རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་པེ་ཅིན་ནས་ཚོགས་འགོ་བརྩམས།

ཟླ་གསུམ་པའི་ཚེས་གསུམ་ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས།

སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཚོགས་ཆེན་སྟེང་འདས་པའི་ལོ་ལྔའི་རིང་གི་བྱ་བའི་སྙན་ཞུ་ཕུལ།

ཝང་དབྱང་གིས་ཚོགས་ཆེན་ལ་འགོ་འཛིན་མཛད།

རྡོག་རྩ་གཅིག་ཏུ་བསྒྲིལ་ནས་དུས་རབས་གསར་བར་སྐྱོད། ། མ་འོངས་གསར་གཏོད་བྱས་ཏེ་ལོ་རྒྱུས་གསར་བ་བསྐྲུན། ། གཟི་བརྗིད་ཀྱི་ལོ་ཟླའི་ཁྲོད་ནས་མཐུན་སྒྲིལ་དང་དམངས་གཙོ་ཡི་བརྗོད་གཞི་ཆེན་པོ་གཉིས་རྒྱུན་འཁྱོངས་བྱས་པའི་མི་དམངས་སྲིད་གྲོས་ཀྱིས་ཡང་བསྐྱར་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་ཞིག་བསུས་བྱུང་།

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་ཚེས་གསུམ་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས།

མི་དམངས་ཚོགས་ཁང་ཆེན་མོའི་ནང་གློག་འོད་རྣམ་པར་བཀྲ་ཞིང་རྔམ་བརྗིད་ཀྱི་རྣམ་པས་ཁེངས་འདུག

ཕྱི་དྲོའི་དུས་ཚོད་གསུམ་སྟེང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྟོང་གཉིས་དང་བརྒྱ་དང་ཞེ་དགུ་ཚོགས་ཆེན་སྟེང་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞིའི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་དབྱང་དང་ཀྲང་ཆིན་ལིས། ལིག་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། ཝན་ཀང་། ཧི་ཧུ་ཧྭ། ལུའུ་ཀྲན་ཀུང་། ཝང་ཀྲིན་ཝེ། མཱ་པེའོ། ཁྲིན་ཞའོ་ཀོང་། ལེང་ཀྲིན་དབྱིན་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས།

ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ཀྲང་ཀའོ་ལིས། ལིས་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་ཀྲུའུ་ཞིའི་སྟེགས་བུའི་སྟེང་དུ་བཞུགས་ཏེ། ཚོགས་ཆེན་ཚོགས་འགོ་བརྩམས་པར་རྟེན་འབྲེལ་ཞུས།

ཝང་དབྱང་གིས་ཚོགས་ཆེན་འགོ་བརྩམས་པ་ཁྱབ་སྒྲོག་བྱས་པ་ན། ཚོགས་མི་ཡོངས་རྫོགས་ཡར་ལངས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས།

སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཚོགས་ཆེན་སྟེང་འདས་པའི་ལོ་ལྔའི་བྱ་བའི་སྙན་ཞུ་ཕུལ། ཁོང་གིས་གསུངས་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ལོ་ལྔ་ནི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཀྱི་ཧ་ཅང་སྤྱིར་བཏང་མིན་པའི་ལོ་ལྔ་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། རླབས་ཆེན་འཐབ་རྩོད་དང་རླབས་ཆེན་བཟོ་སྐྲུན། རླབས་ཆེན་ལས་དོན། རླབས་ཆེན་ཕུགས་བསམ་བཅས་ལ་གཅིག་གྱུར་སྒོས་བཀོད་འདོམས་བྱས་ནས། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་བ་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྒོས་སྐུལ་འདེད་བཏང་སྟེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལེན་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འབྱུང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་སྐྱོད་པ་བཅས་ལ་སྐུལ་འདེད་བཏང་།

