ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཀྱི་འགུལ་ནུས་གསར་བ་མགྱོགས་མྱུར་ངང་གསོ་སྐྱོང་བྱེད་པའི་སྐོར་གྱི་བསམ་འཆར།(ཀ)

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཀྱི་འགུལ་ནུས་གསར་བ་མགྱོགས་མྱུར་ངང་གསོ་སྐྱོང་བྱེད་པའི་སྐོར་གྱི་བསམ་འཆར་འགའ།

(2016ལོའི་ཟླ12ཚེས31ཉིན།)

ཀྲུང་སྤེལ〔2017〕ཡིག་ཨང1པ།

  ལོ་དུ་མའི་རིང་གི་ཧུར་བརྩོན་ལ་བརྟེན་ནས་རང་རྒྱལ་གྱི་ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་མུ་མཐུད་དུ་སྐས་རིམ་གསར་བར་འཛེགས་ཏེ། ལོ་རྒྱུས་ཀྱི་དུས་རིམ་གསར་བར་བསླེབས་པ་རེད། ཞིང་ལས་ཀྱི་འགལ་བ་གཙོ་བོ་ནི་སྤྱི་འབོར་མི་འདང་བ་ནས་སྒྲིག་གཞི་རང་བཞིན་གྱི་འགལ་བར་གྱུར་ཡོད་དེ། དུས་རིམ་རང་བཞིན་གྱི་མཁོ་ཚད་ལས་འདོན་སྤྲོད་ཀྱི་ཚད་མང་བ་དང་འདོན་སྤྲོད་མི་འདང་བ་མཉམ་དུ་གནས་པ་དེ་འབུར་ཐོན་དུ་མངོན་ཡོད་ལ། འགལ་བའི་ཕྱོགས་གཙོ་བོ་འདོན་སྤྲོད་ཕྱོགས་སུ་གནས་ཡོད་པ་རེད། ལོ་འདི་ཤས་ཀྱི་རིང་ལ། རང་རྒྱལ་གྱིས་ཞིང་ལས་ཀྱི་འཕེལ་སྟངས་སྒྱུར་བ་དང་སྒྲིག་གཞི་ལེགས་སྒྲིག བཅོས་བསྒྱུར་སྐུལ་སྤེལ་སོགས་ཐད་ནས་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། ཞིང་ལས་ཀྱི་རིགས་སྒྱུར་རིམ་སྤར་ལ་སྔར་ལས་ལྷག་པར་རྨང་གཞི་ངེས་ཅན་ཞིག་བཏིང་ཡོད། འོན་ཀྱང་ཞིང་ལས་ཐོན་རྫས་ཀྱི་མཁོ་འདོན་སྒྲིག་གཞི་དོ་མི་མཉམ་པ་དང་རྒྱུ་རྐྱེན་སྡེབ་སྒྲིག་ལུགས་མཐུན་མིན་པ། ཐོན་ཁུངས་ཁོར་ཡུག་གི་གནོན་ཤུགས་ཆེ་བ། ཞིང་པའི་ཡོང་སྒོ་བསྟུད་མར་འཕར་བར་སྟོབས་ཤུགས་མི་འདང་བ་སོགས་ཀྱི་གནད་དོན་ད་དུང་མངོན་གསལ་ཡིན་པ་མ་ཟད། ཐོན་ཚད་ཇེ་མང་དང་རྒྱུ་སྤུས་མཐོར་འདེགས། མ་གནས་ཇེ་མཐོ་དང་རིན་གོང་ཇེ་དམའ། མཛོད་ཉར་ཇེ་མང་དང་ཕྱིར་འཚོང་མི་བྲིན་པ། ཐོན་སྐྱེད་ཆུང་བ་དང་ཁྲོམ་ར་ཆེ་བ། རྒྱལ་ཁབ་ཕྱི་ནང་གི་རིན་གོང་ཉོ་རིན་མཐོ་ཞིང་འཚོང་རིན་དམའ་བ་སོགས་ཀྱི་འགལ་བ་ཐག་གཅད་རྒྱུ་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད། དེའི་ཕྱིར་ངེས་པར་དུ་གནས་བབ་གསར་བ་དང་བླང་བྱ་གསར་བར་བསྟུན་ནས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་ཅིང་བྱ་བའི་གཙོ་གནད་སྙོམ་སྒྲིག་བྱས་ཏེ། ཞིང་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཀྱི་འགུལ་ནུས་གསར་བ་མགྱོགས་མྱུར་གྱིས་གསོ་སྐྱོང་བྱས་ནས། ཞིང་ལས་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་བ་བསྐྲུན་དགོས།

  ཞིང་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་སྐུལ་སྤེལ་བྱ་དགོས་ན། ཐོག་མར་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཁག་ཐེག་བྱས་པའི་རྨང་གཞིའི་ཐོག ཁྲོམ་རའི་དགོས་མཁོའི་འགྱུར་ལྡོག་ལ་རྩེ་གཅིག་ཏུ་དམིགས་ཤིང་། ཞིང་པའི་ཡོང་སྒོ་འཕར་སྣོན་དང་ནུས་ལྡན་གྱི་འདོན་སྤྲོད་འགན་སྲུང་བྱེད་པ་དམིགས་འབེན་གཙོ་བོར་འཛིན་པ་དང། ཞིང་ལས་ཀྱི་འདོན་སྤྲོད་སྤུས་ཚད་མཐོར་འདེགས་གཏོང་བ་ཁ་ཕྱོགས་གཙོ་བོར་འཛིན་པ། ལམ་སྲོལ་བཅོས་བསྒྱུར་དང་རྐྱེན་སྲོལ་གསར་གཏོད་རྩ་བའི་ཐབས་ལམ་དུ་འཛིན་པ་བཅས་བརྒྱུད། ཞིང་ལས་ཀྱི་ཐོན་ལས་མ་ལག་དང་ཐོན་སྐྱེད་མ་ལག བདག་གཉེར་མ་ལག་ལེགས་སྒྱུར་བྱ་དགོས་པ་དང་། ས་ཞིང་གི་ཐོན་ཚད་དང་ཐོན་ཁུངས་སྤྱོད་ཚད། ངལ་རྩོལ་ཐོན་སྐྱེད་བྱེད་ཚད་ཇེ་མཐོར་བཏང་སྟེ། ཞིང་ལས་དང་ཞིང་སྡེ་གོང་དུ་སྤེལ་བ་དེ་ཐོན་ཁུངས་ཟད་གྲོན་ལ་བརྟེན་དྲགས་པ་དང་གཙོ་བོ་གྲངས་ཚད་ཀྱི་དགོས་མཁོ་སྐོང་ཅི་ཐུབ་བྱེད་པ་ནས། ལྗང་མདོག་སྐྱེ་ཁམས་རྒྱུན་མཐུད་ཐུབ་པ་དང་སྤུས་ཚད་ཀྱི་དགོས་མཁོ་བསྐང་བར་སྔར་བས་མཐོང་ཆེན་བྱེད་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བྱ་དགོས།

