2016ལོའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ཐེངས་བཅུ་གསུམ་པའི་ལོ་ལྔའི་འཆར་འགོད་ཀྱི་རྩ་གནད།(༧)

ས་བཅད་བཞི་བ། མཁར་གྲོང་འཕེལ་རྒྱས་གཅིག་འགྲིལ་ཅན་ཡོང་བར་སྐུལ་འདེད་གཏོང་རྒྱུ། བཟོ་ལས་ཀྱིས་ཞིང་ལས་གསོ་བ་དང་། གྲོང་ཁྱེར་གྱིས་གྲོང་གསེབ་ལ་རྒྱབ་སྐྱོར་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་གཉིས་གྲུབ་ཚུལ་བསྒྱུར་བཀོད་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་རྐྱེན་གཙོ་བོ་འདྲ་མཉམ་བརྗེ་རེས་དང་། ལུགས་མཐུན་བཀོད་སྒྲིག གཞི་རྩའི་སྤྱི་པའི་ཞབས་ཞུ་འདྲ་མཚུངས་ཅན་མངོན་འགྱུར་འབྱུང་བར་ཡར་སྐུལ་བྱས་ཏེ། བཟོ་ལས་ཀྱིས་ཞིང་ལས་ལ་སྐུལ་འདེད་དང་གྲོང་ཁྱེར་གྱིས་གྲོང་གསེབ་ལ་སྐུལ་ཁྲིད། བཟོ་ལས་དང་ཞིང་ལས་ཕན་ཚུན་རོགས་སྐྱོར། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་བཀོད་འདོམས་བཅས་བྱེད་པའི་རྣམ་པ་གསར་བ་ཆགས་སུ་འཇུག་རྒྱུ།

  གཅིག  གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་བྱེད་པར་ཤུགས་སྣོན་གཏོང་རྒྱུ།  འགྱིག་སོབ་ལྟ་བུའི་གྲོང་ཁྱེར་གྱི་འཛུགས་སྐྲུན་ལས་གྲྭ། བགྲོད་ལམ་ཐང་ཆེན་དང་སྤྱི་གླིང་ལྗང་མདོག ཆར་ཆུ་སོགས་བསྡུ་ལེན་དང་གཙང་སྒྱུར། བཀོལ་སྤྱོད་བཅས་ལག་བསྟར་བྱས་ཏེ། མཁར་གྲོང་གི་ཆུ་འཕུད་ཞོད་འགོག ཆར་ཆུ་དང་བཙོག་ཆུ་དབྱེ་འབྱེད། ཆར་ཆུ་གསོག་པ་བཅས་ཀྱི་ནུས་པ་ཇེ་མཐོར་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་གཅིག་འགྲིལ་ཅན་ཡོང་བར་ཡར་སྐུལ་བྱེད་པ་དང་། མཁར་གྲོང་འཆར་འགོད་དང་མཐའ་འཁོར་ཞིང་སྡེའི་འཆར་འགོད་གཉིས་ཐོན་ལས་གྲུབ་ཚུལ་དང་རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན། སྐྱེ་ཁམས་བར་སྟོང་བཀོད་སྒྲིག་བྱེད་ཚུལ་སོགས་ཀྱི་ཕྱོགས་ནས་འབྲེལ་མཐུད་ཡོང་བ་བྱས་ཏེ། མཁར་གྲོང་གིས་ཞིང་སྡེ་ལ་ལྡོག་འཕྲོ་སྐུལ་ཁྲིད་བྱེད་པའི་ནུས་པ་ཇེ་མཐོར་གཏོང་རྒྱུ། ཚན་རིག་དང་མཐུན་པའི་སྒོ་ནས་སྡེ་བ་དང་གྲོང་རྡལ་གྱི་སྤྱིའི་འཆར་འགོད་སྒྲིག་བཟོ་བྱེད་པ་དང་། ལྟེ་གནས་སྡེ་བ་འཕེལ་རྒྱས་དང་ཁྱད་ཆོས་ལྡན་པའི་སྡེ་བར་སྲུང་སྐྱོབ། སྟོང་བར་ལུས་པའི་སྡེ་བ་ལེགས་