ལོ་ལྔའི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་སྲིད་གྲོས་བྱ་བའི་ཁྱོན་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་བསྣན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་ཐེངས་མང་གནང་སྟེ། བསམ་བློ་གསར་བ་དང་ཆོད་གཏམ་གསར་བ། རེ་བ་གསར་བ་བཅས་རབ་དང་རིམ་པ་གཏན་འཁེལ་བྱས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་མི་དམངས་སྲིད་གྲོས་ལས་དོན་འཕེལ་རྒྱས་ཀྱི་རིགས་གཞུང་གལ་ཆེན་དང་ལག་ལེན་གནད་དོན་ལ་ལན་བཏབ། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་ལེན་མཐར་ཕྱིན་བྱས་ནས། མཐུན་སྒྲིལ་དང་དམངས་གཙོ་ཡི་བརྗོད་གཞི་ཆེན་པོ་གཉིས་རྒྱུན་འཁྱོངས་བྱས་པ་དང་། དཀྱིལ་སྙིང་ལ་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བར་དམིགས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཐུན་མོང་གི་བསམ་བློའི་ཆབ་སྲིད་རྨང་གཞི་ཇེ་བརྟན་དུ་གཏོང་བའི་བྱ་བ་གཙོ་བོར་བརྩིས་ནས། ཆབ་སྲིད་གྲོས་མོལ་གྱི་རྣམ་པ་འཐུས་ཚང་དུ་གཏོང་བ་དང་། དམངས་གཙོ་ལྟ་སྐུལ་གྱི་འགན་ནུས་ཇེ་ཆེར་གཏོང་བ། མཐུན་སྒྲིལ་མཛའ་འབྲེལ་བྱ་བ་རྒྱ་བསྐྱེད་པ། འགན་འཁྲི་ལག་བསྟར་བྱེད་པའི་ནུས་པ་ཇེ་ཆེར་གཏོང་བ་བཅས་བྱས་ཏེ། མི་དམངས་སྲིད་གྲོས་ལས་དོན་རྒྱུན་འཛིན་གྱི་ཁྲོད་ནས་འཕེལ་རྒྱས་སུ་གཏོང་བ་དང་། འཕེལ་རྒྱས་ཀྱི་ཁྲོད་ནས་གསར་གཏོད་བྱེད་པར་སྐུལ་འདེད་བཏང་ཞིང་། མཐུན་སྒྲིལ་དང་དམངས་གཙོ། དངོས་གཉེར་བརྩོན་ལེན། ཡར་རྒྱས་གོང་འཕེལ་བཅས་ཀྱི་རྣམ་པ་གསར་བ་གསར་གཏོད་བྱས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་དང་ཁྱད་ཆོས་མངོན་པར་བྱས་ཏེ། ཏང་དང་རྒྱལ་ཁབ་ལས་དོན་ཁྲོད་ཚབ་བྱེད་ཐབས་མེད་པའི་ནུས་པ་གལ་ཆེན་བཏོན་པ་དང་བྱས་རྗེས་གལ་ཆེན་བཞག་ཡོད།

ཡུས་ཀྲིན་ཧྲིན་གྱིས་ཕྱོགས་བརྒྱད་ནས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་བྱ་བ་སྤྱི་སྡོམ་བྱས་པ་སྟེ། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་དམ་དུ་བཟུང་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་དཀྱིལ་སྙིང་འོས་འགན་ལ་དམ་དུ་དམིགས་ནས། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་སྐུལ་འདེད་གཏོང་བ་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྒོས་སྐུལ་འདེད་གཏོང་བར་འབྲེལ་ནས་གྲོས་མོལ་སྲིད་གླེང་བྱས་པ། མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་བློ་ལག་བསྟར་མཐའ་འཁྱོལ་བྱས་ཏེ། དམངས་ཚིས་ལེགས་བཅོས་དང་འགན་སྲུང་ལ་བློ་འདོན་ཇུས་འབུལ་བྱས་པ། སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་འཛུགས་སྐྲུན་བྱས་ནས། གྲོས་མོལ་སྲིད་གླེང་གི་རྣམ་པ་གསར་བ་གྲུབ་པར་བྱས་པ། དམངས་ཚིས་ལྟ་སྐུལ་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་སྲིད་ཇུས་གལ་ཆེན་དང་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དངོས་འབེབས་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་བ། འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་བྱེད་པའི་བྱ་བ་བཟང་བོར་བསྒྲུབས་པ། ཕྱི་ཕྱོགས་མཛའ་འབྲེལ་འགྲོ་འོང་རྒྱ་ཆེར་སྤེལ་ཏེ། ཕྱིའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པར་བྱས་རྗེས་གང་ལེགས་བཞག་པ། རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་ཆེན་པོ་བསྣན་ནས། སྲིད་གྲོས་ཀྱི་འགན་ནུས་ལག་བསྟར་གྱི་ནུས་པ་དང་ཆུ་ཚད་ཇེ་མཐོར་བཏང་བ་བཅས་རེད།