  ཞིང་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་སྐུལ་སྤེལ་བྱ་རྒྱུ་ནི་ཡུན་རིང་གི་གོ་རིམ་ཞིག་ཡིན་ཞིང་། སྲིད་གཞུང་དང་ཁྲོམ་རའི་འབྲེལ་བ་ཐག་གཅོད་ལེགས་པོ་དང་ཕྱོགས་སོ་སོའི་ཁེ་ཕན་མཐུན་སྦྱོར་ལེགས་པོ་བྱ་བར་ཉམས་སད་གལ་ཆེན་མང་པོ་མདུན་དུ་ལྷགས་ཡོད་པས། ངེས་པར་དུ་དཀའ་ངལ་དང་འགྲན་སློང་ལ་གདོང་གཏད་དེ། བློ་བརྟན་འགྱུར་མེད་ངང་བཅོས་བསྒྱུར་སྐུལ་སྤེལ་བྱ་དགོས་ལ། བཅོས་བསྒྱུར་གྱི་དཀའ་སྡུག་ཕྲག་ཏུ་ཁུར་སྤོབས་པ་དང་རང་ནུས་ཅི་ལྕོགས་ཀྱིས་བཅོས་བསྒྱུར་གྱི་མ་གནས་ཇེ་དམའ་རུ་གཏང་དགོས་ཤིང་། བཅོས་བསྒྱུར་གྱི་ཉེན་ཁར་ཧུར་ཐག་གིས་འགོག་ཟོན་བྱས་ནས། འབྲུ་རིགས་ཀྱི་ཐོན་སྐྱེད་ནུས་ཤུགས་མི་ཉམས་པ་དང་ཞིང་པའི་ཡོང་སྒོའི་འཕེལ་ཁ་ལྡོག་ཕྱོགས་སུ་མི་འཁོར་བ། ཞིང་སྡེའི་བརྟན་འཇགས་ཐད་ནས་གནད་དོན་མི་འབྱུང་བ་བཅས་ཁག་ཐེག་བྱ་དགོས།

  2017ལོའི་ཞིང་ལས་དང་ཞིང་སྡེའི་བྱ་བ་དེ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ། དྲུག་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་དུ་བསྟར་བ་དང་། ཏེང་ཞའོ་ཕེང་གི་རིགས་པའི་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་ཀྱི་མཛུབ་སྟོན་འོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་ལག་བསྟར་མཐིལ་ཕྱིན་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་དང་། ཞིང་ལས་དེང་རབས་ཅན་དང་རྣམ་པ་གསར་བའི་གྲོང་རྡལ་ཅན་ལ་མཐུན་སྦྱོར་ངང་སྐུལ་འདེད་བྱས་ཏེ། ཞིང་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་སྐུལ་སྤེལ་བྱེད་པ་ལམ་ཕྱོགས་གཙོ་བོར་འཛིན་པ་དང་། ཞིང་ལས་ཀྱི་ཕན་ནུས་འཕར་བ་དང་ཞིང་པའི་ཡོང་སྒོ་འཕར་བ། ཞིང་སྡེའི་ལྗང་མདོག་འཕར་བ་བཅས་ལ་དམིགས་ནས། ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་བྱེད་ནུས་ཇེ་དྲག་དང་། སྒྲིག་གཞི་སྙོམ་སྒྲིག་གི་གོམ་སྟབས་ཇེ་མགྱོགས། ཞིང་སྡེ་བཅོས་བསྒྱུར་གྱི་ནུས་ཤུགས་ཇེ་ཆེར་བཏང་སྟེ། ཞིང་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་དང་འགྲན་རྩོད་ནུས་པ་ཇེ་མཐོར་གཏང་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བའི་འཛུགས་སྐྲུན་ལ་འཕེལ་རྒྱས་གསར་བ་འཐོབ་པར་སྐུལ་འདེད་བྱས་ཏེ། ཞིང་སྡེ་རུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐད་ནས་གོམ་སྟབས་སྔར་བས་ཆེན་པོ་སྤོ་བར་བརྩོན་དགོས།

  གཅིག ཐོན་རྫས་དང་ཐོན་ལས་ཀྱི་སྒྲིག་གཞི་ཇེ་ལེགས་སུ་བཏང་ནས། ཞིང་ལས་ཀྱི་སྤུས་ཚད་ཇེ་ལེགས་དང་ཕན་འབྲས་ཇེ་མཐོར་འགྲོ་བར་ཤུགས་ཡོད་རྒུས་སྐུལ་འདེད་གཏང་དགོས།

  1.འབྲུ་འབྱོར་གཟན་གསུམ་གྱི་འདེབས་འཛུགས་སྒྲིག་གཞི་ལ་གཅིག་གྱུར་སྒོས་ལེགས་སྒྲིག་བྱ་དགོས། བཟའ་འབྲུ་གཏན་འཇགས་དང་དཔལ་འབྱོར་ལོ་ཏོག་ལེགས་སྒྱུར། གཟན་ཆས་ཐོན་སྐྱེད་རྒྱ་བསྐྱེད་པའི་བླང་བྱ་ལྟར། འབྲུ་འབྱོར་གཟན་གསུམ་མཐུན་སྦྱོར་ངང་གོང་དུ་སྤེལ་བའི་སྣ་གསུམ་འདེབས་འཛུགས་སྒྲིག་གཞི་མྱུར་དུ་འཛུགས་སྐྱོང་བྱ་དགོས། བཟའ་འབྲུ་ལོ་ཏོག་ལས་འབྲས་དང་གྲོའི་ཐོན་སྐྱེད་གཏན་འཇགས་ཡོང་བར་བྱས་ཏེ། བཟའ་འབྲུ་རྦད་དེ་བདེ་འཇགས་ཡིན་པ་ཁག་ཐེག་བྱ་དགོས་ཤིང། གཙོ་བོ་སྤུས་ལེགས་པའི་འབྲས་དང་ཕྱེ་རྒྱུས་དྲག་ཞན་གཉིས་ཀྱི་གྲོ་གོང་དུ་སྤེལ་དགོས་པ་དང། བབ་མི་ལེགས་པའི་ས་ཁུལ་གྱི་མ་རྨོས་ལོ་ཏོག་རྡོག་རིལ་ཅན་མུ་མཐུད་དུ་ཉུང་འཕྲི་དང། སྤུས་ལེགས་པའི་བཟའ་བྱའི་སྲན་ཆེན་དང་ཞོག་ཁོག་གི་རིགས། འབྲུ་སྲན་ཕལ་བའི་རིགས་སོགས་ཁ་སྣོན་བྱ་དགོས། དཔལ་འབྱོར་ལོ་ཏོག་གི་སོན་སྣ་རྒྱུ་སྤུས་དང་ས་ཁོངས་བཀོད་པ་ཇེ་ལེགས་སུ་གཏང་དགོས་པ་དང། ཐོན་སྐྱེད་གཙོ་ཁུལ་གྱི་སྲིང་བལ་དང་སྣུམ་རྒྱུ། མངར་རྒྱུའི་ཐོན་སྐྱེད་སྲ་བརྟན་དུ་གཏོང་བ་དང། ལྡུམ་རའི་ལོ་ཏོག་གི་རིན་གོང་དང་ཕན་འབྲས་འཕར་བར་སྐུལ་འདེད་གཏང་དགོས། གཟན་ཆས་ལོ་ཏོག་གི་འདེབས་འཛུགས་རྒྱ་ཁྱོན་ཇེ་ཆེར་གཏོང་བ་དང། སྔོ་ཉར་མ་རྨོས་ལོ་ཏོག་དང་འབུ་སུ་ཧང་སོགས་གཟན་རྩྭ་སྤུས་ལེགས་གོང་དུ་སྤེལ་ནས། དེང་རབས་ཀྱི་གཟན་རྩྭ་གཟན་ཆས་ཐོན་ལས་མ་ལག་ཤུགས་ཆེན་པོས་གསོ་སྐྱོང་བྱ་དགོས། བྱང་ཕྱོགས་ཀྱི་རོང་མ་འབྲོག་ས་ཁུལ་གྱི་སྒྲིག་གཞི་གང་མགྱོགས་ཀྱིས་ལེགས་སྒྲིག་བྱས་ནས། ཕྱུགས་གསོས་ནས་རྩྭ་འདེབས་པར་སྐུལ་ཁྲིད་དང་ཕྱུགས་ནགས་ཞིང་གསུམ་མཉམ་དུ་བསྲེས་པ། རྩྭ་སིལ་ཚོད་གསུམ་མཉམ་དུ་སྦྲེལ་བའི་འདེབས་འཛུགས་སྒྲིག་གཞི་འགྲུབ་པར་བྱ་དགོས། འབྲུ་རིགས་གཟན་ཆས་སུ་བསྒྱུར་བ་དང་། འབྲུ་རིགས་སྲན་མར་བསྒྱུར་བར་གསབ་དངུལ་སྟེར་བའི་ཚོད་ལྟའི་བྱ་བ་མུ་མཐུད་དུ་སྤེལ་དགོས།

  2. གཞི་ཁྱོན་གྲུབ་ཅིང་ཕན་འབྲས་མཐོ་བའི་གསོ་སྤེལ་ལས་རིགས་གོང་དུ་སྤེལ་དགོས། ཕག་གསོན་པོའི་ཐོན་སྐྱེད་གཏན་འཇགས་ཡོང་བར་བྱེད་པ་དང། ལྷོ་ཕྱོགས་ཆུ་དྲའི་ས་ཁུལ་གྱི་གསོན་ཕག་གསོ་སྤེལ་གྱི་ས་ཁོངས་བཀོད་པ་ལེགས་སྒྱུར་བྱས་ཏེ། ཁོར་ཡུག་གི་ཤོང་རྒྱ་ཆེ་བའི་ས་ཁུལ་དང་མ་རྨོས་ལོ་ཏོག་ཐོན་སྐྱེད་བྱེད་ཁུལ་གཙོ་བོར་ཐོན་ནུས་སྤོ་སྒྱུར་བྱེད་པར་སྣེ་སྟོན་བྱ་དགོས། ཕྱུགས་རྒྱུད་མགྱོགས་མྱུར་གྱིས་ལེགས་སྒྱུར་བྱེད་པ་དང། ནོར་ལུག་སོགས་རྩྭ་གཟན་ཕྱུགས་ལས་ཤུགས་ཆེན་པོས་གོང་དུ་སྤེལ་དགོས། ཕྱོགས་ཡོངས་ནས་འོ་ལས་དར་སྤེལ་གཏང་དགོས་ཤིང། གཙོ་བོ་གཞི་ཁྱོན་འོས་འཚམ་གྱི་ཁྱིམ་ཚང་ཕྱུགས་རར་རྒྱབ་སྐྱོར་བྱེད་པ་དང་། འོ་གསར་རློན་པ་འཛད་སྤྱོད་བྱེད་ཚད་ཇེ་མང་དུ་གཏོང་བར་སྣེ་ཁྲིད་དགོས་ལ། འདྲ་བཟོས་འོ་མའི་མཚོན་རྟགས་ལམ་ལུགས་ལག་བསྟར་ནན་མོ་བྱས་ནས། རང་རྒྱལ་གྱིས་བཟོས་པའི་སྤུས་ལེགས་ཚོང་རྟགས་གསོ་སྐྱོང་བྱ་དགོས། མཚེའུ་དང་ཆུ་མཛོད་སོགས་ཀྱི་སྐམ་སའི་ནང་ཁུལ་ཆུ་ཁོངས་ཀྱི་གསོ་སྤེལ་གཞི་ཁྱོན་ལུགས་མཐུན་སྒོས་གཏན་ཁེལ་བྱས་ནས། ཆུ་ཐོན་གསོ་སྤེལ་གྱི་ཁ་གྲངས་ཇེ་ཉུང་དང་ཕན་འབྲས་ཇེ་མཐོར་གཏོང་བར་སྐུལ་འདེད་བྱ་དགོས། འབྲས་ཞིང་གི་ཕྱོགས་བསྡུས་འདེབས་གསོ་དང་གཤོང་སའི་ས་ཞིང་བ་ཚྭ་ཅན་དུ་གསོ་སྤེལ་བྱ་བར་སྐུལ་འདེད་གཏང་དགོས། གཙང་བོ་དང་མཚོ་མཚེའུ་ཡི་ཉ་འཛིན་ཚད་ཚོད་འཛིན་དང་བཀག་སྡོམ་བྱེད་པའི་དུས་ཡུན་དང་ས་ཁོངས་འཐུས་ཚང་དུ་བཏང་ནས། ཀུན་གྱི་སྔོན་དུ་འབྲི་ཆུའི་འབབ་རྒྱུད་ཀྱི་ཆུ་སྐྱེས་སྐྱེ་དངོས་སྲུང་སྐྱོབ་ཁུལ་ཏུ་ཁྱོན་ཡོངས་ནས་ཉ་འཛིན་པ་བཀག་སྡོམ་བྱ་དགོས། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་གྲམ་ཐང་ཐོན་ཁུངས་གསར་སྤེལ་བྱ་དགོས། ལེགས་བསྡུས་ཞིབ་གཉེར་སྒོས་མཚོ་ཆུའི་ནང་གནོད་མེད་ངང་གསོ་སྤེལ་ལ་རྒྱབ་སྐྱོར་དང། དེང་རབས་ཅན་གྱི་རྒྱ་མཚོའི་ཕྱུགས་ར་གོང་སྤེལ། ས་ཁོངས་ཕན་ཚུན་རོགས་འདེགས་ཀྱིས་སྲུང་སྐྱོང། ཉེ་བའི་མཚོ་ཁུལ་དུ་བཤོར་འཛིན་ལ་ཚོད་འཛིན་ལུགས་མཐུན་བཅས་བྱ་དགོས། ཐག་རིང་རྒྱ་མཚོའི་ཉ་ལས་ཧུར་ཐག་སྒོས་གོང་དུ་སྤེལ་དགོས། རྒྱ་མཚོའི་ཉ་ལས་ཐོན་ཁུངས་ཀྱི་སྤྱི་འབོར་དོ་དམ་ལམ་ལུགས་འཛུགས་པ་དང། ཉ་ལས་རིགས་འདྲ་མིན་སྣ་ཚོགས་ཀྱི་མཚོ་སྤྱོད་བྱ་འགུལ་ཚད་ལྡན་དུ་བཏང་ཐོག ཉ་བས་ཉ་གྲུ་ཇེ་ཉུང་བཏང་སྟེ་ཐོན་ལས་བསྒྱུར་བར་རྒྱབ་སྐྱོར་བྱ་དགོས།