བཅོས་བཅས་བྱ་དགོས་པའི་བླང་བྱ་ལྟར། ཞིང་སྡེ་སྡོད་ཁང་དང་འབྲོག་ཁུལ་གཞིས་དམངས་ཀྱི་འདུས་སྡོད་ཁུལ་འཛུགས་སྐྲུན་བྱེད་པར་ལུགས་མཐུན་སྒོས་སྐུལ་ཁྲིད་བྱེད་པ་དང་། རོང་འབྲོག་པའི་ཐོན་སྐྱེད་ལུགས་མཐུན་ཚངས་ཕྱེད་དང་འཚོ་བའི་གོམས་སྲོལ་དང་འགྲིམ་འགྲུལ་ཆ་རྐྱེན་སོགས་ལེགས་བཅོས་བྱེད་པར་བསམ་བློ་གང་ལེགས་བཏང་སྟེ། རོང་འབྲོག་པ་འཐད་པ་བྱུང་བའི་རྨང་གཞིའི་སྟེང་། སྡེ་བ་དང་འདུས་སྡོད་ཁུལ་གྱི་གྲུབ་ཚུལ་དེ་ཐ་ཐོར་ནས་ཅུང་འདུས་སྡོད་ཡིན་པར་བསྒྱུར་རྒྱུ།གཉིས།གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་རྒྱུ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུ་གཅིག་འགྲིལ་ཅན་ཡོང་བར་ཡར་སྐུལ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འབྲེལ་མཐུད་ཡོང་ཚད་ཇེ་དྲག་ཏུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་གྲོང་ཁྱེར་དང་གྲོང་གསེབ་ཏུ་དྲ་སྦྲེལ་མཉམ་སྤྱོད་ཡོང་བར་ཡར་སྐུལ་བྱ་རྒྱུ། མཁར་གྲོང་གི་སྤྱི་པའི་ཞབས་ཞུ་བཟང་པོ་རོང་འབྲོག་ཁུལ་དུ་བསྲིང་ཚད་ཇེ་མགྱོགས་སུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་མཐུད་འབྲེལ་དང་ལུགས་མཐུན་འཁོར་རྒྱུག་ཡོང་བ་མངོན་འགྱུར་བྱ་རྒྱུ། སྤྱི་པའི་ནོར་སྲིད་ཀྱིས་རོང་འབྲོག་ཁུལ་ཁེབས་པའི་ཁྱབ་ཁོངས་རྒྱ་སྐྱེད་དེ། སྤྱི་པའི་ཞབས་ཞུ"ཞིང་གསུམ"སྟེང་གཏོང་བའི་བསྡུར་ཚད་ཇེ་མཐོར་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་ཆ་གཙོ་བོ་འདྲ་མཉམ་གྱིས་བརྗེ་རེས་བྱེད་པར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་ཡིན་པའི་མི་ཤུགས་ཐོན་ཁུངས་ཚོང་ར་བཙུགས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པ་འདྲ་མཉམ་སྒོས་ལས་ཀར་ཞུགས་པ་དང་ལས་ཀ་འདྲ་བར་ཐོབ་ཆ་འདྲ་བ་ཡོང་དུ་འཇུག་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཏུ་གཅིག་གྱུར་གྱི་འཛུགས་སྐྲུན་བྱེད་སའི་ཚོང་ར་བཙུགས་ནས། ས་ཞིང་བཀོད་སྒྲིག་བྱེད་པའི་ཕན་ནུས་དང་རོང་འབྲོག་པའི་ས་ཞིང་རིན་འཕར་ཁྲོད་ཀྱི་ཁེ་ཕན་ཇེ་མཐོར་གཏོང་རྒྱུ། ཞིང་ལས་ཚན་རྩལ་མི་སྣ་གཞི་རིམ་དུ་འགྲོ་བ་དང་ཞིང་ལས་ཚན་རྩལ་གྲུབ་འབྲས་བསྒྱུར་བ། སྔོན་ཐོན་ཅན་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་དུ་གཏོང་བ་བཅས་ཀྱི་སྐུལ་སློང་དང་ཁེ་ཕན་མཉམ་སྤྱོད་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་རྒྱུ། "ཞིང་གསུམ"དངུལ་རྩའི་ཞབས་ཞུ་གསར་སྐྲུན་དང་། སྲིད་ཇུས་རང་བཞིན་དང་མཉམ་འབྲེལ་རང་བཞིན་གྱི་དངུལ་རྩའི་ནུས་པ་འདོན་སྤེལ་བྱས་ཏེ། སྤྱི་ཚོགས་ཀྱི་རྒྱུ་ནོར་དེ་ཞིང་སྡེའི་དངུལ་རྩའི་ལས་ཁུངས་གསར་བ་འཛུགས་པའི་ནང་ཞུགས་པར་རྒྱབ་སྐྱོར་བྱ་རྒྱུ།གསུམ།མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་བྱ་རྒྱུ།2020ལོའི་བར། མཐོ་སྒང་གི་མཛེས་པའི་ཡུལ་གྲོང1500འཛུགས་སྐྲུན་བྱེད་ཚར་དུ་འཇུག་རྒྱུ། "ལོ་ཏོག་ཞིང་ནང་དུ་འདེབས་པ་དང་། མི་རྣམས་མཁར་གྲོང་དུ་སྡོད་པ། རྨང་གཞིའི་སྒྲིག་བཀོད་མཁར་གྲོང་ཅན་དུ་འགྱུར་བ། འཚོ་བའི་ཞབས་ཞུ་སྡེ་ཁུལ་ཅན་དུ་འགྱུར་བ། འཚོ་བ་རོལ་སྟངས་གཞིས་དམངས་ཅན་དུ་འགྱུར་བའི"ཞིང་སྡེ་དང་འབྲོག་ཁུལ་གསར་བའི་རྣམ་པ་ཆགས་པར་ཡར་སྐུལ་བྱ་རྒྱུ། ཚན་རིག་དང་མཐུན་པའི་སྒོ་ནས་སྡེ་བ་དང་གྲོང་རྡལ་གྱི་མ་ལག་དང་བཀོད་སྒྲིག་འཆར་འགོད་བྱེད་པ་དང་། 《རྫོང་ཁོངས་ཀྱི་སྡེ་བའི་མ་ལག་འཆར་འགོད》དང《སྡེ་བའི་འཛུགས་སྐྲུན་འཆར་འགོད》ལག་བསྟར་བྱེད་ཚད་སྔར་ལས་ཇེ་དྲག་ཏུ་གཏོང་བ། ཞིང་སྡེ་དང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད། སྡོད་ཁང་འཛུགས་སྐྲུན་བཅས་གཅིག་གྱུར་བཀོད་སྒྲིག་བྱེད་པ། སྡེ་བའི་ཁོར་ཡུག་ལེགས་བཅོས་བྱེད་པར་ཤུགས་སྣོན་པ། དྭངས་གཙང་གི་ནུས་ཁུངས་བཀོལ་སྤྱོད་དང་ཁྱབ་གདལ་དུ་གཏོང་ཚད་ཇེ་ཆེར་གཏོང་བ་བཅས་བྱས་ཏེ། ཆ་རྐྱེན་ལྡན་པའི་སྡེ་ཁུལ་དུ་ཧུར་བརྩོན་སྒོས་གནས་སྐོར་ཞབས་ཞུ་དང་ཞིང་ཕྱུགས་ཐོན་རྫས་ལས་སྣོན། ཁྱད་ལྡན་ལག་བཟོས་དངོས་པོ། བཟའ་བཏུང་སོགས་ཀྱི་ཐོན་ལས་འཕེལ་རྒྱས་སུ་གཏོང་རྒྱུ་དང་། སྡེ་བ་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་ལེགས་བཅོས། ལས་རིགས་དར་སྤེལ་དང་མི་དམངས་ཕྱུག་པོར་བསྒྱུར་བ་སོགས་ཀྱི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱས་ཏེ། ཞིང་ར་མཛེས་ཤིང་སྡེ་བ་མཛེས་པ། འཚོ་བ་མཛེས་པའི་ཞིང་སྡེ་སྐོར་ཞིག་བསྐྲུན་རྒྱུ།
