2018ལོའི“རྔ་མོང་དཀར་མོ”རྟགས་མའི་རྒྱལ་སྤྱིའི་སྐྱེས་པའི་གཟེབ་གྲུག་བཙན་བདག་འཕྲོག་རྩོད་འགྲན་བསྡུར་སྐབས་གཉིས་པ་དེ་ཡ་རྫི་རྫོང་ནས་བསྡུས་པ།

གསར་འགོད་པས་ཡུལ་དངོས་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2018ལོའི་ཀྲུང་གོའི་མཚོ་སྔོན(ཡ་རྫི)“རྔ་མོང་དཀར་མོ”རྟགས་མའི་རྒྱལ་སྤྱིའི་སྐྱེས་པའི་གཟེབ་གྲུག་བཙན་བདག་འཕྲོག་རྩོད་འགྲན་བསྡུར་སྐབས་གཉིས་པ་དེ་ཟླ5པའི་ཚེས9ཉིན་གྱི་ཕྱི་དྲོའི་ཆུ་ཚོད2པའི་སྟེང་རྫོང་ལུས་རྩལ་ཁང་དུ་གཟབ་རྒྱས་ངང་བསྡུས།

འགོ་རྩོམ་པའི་མཛད་སྒོའི་སྟེང་འགྲན་བསྡུར་རྩ་འཛུགས་ལྷན་ཚོགས་དང་ཞིང་ཆེན་དང་གྲོང་ཁྱེར།རྫོང་རིམ་པའི་འབྲེལ་ཡོད་འགོ་ཁྲིད། འགྲན་ཞུགས་རུ་ཁག་སོ་སོའི་ལུས་རྩལ་པ་དང་འབྲེལ་ཡོད་མི་སྣ། ས་གནས་མང་ཚོགས་ལྟད་མོ་བ་བཅས་མི་ཁྲི2ལྷག་འདུས་ཡོད་པ་རེད།

རྫོང་སྲིད་གཞུང་གི་རྫོང་དཔོན་ཧན་ཞིན་པིན་གྱིས་བསུ་མའི་ཤིས་ཚིག་ཕུལ་ཞིང་རྫོང་དཔོན་གཞོན་པ་མཱ་ཁྲིན་ཧྥུའུ་ཡིས་མདོ་འཛིན་བྱས། ཞིང་ཆེན་གཟེབ་གྲུག་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡོན་ཧྥིན་གྱིས་གཏམ་བཤད་སྤེལ་ནས་འགྲན་བསྡུར་རྒྱལ་ཁའི་ངང་ནས་མཇུག་བསྡུ་བའི་སྨོན་འདུན་ཞུས། ཞིང་ཆེན་ལུས་རྩལ་ཅུའུ་ཡི་ཅུའུ་ཀྲང་ཀྲང་ཉིན་གྱིས་འགྲན་བསྡུར་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།

 

ཐེངས་འདིའི་འགྲན་བསྡུར་ནི་མཚོ་སྔོན་ས་གནས་ལ་མཚོན་ནས་བཤད་ན་ཆུ་ཚད་ཆེས་མཐོ་ཤོས་དེར་ཆགས་ཡོད་པ་དང་གླིང་ཆེན་རིམ་པའི་ཚད་མཐོའི་གཟེབ་གྲུག་བཙན་བདག་འཕྲོག་རྩོད་འགྲན་བསྡུར་ཞིག་ཡིན།

ཆེས་ཐོག་མའི་འགྲན་བསྡུར་ནི་ཨུ་རུ་སིའི་ཝུ་ལ་ཨེར་མ་ཧྲ་རུ་ཁག་དང་སི་པན་སྐར་ཆེན་རུ་ཁག་གཉིས་ཀྱི་འགྲན་བསྡུར་ཡིན་ཞིང་བྲེད་ཤ་ལངས་ཤིང་ཛ་དྲག་གིས་རྩལ་འགྲན་བྱས་མཐར་སྐར་མ76དང71གི་མཇུག་འབྲས་ཀྱིས་ཨུ་རུ་སིའི་ཝུ་ལ་ཨེར་མ་ཧྲ་རུ་ཁག་ལ་རྒྱལ་ཁ་ཐོབ།

གཞན་ཡང་ཐེངས་འདིའི་འགྲན་བསྡུར་གྱི་ཡུལ་དངོས་ན་ལྟད་མོ་དེ་ལྟར་མང་བ་ཕུད་དྲ་ལམ་སོ་སོའི་ཐད་གཏོང་ན་བལྟ་མཁན་གྱི་རྡེབ་ཚད་ཁྲི20བརྒལ་འདུག

གསར་འགོད་པ། སྐལ་བཟང་རིན་ཆེན།