  3. དགེ་མཚན་ཅན་གྱི་ཁྱད་ལྡན་ཐོན་ལས་རྒྱ་ཆེན་སྟོབས་ཆེན་དུ་གཏང་དགོས། དགེ་མཚན་ལྡན་ཅན་གྱི་ཁྱད་ལྡན་ཞིང་ལས་ཀྱི་སྤུས་ཚད་ཇེ་ལེགས་དང་ཕན་འབྲས་ཇེ་མཐོར་གཏོང་བའི་འཆར་གཞི་ལག་ལེན་དུ་བསྟར་བ་དང། འབྲུ་སྲན་ཕལ་བ་དང་སྔོ་ཚལ་ཤིང་ཏོག ཇ་ལོ་དར་ཤིང་། མེ་ཏོག་སྡོང་ཕྲུག བཟའ་བྱའི་ཤ་མོ། རྒྱ་ལུགས་སྨན་རྩྭ། ཁྱད་ཆོས་ལྡན་པའི་གསོ་སྤེལ་སོགས་ཐོན་ལས་ཀྱི་གདང་རིམ་ཡར་སྤར་བར་སྐུལ་འདེད་བཏང་ནས། ས་གནས་ཀྱི་ཡུལ་ཐོན་ཁྱད་རྫས་དང་རིགས་སྣ་ཆུང་གྲས་རྣམས་ཞིང་པའི་ཡོང་སྒོ་འཕར་བྱེད་ཀྱི་ཐོན་ལས་ཆེན་པོར་བསྐྲུན་དགོས། ཤིང་རྒྱུད་འབྲུ་སྣུམ་སོགས་ཁྱད་ལྡན་དཔལ་འབྱོར་ནགས་ཚལ་དང་ཤིང་སྣ་རྩྭ་ཆེན་གྱི་རྒྱུ་ཆའི་ནགས། མེ་ཏོག་དང་སྨྱུག་འཁྲི། ནགས་ཚལ་ཟས་རིགས་སོགས་ལྗང་མདོག་ཐོན་ལས་ཤུགས་ཆེན་པོས་གོང་དུ་སྤེལ་དགོས། ནགས་ཚལ་སྐྱེ་ཁམས་མཚོན་རྟགས་ཀྱི་ཐོན་རྫས་འཛུགས་སྐྲུན་ལས་གྲྭ་ལག་བསྟར་བྱ་དགོས། ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཐོན་སྐྱེད་ཚད་ལྡན་ཅན་དཔེ་སྟོན་བྱས་ནས། ས་ཁམས་མཚོན་རྟགས་ཅན་གྱི་ཞིང་ལས་ཐོན་རྫས་དང་ཐོན་ཡུལ་དངོས་སྲུང་སྐྱོང་རྟེན་གཞི་ཁག་ཅིག་འཛུགས་སྐྲུན་བྱ་དགོས། ས་ཁོངས་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྤྱི་སྤྱོད་ཚོང་རྟགས་བསྐྲུན་པར་སྐུལ་འདེད་དང་། ས་གནས་ཀྱིས་དགེ་མཚན་ཅན་གྱི་ཁེ་ལས་དང་ལས་རིགས་མཐུན་ཚོགས་ལ་བརྟེན་ནས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཚོང་རྟགས་བསྐྲུན་པར་རྒྱབ་སྐྱོར་བྱ་དགོས་ཤིང། དེང་རབས་རྒྱུ་རྐྱེན་ནང་འདྲེན་བྱས་ནས་སྲོལ་རྒྱུན་གྱི་ཚོང་རྟགས་གྲགས་ཅན་སྒྱུར་བཀོད་དང་མཐོར་འདེགས་གཏང་དགོས།

  4.ཞིང་ལས་ཀྱི་ས་ཁོངས་ཁྱབ་སྟངས་སྔར་ལས་ལྷག་པར་ལེགས་སྒྱུར་བྱ་དགོས། རྩོལ་ནུས་ཁུལ་གཙོ་བོའི་འཆར་འགོད་དང་དགེ་མཚན་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་ཁྱབ་སྟངས་འཆར་འགོད་བྱས་པར་བརྟེན་ནས། འབྲས་དང་གྲོ། མ་རྨོས་ལོ་ཏོག་བཅས་འབྲུ་རིགས་ཐོན་སྐྱེད་རྩོལ་ནུས་ཁུལ་དང། སྲན་ཆེན་དང་སྲིང་བལ། ལོག་དཀར། མངར་ཆའི་བུར་ཤིང་། རང་བྱུང་འགྱིག་སོགས་ཞིང་ལས་ཐོན་རྫས་གཙོ་བོའི་ཐོན་སྐྱེད་སྲུང་སྐྱོང་ཁུལ་ཚན་རིག་དང་ལུགས་གཉིས་ཀར་མཐུན་པའི་སྒོ་ནས་དབྱེ་བགོ་གཏན་ཁེལ་བྱ་དགོས། རྩོལ་ནུས་ཁུལ་དང་སྲུང་སྐྱོང་ཁུལ་ནང་གི་རྣང་མིག་ཡོངས་ལ་ཡིག་ཚགས་ཐོ་དེབ་བཟོ་བ་དང་རི་མོར་བཀོད་ནས་ཉར་ཚགས་བྱས་ཏེ། ཆ་འཕྲིན་ཅན་དང་གནད་ཕིགས་ཅན་ལྟར་དོ་དམ་བྱ་དགོས། རྩོལ་ནུས་ཁུལ་དང་སྲུང་སྐྱོང་ཁུལ་གྱི་འཛུགས་སྐྲུན་ཚད་གཞི་ཞིབ་འཇུག་གཏན་འབེབས་བྱེད་པར་དམ་འཛིན་བྱ་དགོས་ཤིང། སྐུལ་སློང་རྐྱེན་སྲོལ་དང་རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། འཛུགས་སྐྲུན་ལ་དོ་དམ་སྲུང་སྐྱོང་བྱེད་པའི་གཙོ་གཞིའི་འགན་འཁུར་རིམ་པ་རེ་རེ་བཞིན་དོན་འཁྱོལ་བྱ་དགོས། ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་དགེ་མཚན་ལྡན་ཁུལ་བསྐྲུན་པའི་འཆར་འགོད་གཏན་འབེབས་དང་། གདེང་འཇོག་ཚད་གཞི་དང་ལག་རྩལ་འདེགས་སྐྱོར་མ་ལག་འཛུགས་སྐྲུན་བྱས་ནས། ས་གནས་སོ་སོས་ལྡུམ་རའི་ལག་རྩལ་ཐོན་རྫས་དང་ཕྱུགས་ལས་ཐོན་རྫས། ཆུའི་ཐོན་རྫས། ནགས་ཚལ་གྱི་ཁྱད་ལྡན་ཐོན་རྫས་སོགས་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་དགེ་མཚན་ལྡན་ཁུལ་གསར་སྐྲུན་བྱེད་པར་སྐུལ་མ་གཏང་དགོས།