ཡུས་ཀྲིན་ཧྲིན་གྱིས་སྙན་ཞུའི་ཁྲོད་བསྟན་དོན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པས་ལག་ལེན་འཚོལ་དཔྱོད་ཀྱི་ཁྲོད་ནས་ཕན་འབྲས་ལྡན་པའི་ཉམས་མྱོང་མང་པོ་བསགས་ཏེ། ཆོས་ཉིད་ལྡན་པའི་ངོས་ཟིན་དང་མྱོང་བ་སྣ་མང་གྲུབ་ཡོད་དེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་དང་། མི་དམངས་སྲིད་གྲོས་ཀྱི་ངོ་བ་དང་གནས་ཐིག་རྒྱུན་འཁྱོངས་བྱེད་དགོས་པ། དཀྱིལ་སྙིང་ལ་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱེད་དགོས་པ། མཐུན་སྒྲིལ་དང་དམངས་གཙོ་ཡི་བརྗོད་དོན་ཆེན་པོ་གཉིས་རྒྱུན་འཁྱོངས་བྱེད་དགོས་པ། རྒྱུན་འཛིན་གྱི་ཁྲོད་ནས་འཕེལ་རྒྱས་བསྙེག་པ་དང་འཕེལ་རྒྱས་ཀྱི་ཁྲོད་ནས་གསར་གཏོད་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་པ། སྲིད་གྲོས་ཨུ་ཡོན་གྱི་གཙོ་གཞིའི་ནུས་པ་འདོན་སྤེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་བཅས་ཡིན་ཟེར།

ཡུས་ཀྲིན་ཧྲིན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱེད་པའི་རླབས་ཆེན་དཔེ་རིས་བྲིས་ཏེ། ཏང་དང་རྒྱལ་ཁབ་ལས་དོན་གྱི་མདུན་སྐྱོད་ཁ་ཕྱོགས་སྔར་ལས་གསལ་སྟོན་བྱས་ཡོད། མི་དམངས་སྲིད་གྲོས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་ནི་ཆབ་སྲིད་ཀྱི་འོས་འགན་གཙོ་བོར་བརྩི་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་སྲིད་གྲོས་བྱ་བར་གཅིག་འདོམས་བྱེད་པའི་སྤྱིའི་རྩ་འཛིན་དུ་བརྩི་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཐུན་མོང་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བའི་སྲོག་འཛིན་དུ་བརྩི་བ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱེད་པར་བྱས་རྗེས་འཇོག་པ་དང་སྟོབས་ཤུགས་འབུལ་རྒྱུ་ནི་བྱ་བའི་གཙོ་ཐིག་ཏུ་བརྩི་བ་བཅས་བྱས་ཏེ། བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས། མཐུན་སྒྲིལ་དང་དམངས་གཙོ་ཡི་བརྗོད་དོན་ཆེན་པོ་གཉིས་རྒྱུན་འཁྱོངས་བཅས་བྱས་ཤིང་། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ཏེ་སྐུལ་འདེད་གཏོང་བ་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྒོས་སྐུལ་འདེད་གཏོང་བར་དམ་དུ་དམིགས་ནས། ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ལག་བསྟར་ནན་མོ་བྱས་པ་བརྒྱུད། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་བསྐྲུན་པར་བྱས་རྗེས་གསར་བ་འཇོག་དགོས།

