མཚོ་སྔོན་ཞིང་ཆེན་དང་ཚོང་དོན་པུའུ་གཉིས་ཀྱིས་པེ་ཅིང་ནས་པུའུ་དང་ཞིང་ཆེན་བར་གྱི་མཉམ་ལས་གྲོས་ཆིངས་ལ་མིང་རྟགས་བཀོད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ5པའི་ཚེས17ཉིན་གྱི་ཕྱི་དྲོར།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་། ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་ཝང་ཅན་ཅུན་དང་ཚོང་དོན་པུའུ་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ཀྲུང་ཧྲན་བཅས་ཀྱིས་པེ་ཅིང་ནས་ལས་དོན་གྲོས་ཚོགས་བསྡུས་ཏེ།   མཉམ་དུ《ཚོང་དོན་པུའུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་མཉམ་ལས་ནང་རྐྱེན་ལམ་ལུགས་སྐོར་གྱི་སྒྲོམ་གཞིའི་གྲོས་ཆིངས》ལ་མིང་རྟགས་བཀོད་པ་དང་།  ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་གཞོན་པ་ཐིན་ཅིན་ཁྲེང་གྲོས་ཚོགས་ལ་ཞུགས།

ཝང་ཅན་ཅུན་གྱིས་ཚོགས་ཐོག་ཏུ། མཚོ་སྔོན་གྱི་གནས་ཚུལ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་བྱས་པ་མ་ཟད། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཚབ་བྱས་ཏེ་ཚོང་དོན་པུའུ་ཡིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་འཕེལ་རྒྱས་ལ་དོ་སྣང་དང་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུས།  ཁོང་གིས། ཉེ་བའི་ལོ་འགའི་ནང་ཚོང་དོན་པུའུ་ཡིས་རང་ཞིང་གིས་ས་ཁོངས་བརྒལ་བའི་ཞིང་ལས་ཐོན་རྫས་འཁོར་རྒྱུག་གི་རྨང་གཞི་སྒྲིག་ཆས་སྒྲིག་བཀོད་དང་། གློག་རྡུལ་ཚོང་དོན་ཞིང་གྲོང་དུ་བསྐྱོད་པ།  འཁྱགས་གཏོང་དངོས་ཟོག་འཁོར་རྒྱུག  ཁྱིམ་ཚང་འཛིན་སྐྱོང་གི་ཞབས་ཞུ།  ཕྱི་ཕྱོགས་ཉོ་ཚོང་གོང་སྤེལ་ལ་སོགས་སྐུལ་འདེད་གཏོང་བར་སྲིད་ཇུས་དང་ལས་གཞི། མ་དངུལ་གྱི་ཆ་ནས་རྒྱབ་སྐྱོར་བྱས་པས།  མཚོ་སྔོན་གྱི་ཚོང་དོན་འཁོར་རྒྱུག་གོང་སྤེལ་གྱི་ཁོར་ཡུག་ཇེ་ལེགས་སུ་སོང་བ་མངོན་གསལ་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་གོང་དུ་འཕེལ་བར་རྨང་གཞི་བརྟན་པོ་བཏིངས་ཡོད་ཟེར།

ཝང་ཅན་ཅུན་གྱིས་འདི་སྐད། དེང་གི་ཆར་ཞིང་ཆེན་ཡོངས་ཀྱི་གོང་འོག་ཀུན་ཏུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐིལ་ཕྱིན་བྱེད་པའི་སྒང་ཡིན་ཞིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་རྒྱུན་པར་སློབ་སྟོན་དུ་བཟུང་སྟེ། “ སྒྱུར་བ་བཞི”ལ་བརྟེན་ནས་“ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་བསམ་བློ་གསར་པའི་རྒྱུན་བསྐྱངས་ནས་དུས་རབས་གསར་པའི་མཚོ་སྔོན་གྱི་དཔལ་འབྱོར་དེ་སྤུས་ཧ་ཅང་ལེགས་པོ་ངང་ནས་འཕེལ་རྒྱས་གཏོང་བར་ནུས་ཤུགས་ཡོད་རྒུས་སྐུལ་སྤེལ་བྱེད་བཞིན་ཡོད། རེ་བ་ཞིག་ནི་ཐེངས་འདིའི་པུའུ་དང་ཞིང་ཆེན་བར་གྱི་མཉམ་ལས་གྲོས་ཆིངས་འདི་གོ་སྐབས་སུ་བཟུང་སྟེ།  ཚོང་དོན་པུའུ་ཡིས་སྔར་བཞིན་དུ་མཚོ་སྔོན་ལ་ཐུགས་ཁུར་ཆེན་པོ་དང་རྒྱབ་སྐྱོར་དེ་ལས་ལྷག་པ་བྱས་ཏེ།  མཚོ་སྔོན་ཞིང་ཆེན་གྱི་དེང་རབས་འཁོར་རྒྱུག་མ་ལག་མགྱོགས་པོར་འཛུགས་སྐྱོང་དང་། ཕྱི་ཕྱོགས་ཉོ་ཚོང་འགྲན་རྩོད་ཀྱི་གནས་སྟངས་གསར་པ་སྐྱེད་སྲིང་། ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱ་བསྐྱེད།  དབུལ་སྒྲོལ་འགག་གཏོར་སོགས་གཙོ་གནད་དུ་བཟུང་སྟེ། དེའི་ཕྱོགས་ལ་རྒྱུན་པར་གཟིགས་སྐྱོང་དང་དོ་སྣང་བྱེད་པ་དང་། མཚོ་སྔོན་གྱིས་ཚོང་དོན་མངའ་ཁོངས་ནས་བཅོས་སྒྱུར་གསར་གཏོད་སྔོན་ལ་ཚོད་ལྟ་བྱེད་པར་རྒྱབ་སྐྱོར།  མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་རྒྱལ་ཡོངས་དང་། མཐའ་ན་འཛམ་གླིང་གི་ཁྲོམ་རར་འཇུག་པར་སྐུལ་འདེད་བྱས་ནས་མཉམ་དུ་མཚོ་སྔོན་གྱི་དོན་དག་ལེགས་པོ་ཞིག་འཁྱོངས་ཐུབ་རྒྱུ་དེ་ཡིན། མཚོ་སྔོན་གྱིས་ཀྱང་འཐབ་ཇུས་མཉམ་ལས་གྲོས་ཆིངས་ལག་ལེན་དོན་འཁྱོལ་ལ་སྐུལ་འདེད་ཧུར་ཐག་བྱས་ཏེ། རང་འགུལ་སྒོས་རང་སྟེང་གི་མི་འདང་བའི་ཆ་ཁ་གསབ་དང་།  ལས་ཀ་གཙོ་བོ་དམ་འཛིན།  ཉམས་ཞན་ལ་སྟོབས་ཤུགས་སྩོལ་བ།   དགེ་མཚན་ཁ་སྣོན་བཅས་བྱས་ཏེ།  ནང་ཕྱོགས་དང་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ལས་དོན་ཁག་ཏན་ཏིག་བསྒྲུབ་ཐོག  འཛད་སྤྱོད་ལ་བརྟེན་ནས་དཔལ་འབྱོར་འཕར་སྣོན་ཡོང་བའི་རྨང་གཞི་རང་བཞིན་གྱི་ཕན་ནུས་ཇེ་ཆེར་བཏང་ནས་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཆུ་ཚད་དང་རིམ་པ་མཐོར་འདེགས་སུ་གཏང་རྒྱུ་ཡིན་ཞེས་བརྗོད།