  5.ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་ཟས་རིགས་ཀྱི་བདེ་འཇགས་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏང་དགོས། སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་སྤེལ་གཏོང་བ་རྒྱུན་འཁྱོངས་དང། ཞིང་ལས་ཚད་ལྡན་ཅན་གྱི་འཐབ་ཇུས་ལག་བསྟར་བྱ་དགོས་ཤིང། སྤུས་ལེགས་དང་བདེ་འཇགས་དང་ལྗང་མདོག་བཅས་ཀྱི་ཁྲིད་ཕྱོགས་འབུར་དུ་དོད་དེ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་ཟས་རིགས་ཀྱི་བདེ་འཇགས་ཚད་གཞི་མ་ལག་འཐུས་སྒོ་ཚང་བར་གཏང་དགོས། རྣམ་པ་གསར་བའི་ཞིང་ལས་བདག་གཉེར་གཙོ་གཞིས“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”ངོས་ལེན་བདེན་དཔང་རེ་ཞུ་བྱེད་པར་རྒྱབ་སྐྱོར་དང་། ཞིང་ལས་ཐོན་རྫས་ཀྱི་ཚོང་རྟགས་ཐོ་འགོད་སྟབས་བདེར་གཏོང་བར་སྐུལ་འདེད་བྱས་ཏེ། ཚོང་རྟགས་སྲུང་སྐྱོང་ལ་ཤུགས་བསྣན་དགོས། ཁེ་ལས་ཀྱིས་རྒྱལ་སྤྱིའི་སྐྱེ་ལྡན་ཞིང་ལས་ཐོན་རྫས་སུ་ངོས་ལེན་བདེན་དཔང་བརྩོན་ལེན་བྱེད་པར་ཁྲིད་སྟོན་བྱས་ཏེ། རྒྱལ་ནང་གི་ལྗང་མདོག་དང་སྐྱེ་ལྡན་གྱི་ཞིང་ལས་ཐོན་རྫས་ངེས་ལེན་བདེན་དཔང་གི་དབང་གྲགས་དང་ཤུགས་རྐྱེན་མགྱོགས་མྱུར་གྱིས་ཇེ་ཆེར་གཏང་དགོས། ཐོན་ཡུལ་གྱི་ཁོར་ཡུག་སྲུང་སྐྱོབ་དང་མགོ་ཁུངས་བཅོས་སྐྱོང་ལ་དངོས་གནས་ཤུགས་སྣོན་པ་དང། ཞིང་ལས་ཀྱི་ཐོན་སྐྱེད་ཚད་གཞི་བཟང་བོ་སྐུལ་སྤེལ་དང་། ཐོན་སྐྱེད་ཀྱི་སྟེགས་ཐོ་འགོད་པའི་ལམ་ལུགས་ཁྱབ་སྤེལ་བཏང་ནས། ཞིང་ལས་ཐད་ཀྱི་སྤྱོད་པའི་དངོས་རྫས་ཐོན་སྐྱེད་དང་ཕྱིར་འཚོང་དང་བེད་སྤྱོད་བཅས་ཀྱི་འབྲེལ་ཡོད་གཏན་འབེབས་ནན་ཏན་གྱིས་ལག་བསྟར་བྱ་དགོས། ཞིང་ཕྱུགས་སྨན་གྱི་ལྷག་ལུས་ཚད་ལས་བརྒལ་བ་དང་ཁྱད་པར་དུ་གསོ་སྤེལ་ལས་རིགས་སུ་དུག་སྲིན་འགོག་སྨན་གང་བྱུང་དུ་སྤྱོད་པར་བཅོས་སྐྱོང་གཏིང་ཟབ་བྱ་དགོས་ཤིང། བཀག་སྡོམ་ལ་འགལ་བཞིན་ཞིང་ཕྱུགས་སྨན་ཚད་ལས་བརྒལ་བར་སྤྱོད་པ་དང་ཟས་རིགས་སྦྱོར་རྟ་ཁྲིམས་མིན་གྱིས་ཁ་སྣོན་བྱེད་པའམ་ཁྱབ་ཁོངས་དང་གྲངས་ཚད་ལས་བརྒལ་ཏེ་སྤྱོད་པ་སོགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏང་དགོས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་ཟས་རིགས་ཀྱི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ཉེན་ཁ་རིམ་བགོས་དོ་དམ་དང་ས་ཁོངས་འགན་འཁྲི་ལ་ཤུགས་སྣོན་པ་དང། འཐེན་བཤེར་ལྟ་ཞིབ་བྱེད་ཤུགས་ཇེ་ཆེར་གཏང་དགོས། གོ་རིམ་ཡོངས་སུ་ཁུངས་འདེད་ཆོག་པ་དང་། མཉམ་སྦྲེལ་མཉམ་སྤྱོད་བྱེད་ཐུབ་པའི་ཁུངས་འདེད་ལྟ་སྐུལ་དོ་དམ་གྱི་ཕྱོགས་བསྡུས་ཞབས་ཕྱིའི་སྟེགས་བུ་གཟུག་དགོས། ཐོན་སྐྱེད་བདག་གཉེར་མཁན་གཙོ་བོར་ཟས་རིགས་ཀྱི་བདེ་འཇགས་འགན་བཅོལ་ཉོ་བའི་སྐུལ་མ་གཏང་དགོས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་བཅའ་ཁྲིམས་དམ་འཛིན་སྒོས་བཟོ་བཅོས་བྱ་དགོས།