ཡུས་ཀྲིན་ཧྲིན་གྱིས་ཕྱིན་ཆད་ཀྱི་བྱ་བའི་ཐད་ལ་གྲོས་གཞི་ལྔ་བཏོན། གཅིག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བཟང་བོ་བྱེད་དགོས། གཉིས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་བར་སྐྱོད་འགོ་རྩོམ་པའི་གནད་དོན་གལ་ཆེན་ཐད་ལ་ཇུས་འབུལ་ནུས་འདོན་བྱེད་དགོས། གསུམ། མི་དམངས་སྲིད་གྲོས་དེ་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། བཞི། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་དྲང་ཕྱོགས་ཀྱི་ནུས་ཚད་གཅིག་སྡུད་བྱེད་དགོས། ལྔ། རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།

སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངག་བཅོལ་ལྟར། ཝན་ཀང་གིས་ཚོགས་ཆེན་ལ་སྐབས་བཅུ་གཉིས་པའི་སྲིད་གྲོས་ཀྱི་གྲོས་གཞིའི་བྱ་བའི་གནས་ཚུལ་ཡར་ཞུ་བྱས། ཁོས་བཤད་རྒྱུར། སྐབས་བཅུ་གཉིས་པའི་སྲིད་གྲོས་སྐབས་སུ་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཀྱི་ལས་ཁུངས་སོ་སོ་དང་སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་དང་ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱེད་པ། དབུལ་ཐར་མཁྲེགས་གཏོར། མཁའ་དབུགས་དང་ཆུ། ཁོར་ཡུག་བཙོག་བཟོ་འགོག་བཅོས་སོགས་ཀྱི་གནད་དོན་གལ་ཆེན་ལ་དམ་དུ་དམིགས་ནས་གྲོས་གཞི་བཏོན་ཏེ། དམངས་གཙོའི་ཐབས་ཇུས་དང་འཆར་གཞི་གཏན་འཁེལ། ལམ་ལུགས་འཛུགས་པ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་བཅས་ཀྱི་ཐད་ལ་ནུས་པ་ཆེན་པོ་བཏོན། ལོ་ལྔའི་རིང་ལ་བསྡོམས་པས་གྲོས་གཞི་ཁྲི་གཉིས་དང་སྟོང་དགུ་སུམ་བརྒྱ་དོན་བརྒྱད་འབྱོར་བ་དང་། གྲོས་གཞི་ཁྲི་གཉིས་དང་སྟོང་གསུམ་དགུ་བརྒྱ་དོན་ལྔ་ལ་ཞིབ་བཤེར་བྱས་ནས་ཐོ་འགོད་བྱས། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན་བར་གྲོས་གཞིའི་བརྒྱ་ཆའི་གོ་དགུ་ཐག་བཅད་པ་དང་གྲོས་གཞི་མང་ཤོས་ཀྱི་བསམ་འཆར་དང་གྲོས་གཞི་དང་ལེན་བྱས་པ་དང་ཡང་ན་རིམ་བཞིན་དངོས་འབེབས་བྱེད་བཞིན་ཡོད་ཟེར།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ལས་ཁུངས་བཅས་ཀྱི་འགན་འཁུར་བ་གདན་དྲངས་པ་ལྟར་ཚོགས་ཆེན་འགོ་རྩོམ་པའི་ཚོགས་འདུར་ཟུར་ཞུགས་བྱས་པ་དང་། ཀྲུང་གོར་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཆེན་མོ་དང་གསར་འགྱུར་དཔོན་པོ། ཕྱི་སྡོད་རང་མི་བཅས་གདན་དྲངས་པ་ལྟར་ཚོགས་ཆེན་འགོ་རྩོམ་པའི་ཚོགས་འདུར་ཞུགས།