ཀྲུང་ཧྲན་གྱིས་རང་རེའི་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཚོང་དོན་ལས་དོན་གྱི་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་གནང་བ་མ་ཟད།  ཚོང་དོན་པུའུ་ཡིས་ཐེངས་འདིའི་གྲོས་ཆིངས་དེ་མགོ་རྩོམ་ས་གསར་པ་ཞིག་ཏུ་བརྩིས་ནས་མཚོ་སྔོན་བར་གྱི་མཉམ་ལས་དངོས་སྒྲུབ་ལ་ཤུགས་བསྣན་རྒྱུ་དང་།  དཔལ་འབྱོར་ཚོང་དོན་གྱི་རྒྱལ་ཁབ་སྟོབས་ཆེན་སྔོན་ལ་མངོན་དུ་འགྱུར་བའི་འབད་བྱའི་དམིགས་འབེན་ལས་ཀུན་གྱི་སྙིང་བོར་བཟུང་སྟེ།  ཚོང་དོན་བཅོས་སྒྱུར་གོང་སྤེལ་གྱི་འོས་འགན་གཙོ་བོ་དྲུག་དང་འགུལ་སྐྱོད་ཆེན་པོ་བརྒྱད་ཀྱི་འཆར་གཞི་གཙོ་བོར་བཟུང་ནས་འཁོར་རྒྱུག་མ་ལག་འཛུགས་སྐྱོང་དང་། ཕྱི་ཕྱོགས་ཉོ་ཚོང་། ཕྱི་དངུལ་བེད་སྤྱོད།  ཚོང་དོན་དབུལ་སྐྱོར་སོགས་ཀྱི་མངའ་ཁོངས་ནས་མཚོ་སྔོན་ལ་དོན་དག་གལ་ཆེན་ཁག་བསྒྲུབ་རྒྱུ་དང་།  མཚོ་སྔོན་ཞིང་ཆེན་གྱིས་རྗེས་ཐོན་གྱི་དགེ་མཚན་འདོན་སྤེལ་ལ་རྒྱབ་སྐྱོར་བྱས་ཏེ།  “ས་ཁུལ་གཅིག་དང་ལམ་བུ་གཅིག”འཛུགས་སྐྲུན་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་གོང་སྤེལ་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་ཞུགས་ནས་ནུས་པ་གལ་ཆེན་འདོན་དུ་འཇུག་རྒྱུ་བཅས་མཚོ་སྔོན་ལ་འཕེལ་རྒྱས་གསར་པ་དང་། མཐོར་འདེགས་གསར་པ།  ཐོད་བརྒལ་གསར་བ་འབྱུང་པར་ལེགས་སྐྱེས་དགེ་མཚན་ལྡན་པ་ཞིག་འཇོག་ངེས་ཡིན་ཟེར།

ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིང་དང་། ཞིང་ཆེན་ཚོང་དོན་ཐིང་། ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་ཁོར་སྲུང་ཐིང་།  ཞིང་ཆེན་སྲིད་གཞུང་གི་པེ་ཅིང་བཅའ་སྡོད་ལས་དོན་ཁང་བཅས་ཀྱི་འགན་འཁུར་བས་གྲོས་ཆིངས་བཞག་པར་ར་སྤྲོད་བྱས།

 

ལོ་ཙཱ་བ། ཁོན་ཐར་འཚོ།