  6.གཞི་ཁྱོན་འོས་འཚམ་གྱི་བདག་གཉེར་ཧུར་ཐག་སྒོས་གོང་དུ་སྤེལ་དགོས། རྣམ་པ་གསར་བའི་ཞིང་ལས་བདག་གཉེར་མཁན་གཙོ་བོ་དང་ཞབས་ཕྱི་མཁན་གཙོ་བོ་ཤུགས་ཆེན་པོས་གསོ་སྐྱོང་བྱ་དགོས་ཤིང་། བདག་གཉེར་དབང་ཆ་སྐོར་སྤྲོད་དང་མ་རྐང་མཉམ་ལས། ཚབ་རྨོ་ཚབ་འདེབས། ས་ཞིང་ཚབ་གཉེར་སོགས་ཀྱི་ཐབས་སྣ་ཚོགས་སྤྱད་ནས། ས་ཞིང་སྐོར་སྐྱོད་ཅན་དང་ཞབས་ཕྱི་ཅན་སོགས་གཞི་ཁྱོན་ལྡན་པའི་བདག་གཉེར་བྱེད་སྟངས་སྣ་ཚོགས་མགྱོགས་མྱུར་གྱིས་འཕེལ་རྒྱས་གཏང་དགོས། ཞིང་པ་རྣམས་རང་མོས་ཡིན་པའི་རྨང་གཞིའི་སྟེང་སྡེ་བའི་རྩ་འཛུགས་ནང་ས་ཞིང་བརྗེ་རེས་མཉམ་སྡུད་སོགས་ཀྱི་ཐབས་ལ་བརྟེན་ནས། ཁྱིམ་ཚང་ལྟར་ཡུག་སྦྲེལ་འདེབས་འཛུགས་བྱེད་པ་མངོན་འགྱུར་བྱ་དགོས། ཁྱིམ་ཚང་གི་ཞིང་ར་ངོས་ལེན་བྱ་ཐབས་འཐུས་ཚང་དུ་གཏོང་བ་དང། གཞི་ཁྱོན་འོས་འཚམ་གྱི་ཁྱིམ་ཚང་གི་ཞིང་རར་འདེགས་སྐྱོར་བྱ་དགོས། ཚད་ལྡན་ཅན་གྱི་ཞིང་པའི་མཉམ་ལས་ཁང་འཛུགས་པར་ཤུགས་སྣོན་པ་དང། ཐོན་སྐྱེད་དང་མཁོ་འཚོང་ཡིད་རྟོན་བཅས“གནས་གསུམ་གཞི་གཅིག”གི་ཕྱོགས་བསྡུས་མཉམ་ལས་གོང་དུ་སྤེལ་དགོས། ཞིང་ལས་ཐོན་སྐྱེད་ཀྱི་གོ་རིམ་ཧྲིལ་བོ་སྤྱི་ཚོགས་ཅན་དུ་བསྒྱུར་བའི་ཞབས་ཕྱི་ཚོད་ལྟ་ཁུལ་གྱི་ཉམས་མྱོང་སྤྱི་སྡོམ་དང་ཁྱབ་སྤེལ་བྱ་དགོས་ཤིང། རྨོན་ཆས་ལས་སྒྲུབ་དང་། ཞིང་ཆུ་གཏོང་འདྲེན། གཅིག་གྱུར་འགོག་བཅོས། སྲོ་སྐམ་མཛོད་ཉར་སོགས་བདག་གཉེར་རང་བཞིན་གྱི་ཞབས་ཕྱིའི་རྩ་འཛུགས་ལ་འདེགས་སྐྱོར་གསོ་སྐྱོང་བྱ་དགོས། མཁོ་འཚོང་དང་སྦྲག་སྲིད། རྨོན་ཆས་སོགས་ཀྱི་མ་ལག་གིས་ཞིང་ལས་ལ་ཞབས་ཕྱི་སྒྲུབ་པའི་ཕྱོགས་བསྡུས་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་བྱ་བར་རྒྱབ་སྐྱོར་བྱས་ཏེ། སྲོལ་རྒྱུན་གྱི་ཞིང་ལས་ཐོན་ཁུངས་འཁོར་རྒྱུག་དྲ་ཚིགས་ནས་དེང་རབས་ཞིང་ལས་ཐོན་ཁུངས་ཕྱོགས་བསྡུས་ཞབས་ཕྱིའི་ཚོང་དོན་གྱི་རྣམ་པར་བསྒྱུར་བར་སྐུལ་འདེད་གཏང་དགོས། ས་གནས་ཀྱིས་ས་ཞིང་འཁོར་རྒྱུག་གི་གན་རྒྱ་ལག་ཏུ་བསྟར་བར་ཁག་ཐེག་དང་འགན་བཅོལ་བྱེད་ཐབས་འཚོལ་ཞིབ་བྱེད་པར་སྐུལ་བསྟོད་བྱ་དགོས། ཞིང་ལས་ཀྱི་གཞི་ཁྱོན་འོས་འཚམ་ཡིན་པའི་བདག་གཉེར་གདེང་འཇོག་དམིགས་ཚད་མ་ལག་ཞིབ་འཇུག་བྱས་ནས་བཙུགས་ཏེ། གཞི་ཁྱོན་ལྡན་པའི་བདག་གཉེར་སྐྱོན་བྲལ་ངང་གོང་དུ་འཕེལ་བར་ཁྲིད་སྟོན་བྱ་དགོས།

  7. དེང་རབས་ཞིང་ལས་ཀྱི་ཐོན་ལས་ར་བ་འཛུགས་སྐྲུན་བྱ་དགོས། གཞི་ཁྱོན་ཅན་གྱི་འདེབས་གསོ་རྟེན་གཞི་རྨང་གཞི་བྱས་ཤིང་། ཞིང་ལས་ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས་ཀྱིས་སྣེ་འཁྲིད་པར་བརྟེན་ནས། དེང་རབས་ཐོན་སྐྱེད་རྒྱུ་རྐྱེན་གཅིག་སྡུད་དང་། “ཐོན་སྐྱེད+ལས་སྣོན+ཚན་རྩལ”གྱི་དེང་རབས་ཞིང་ལས་ཐོན་ལས་ར་བ་འཛུགས་སྐྲུན་བྱ་དགོས་ཤིང། ལག་རྩལ་འདུས་གྲུབ་དང་ཐོན་ལས་མཉམ་འདྲེས། ལས་སྐྲུན་ལས་སྟེགས། ལྟེ་བའི་འགྱེད་འཕྲོ་སོགས་ཀྱི་རྩོལ་ནུས་འདོན་སྤེལ་བྱ་དགོས། ཐོན་ལས་ར་བའི་འཆར་འགོད་ཚན་རིག་དང་མཐུན་པར་གཏན་འབེབས་བྱས་ནས། ཐོན་སྐྱེད་དང་ལས་སྣོན། ཟོང་སྐྱེལ། ཞིབ་འཇུག་གསར་སྤེལ། དཔེ་སྟོན། ཞབས་ཕྱི་སོགས་ཀྱི་རྩོལ་ནུས་ཚན་པར་གཅིག་གྱུར་གྱིས་འཆར་འགོད་དང་བཀོད་སྒྲིག་བྱ་དགོས། ས་གནས་ཀྱིས་ཚད་གཞི་མཐོ་བའི་ཞིང་ཁའི་འཛུགས་སྐྲུན་དང་ཞིང་ལས་ཕྱོགས་བསྡུས་གསར་སྤེལ། དེང་རབས་ཞིང་ལས་ཐོན་སྐྱེད་གོང་སྤེལ་སོགས་ཀྱི་འབྲེལ་ཡོད་ལས་གཞིའི་མ་དངུལ་གཅིག་གྱུར་འཆར་འགོད་དང་བེད་སྤྱོད་བྱེད་པར་རྒྱབ་སྐྱོར་བྱ་དགོས་པ་དང། གཅིག་བསྡུས་ཀྱིས་ཐོན་ལས་ར་བའི་རྟེན་གཞི་སྒྲིག་ཆས་དང་ཆ་འགྲིག་ཞབས་ཕྱི་མ་ལག་འཛུགས་སྐྲུན་བྱ་དགོས། སྣེ་ཁྲིད་ཁེ་ལས་དང་ཚན་རྩལ་ཞིབ་འཇུག་ལས་ཁུངས་ཚུར་བཀུག་ནས་ཐོན་ལས་ར་བ་འཛུགས་སྐྲུན་དང་བདག་གཉེར་བྱེད་དུ་འཇུག་པ་དང། སྒྲིག་ཆས་ཞིང་ལས་དང་གནད་ཁེལ་ཞིང་ལས། ལས་སྣོན་ཞིབ་ཚགས། དེང་རབས་ཚོང་གཉེར་སོགས་འཕེལ་རྒྱས་སུ་གཏོང་བ་དང་། རྣམ་པ་གསར་བའི་ཞིང་ལས་བདག་གཉེར་མཁན་གཙོ་བོ་དང་ཞིང་པའི་ཁྱིམ་ཚང་གིས་ཆེད་ལས་ཅན་དང་ཚད་ལྡན་ཅན། ལེགས་བསྡུས་ཞིབ་གཉེར་ཅན་གྱི་ཐོན་སྐྱེད་བྱེད་པར་སྣེ་འཁྲིད་དགོས་ཤིང། ཞིང་ལས་ཀྱི་གནད་འགག་ཡོད་ཚད་ཀྱི་རིམ་པ་སྤར་བ་དང་འབྲེལ་ཐག་ཡོངས་རྫོགས་ཀྱི་རིན་ཐང་འཕར་བར་སྐུལ་འདེད་གཏང་དགོས། ཞིང་པའི་ཁྱིམ་ཚང་དང་གྲོང་གསེབ་ཏུ་ལོག་མཁན་ནམ་གཤམ་སྐྱོད་མི་སྣས་མངག་ཐོ་ཞིང་ལས་དང་མ་རྐང་མཉམ་ལས། ར་བར་ཞུགས་ཏེ་ལས་སྐྲུན་ལས་ཞུགས་སོགས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས། འཛུགས་སྐྲུན་ལ་ཐེ་ཞུགས་དང་ཕན་ཁེ་མཉམ་སྤྱོད་བྱེད་པར་སྐུལ་མ་གཏང་དགོས།

