཏུ་དྲིལ་བའི་windowsཔར་མའི་བོད་སྐད་ཀྱི་གཏག་ཐབས་ཏེ། འདིར་སྐད་དེ་ཡི་གེར་བསྒྱུར་ཐུབ་པའི་བྱེད་ནུས་ལྡན། བོད་ཡིག་གི་དྲ་ཐོག་ཞུ་དག་མཉེན་ཆས། བོད་ཡིག་གློག་རྡུལ་ཚིག་མཛོད། བོད་ཡིག་དཔར་མའི་བོད་ཡིག་དབྱེ་འབྱེད(OCR)མཉེན་ཆས། བོད་རྒྱ་སྐད་གཉིས་དུས་ཐོག་སྐད་ཡིག་སྒྱུར། རིག་ནུས་ཁྲིམས་རའི་སྐད་སྒྱུར་མ་ལག རིག་ནུས་གྲོས་ཚོགས་སྐད་སྒྱུར་སྒྱུར་འབྲི་མ་ལག་བཅས་གསར་ཏུ་བཏོན་ནས་ཆ་འཕྲིན་བེད་སྤྱོད་དང་། མི་རིགས་བར་འབྲེལ་འདྲིས། ལས་རིགས་ཁག་གི་དགོས་མཁོ་བཅས་བསྐངས་ཅི་ཐུབ་བྱས་ཡོད་པ་རེད།གོང་གསལ་གྱི་མཉེན་ཆས་ཚང་མ། དྲ་གནས http://www.mzywfy.org.cn/download.jsp#nogo ནས་ཕབ་ལེན་བྱས་ཆོག 


         

 ཚོགས་ཐོག་ཏུ་པེ་ཅིང་དང་། མཚོ་སྔོན། ཀན་སུའུ།  སི་ཁྲོན། ཡུན་ནན། བོད་ལྗོངས་བཅས་ཀྱི་བོད་ཡིག་ཚགས་པར་དང་། བརྙན་རླུང་འཕྲིན། དུས་དེབ། དྲ་ཚིགས་བཅས་སྨྱན་བྱད་ཚན་པ41ལྷག་གི་འབྲེལ་ཡོད་འགན་འཁུར་བ་དང་ལས་བཟོ་པ72ཞུགས་ཡོད་པ་རེད།

         ཚོགས་འདུ་ཡོངས་ཉིན་ལྔ་ལ་འཚོགས་ཤིང་། དེའི་རིང་ལ་ཚོགས་ཞུགས་བརྩམས་ཆོས་དཔྱད་འདེམས་དང་། ཡུལ་དངོས་རྟོག་ཞིབ་དང་བཅར་འདྲི། བོད་ཡིག་ཐ་སྙད་བཀས་བཅད། སྨྱན་བྱད་མཉམ་འདྲེས་མཉམ་སྤེལ་གྱི་བགྲོ་གླེང་སོགས་བྱེད་སྒོ་དུ་མ་སྤེལ་ནས་རྒྱལ་ཡོངས་ཀྱི་སྨྱན་བྱད་མཐུན་སྦྱོར་ཚོགས་འདུ་སྐབས་བཅུ་དགུ་བ་འཚོགས་པར་རྨང་གཞི་ལེགས་པོ་བཏིངས།  

གསར་འགོད་པ། ཁོན་ཐར་འཚོ།