  8.ཞིང་ལས་ཐོན་རྫས་ཀྱི་རྒྱལ་སྤྱིའི་ཉོ་ཚོང་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས། རྒྱལ་སྤྱིའི་ཁྲོམ་ར་གཅིག་གྱུར་འཆར་འགོད་ངང་བེད་སྤྱོད་དང་། རྒྱལ་ནང་གི་ཞིང་ལས་ཐོན་རྫས་ཀྱི་འདོན་སྤྲོད་སྒྲིག་གཞི་ལེགས་སྒྱུར་བྱ་དགོས་ཤིང། འདྲ་མཉམ་ངང་འགྲན་རྩོད་བྱེད་པའི་ཞིང་ལས་ཐོན་རྫས་ནང་འདྲེན་གྱི་ཁྲོམ་རའི་ཁོར་ཡུག་འཐུས་ཚང་དུ་གཏང་དགོས། རིགས་སྣ་དབྱེ་སྟེ་ལུགས་མཐུན་གྱིས་ནང་འདྲེན་གྱི་གཞི་ཁྱོན་དང་གོམ་འགྲོས་ཚོད་འཛིན་བྱས་ནས། རྒྱལ་ནང་གི་ཞིང་ལས་ཐོན་ལས་ཀྱི་བདེ་འཇགས་ཁག་ཐེག་བྱ་དགོས། ཞིང་ལས་ཐོན་རྫས་གཙོ་བོའི་སྒོ་ཁྲལ་ཚད་སྡེབ་དོ་དམ་འཐུས་ཚང་དུ་བཏང་ནས། འགག་སྒོའི་ཉེན་ཁ་ཚོད་བཀག་དང་དངོས་ཡོད་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བྱ་དགོས། ཞིང་ལས་ཐོན་རྫས་ཉོ་འཚོང་ལ་ཁ་གསབ་སྟེར་བར་ངོ་རྒོལ་དང་ཕམ་འཚོང་ལ་ངོ་རྒོལ། འགན་སྲུང་ཐབས་ལམ་སོགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་འཐུས་ཚང་དུ་བཏང་ནས། ནང་འདྲེན་བྱས་པའི་ཞིང་ལས་ཐོན་རྫས་ལ་ཁྲིམས་ལྟར་ཉོ་འཚོང་རྒུད་སྐྱོབ་ཀྱི་ཞིབ་བཤེར་བྱ་དགོས། དགེ་མཚན་ཅན་གྱི་ཞིང་ལས་ཐོན་རྫས་ཕྱིར་གཏོང་ཚད་རྒྱ་བསྐྱེད་པར་སྐུལ་བསྟོད་དང་ཕྱི་གླིང་ལ་འོས་སྦྱོར་བྱེད་ཤུགས་ཇེ་ཆེར་གཏང་དགོས། ཕྱིར་གཏོང་གི་ཁྲལ་སློག་པའི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང། དགེ་མཚན་ཅན་གྱི་ཞིང་ལས་ཐོན་རྫས་ཀྱི་ཕྱིར་གཏོང་རྟེན་གཞིའི་རིགས་བསྒྱུར་རིམ་སྤར་ལ་སྐུལ་འདེད་གཏང་དགོས། ཞིང་ལས་ཕྱི་ཕྱོགས་ལ་མཉམ་ལས་བྱེད་ཐད་ཤུགས་བསྣན་ནས་ཞིང་ལས་ཕྱི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏང་དགོས། “རྒྱུད་གཅིག་ལམ་གཅིག”གི་འགྲམ་རྒྱུད་དང་མཐའ་འཁོར་གྱི་རྒྱལ་ཁབ་དང་ས་ཁུལ་གཙོ་གནད་དུ་བཟུང་སྟེ། ཞིང་ལས་ཁེ་ལས་ཀྱིས་རྒྱལ་ཁོངས་བརྒལ་ནས་བདག་གཉེར་བྱེད་པར་རྒྱབ་སྐྱོར་དང་། ཕྱི་རྒྱལ་དུ་ཐོན་སྐྱེད་རྟེན་གཞི་དང་ལས་སྣོན། མཛོད་ཉར་ཟོང་སྐྱེལ་སྒྲིག་ཆས་སོགས་འཛུགས་སྐྲུན་བྱས་ནས། རྒྱལ་སྤྱིའི་འགྲན་ཤུགས་ཡོད་པའི་ཁེ་ལས་ཆེན་པོ་དང་སྡེ་ཚོགས་ཆེན་པོ་གསོ་སྐྱོང་བྱ་དགོས། རྒྱལ་སྤྱིའི་ཉོ་ཚོང་གི་སྒྲིག་སྲོལ་དང་རྒྱལ་སྤྱིའི་ཚད་གཞི་གཏན་འབེབས་བཟོ་བཅོས་བྱེད་ཁྲོད་ཧུར་ཐག་གིས་ཞུགས་ནས། ཞིང་ལས་ཐོན་རྫས་ཀྱི་ངོས་ལེན་དཔང་དཔྱད་འབྲས་བུ་ཕན་ཚུན་གྱིས་ཁས་ལེན་པའི་བྱ་བར་སྐུལ་འདེད་གཏང་དགོས། ཞིང་ལས་ཐོན་རྫས་ ལྐོག་ཚོང་རྒྱག་པར་ངོ་རྒོལ་བྱེད་པའི་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་གཏིང་ཟབ་ཏུ་སྤེལ་ནས། ཆེད་དམིགས་ཀྱིས་རྡུང་རྡེག་འགུལ་སྐྱོད་སྤེལ་དགོས།

  གཉིས། ལྗང་མདོག་གི་ཐོན་སྐྱེད་བྱེད་སྟངས་སྐུལ་སྤེལ་བྱས་ཏེ། ཞིང་ལས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་ཇེ་ཆེར་གཏང་དགོས།

  9. ཞིང་ལས་ཀྱི་དྭངས་གཙང་ཐོན་སྐྱེད་སྐུལ་སྤེལ་བྱ་དགོས། རྫས་ལུད་དང་ཞིང་སྨན་འཕར་སྣོན་མེད་པའི་འགུལ་སྐྱོད་ཟབ་སྤེལ་བྱེད་པ་དང། སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པར་ཚོད་ལྟ་བྱས་ནས། ཞིང་ལས་ཀྱི་མ་རྩ་གྲོན་ཆུང་དང་ཕན་འབྲས་འཕར་སྣོན་བྱེད་པར་སྐུལ་འདེད་གཏང་དགོས། རྫས་ལུད་དང་ཞིང་སྨན་ལས་རིགས་ཀྱི་ཐོན་སྐྱེད་ལྟ་སྐུལ་དོ་དམ་དང་ཐོན་རྫས་ཁུངས་འདེད་མ་ལག་ཆ་ཚང་བར་འཛུགས་པ་དང། ལས་རིགས་སུ་ཞུགས་འཐུས་མིན་ལྟར་དོ་དམ་ནན་མོ་བྱ་དགོས། ནུས་མཐོའི་སྐྱེ་ཁམས་འཁོར་སྐྱོད་ཀྱི་འདེབས་གསོའི་རྣམ་པ་ཤུགས་ཆེན་པོས་ཁྱབ་སྤེལ་གཏོང་བ་དང། བྱ་ཕྱུགས་ཀྱི་གཅིན་སྟུག་མགྱོགས་མྱུར་གྱིས་གཅིག་སྡུད་སྒོས་ཐག་གཅོད་བྱ་དགོས་ལ། གཞི་ཁྱོན་ཅན་གྱི་རྫབ་རླངས་ཆེ་གྲས་སྐྱོན་བྲལ་ངང་གོང་དུ་སྤེལ་བར་སྐུལ་འདེད་གཏང་དགོས། རྫོང་རེ་སྡེ་ཚན་དུ་བྱས་ནས་ཞིང་ལས་ཀྱི་སྙིགས་རྫས་རྣམས་ཐོན་ཁུངས་ཅན་དུ་བསྒྱུར་ནས་བེད་སྤྱོད་པར་ཚོད་ལྟ་བྱེད་པ་དང། རྒྱུན་མཐུད་ཐུབ་པའི་ལས་གཉེར་དོ་དམ་རྐྱེན་སྲོལ་འཚོལ་ཞིབ་བྱས་ནས་གཟུག་དགོས། ས་གནས་སོ་སོས་ལོ་ཏོག་གི་སོག་མ་ཕྱོགས་བསྡུས་བེད་སྤྱོད་བྱེད་ཤུགས་ཇེ་ཆེར་གཏོང་བར་སྐུལ་བསྟོད་བྱ་དགོས་པ་དང། སོག་མ་སྣ་མང་ཅན་དུ་བེད་སྤྱོད་པར་གསབ་དངུལ་སྟེར་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། འགྱིག་སྐྱི་གཙང་མར་ཐོན་སྐྱེད་ཀྱི་ཚོད་ལྟ་དཔེ་སྟོན་མུ་མཐུད་དུ་བྱ་དགོས། རྒྱལ་ཁབ་ཀྱི་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཚོད་ལྟའི་དཔེ་སྟོན་ཁུལ་འཛུགས་པར་སྐུལ་འདེད་གཏང་དགོས།

  10.གཞི་ཁྱོན་ཆེན་པོའི་སྒོ་ནས་ཞིང་ལས་ཀྱི་ཆུ་སྲི་ལས་གྲྭ་ལག་བསྟར་བྱ་དགོས། ཞིང་ལས་ཀྱི་ཆུ་སྲིའི་བྱ་བ་དེ་ཁ་ཕྱོགས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་དོན་ཆེན་དུ་བརྩིས་ནས་དམ་འཛིན་བྱ་དགོས་ཤིང། རྒྱལ་ཁབ་ཀྱིས་ཞིང་ལས་ཀྱི་ཆུ་སྲི་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་མགྱོགས་མྱུར་ངང་འཐུས་ཚང་དུ་གཏང་དགོས། ཞིང་ཆུ་གཏོང་འདྲེན་གྱི་རྐང་འཛིན་ལས་གྲྭ་ཆེ་གྲས་དང་འབྲིང་གྲས་ཀྱི་ཆུ་སྲི་སྒྱུར་བཀོད་དང་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་བ་དང། འགྲོས་མཉམ་ངང་ཞིང་ཁའི་ཆུ་སྲི་སྒྲིག་ཆས་འཐུས་ཚང་དུ་བཏང་ནས་དེང་རབས་ཅན་གྱི་ཞིང་ཆུ་གཏོང་འདྲེན་ཁུལ་འཛུགས་སྐྲུན་བྱ་དགོས། ས་ཁོངས་ཀྱི་གཞི་ཁྱོན་ཅན་གྱི་ཕན་ནུས་མཐོ་ཞིང་ཆུ་བསྲིས་ནས་འདྲེན་པའི་འགུལ་སྐྱོད་ཤུགས་ཆེན་པོས་ལག་བསྟར་བྱེད་པ་དང། ཕན་ནུས་མཐོ་ཞིང་ཆུ་བསྲིས་ནས་འདྲེན་པའི་ལས་གྲྭ་ཁག་ཅིག་གཅིག་བསྡུས་ཀྱིས་བསྐྲུན་དགོས། འབྲོག་ཁུལ་ཏུ་ཕན་ནུས་མཐོ་ཞིང་ཆུ་བསྲིས་ནས་འདྲེན་པའི་གཟན་རྩྭ་འདེབས་ཞིང་འཛུགས་སྐྲུན་བྱེད་པར་གོམ་ཁ་བརྟན་པོའི་ངང་སྐུལ་འདེད་དང། སྐྱེ་ཁམས་ཉམ་ཐག་ས་ཁུལ་ཏུ་ས་འོག་གི་ཆུ་འཐེན་ནས་མིས་བཟོས་རྩྭ་རར་གཏོང་བར་ཚོད་འཛིན་ནན་མོ་བྱ་དགོས། ཞིང་ལས་ཆུ་སྲི་ལག་རྩལ་གྱི་ཐོན་རྫས་ཀྱི་ཚད་གཞིའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏང་དགོས། རིགས་སྣ་ཁ་ཚང་ཞིང་མ་ལག་ཆ་ཚང་བ། ནུས་པར་ཡིད་ཆེས་ཆོག་པའི་ཆུ་བསྲིས་ནས་གཏོང་འདྲེན་ལག་རྩལ་དང་ཐོན་རྫས་མགྱོགས་མྱུར་གྱིས་གསར་སྤེལ་བྱེད་ཅིང་། ཞིང་ཆུ་གཏོར་འདྲེན་དང་ཟགས་འདྲེན་སོགས་ཆུ་བསྲིས་ནས་གཏོང་འདྲེན་ལག་རྩལ་ཤུགས་ཆེན་པོས་ཁྱབ་གདལ་དུ་གཏོང་བ་དང། ཆུ་ལུད་གཞི་གཅིག་ཅན་སོགས་ཞིང་ལས་ཀྱི་ཆུ་སྲི་ལག་རྩལ་ཁྱབ་གདལ་གཏོང་ཤུགས་ཇེ་ཆེར་གཏང་དགོས། ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་བཅོས་སྒྱུར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ས་གནས་སྲིད་གཞུང་གི་གཙོ་གཞིའི་འགན་འཁྲི་ལག་བསྟར་བྱས་ནས། ལུགས་མཐུན་གྱི་ཆུ་རིན་གྲུབ་པའི་རྐྱེན་སྲོལ་དང་ཆུ་སྲི་སྐུལ་སློང་རྐྱེན་སྲོལ་མགྱོགས་མྱུར་གྱིས་འཛུགས་དགོས། གྲངས་བཅད་ལྟར་ཆུ་སྤྱོད་པའི་དོ་དམ་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱེད་པ་དང། རྫོང་ཁོངས་ཀྱི་ཆུ་སྲི་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་ཚད་ལོངས་མིན་དཔྱད་ཞིབ་བྱ་དགོས། རྒྱལ་ཡོངས་ཀྱི་ཆུའི་ཐོན་ཁུངས་ལ་བརྟག་དཔྱད་གདེང་འཇོག་ཐེངས་གསུམ་པ་བྱ་དགོས།