        ས་བཅད་ལྔ་བ།ས་ཁོངས་བར་ཕན་ཚུན་ཁ་གསབ་དང་ཕན་ཚུན་སྐུལ་ཁྲིད་ཅན་གྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ།ལེགས་ཆ་ཕན་ཚུན་ཁ་གསབ་དང་མཉམ་དུ་འཕེལ་རྒྱས་ཡོང་བ་རྒྱུན་འཁྱོངས་བྱེད་པ་དང་། མཐའ་འཁོར་ཞིང་ཆེན་དང་ས་ཁུལ་གྱི་དཔལ་འབྱོར་ལག་རྩལ་མཐུན་སྦྱོར་ཡོང་བར་ཤུགས་བསྣན་ཏེ། ས་ཁོངས་གཅིག་འགྲིལ་ཅན་གྱི་མཉམ་འབྲེལ་རྐྱེན་སྲོལ་མྱུར་དུ་ཆགས་སུ་འཇུག་པ་དང་། ཀན་སུའུ་དང་སི་ཁྲོན། ཞིན་ཅང་། བོད་ལྗོངས་བཅས་ཀྱི་མཐའ་འཁོར་ཞིང་ཆེན་དང་ལྗོངས་སུ་མཉམ་འགུལ་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱ་རྒྱུ།  གཅིག  ལན་ཀྲིག་དང་ཟི་ལིང་གི་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ།  རྒྱལ་ཁབ་ཀྱིས་རྨང་གཞིའི་སྒྲིག་བཀོད་དང་ཐོན་ཁུངས་བཀོད་སྒྲིག སྐྱེ་ཁམས་སྲུང་སྐྱོབ། ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཕྱོགས་ནས་ལན་ཀྲིག་དང་ཟི་ལིང་གི་དཔལ་འབྱོར་ཁུལ་དང་གྲོང་ཁྱེར་ཚོམ་འཕེལ་རྒྱས་སུ་གཏོང་བའི་ཐད་རྒྱབ་སྐྱོར་བྱེད་ཚད་ཇེ་ཆེར་གཏོང་བ་བརྩོན་ལེན་བྱ་རྒྱུ། འགྲིམ་འགྲུལ་དང་ནུས་ཁུངས་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཐུན་མོང་འཆར་འགོད་འཛུགས་སྐྲུན་ཇེ་ཆེར་བཏང་ནས། རིམ་གྱིས་ནུས་མཐོ་དང་སྟབས་བདེ། མཉམ་སྤྱོད་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་དྲ་རྒྱ་ཆགས་སུ་འཇུག་རྒྱུ། ཐོན་ལས་མཐུད་འབྲེལ་དང་མཉམ་འབྲེལ་བྱེད་པར་ཤུགས་བསྣན་ཏེ། གཙོ་གནད་ཡོད་པའི་སྒོ་ནས་ཐོན་ལས་བསྒྱུར་བ་དང་ཁྱད་ལྡན་ལེགས་ཆ་ཡོད་པའི་ཐོན་ཁུངས་གསར་སྤེལ་བྱེད་པ་སོགས་ཀྱི་ཕྱོགས་ནས་ལས་གཞི་གལ་ཆེན་སྐོར་ཞིག་འཆར་འགོད་དང་བཀོད་སྒྲིག་བྱ་རྒྱུ། མེན་ཧི་ཁྲོན་ཁུག་དང་ལན་ཀྲིག་ཧེ་ཧྲི་ཝན་གྱིས"ཁྲོན་ཧེ་མཁར་གསར"འཛུགས་པར་སྐུལ་འདེད་བཏང་སྟེ། དེ་ཟི་ལིང་དང་ལན་ཀྲིག་གྲོང་ཁྱེར་ཆེན་པོ་གཉིས་ཀྱི་སྦྲེལ་གནས་གཙོ་བོར་འགྱུར་དུ་འཇུག་རྒྱུ། གཉིས།མཐའ་བསྐོར་ས་ཁུལ་ལ་བརྗེ་རེས་དང་མཉམ་འབྲེལ་བྱེད་པར་ཤུགས་སྣོན་གཏོང་རྒྱུ། ཁྲིན་ཏུའུ་དང་ཁྲོན་ཆིན་དཔལ་འབྱོར་ཁུལ་དང་གཞན་ད་རུང་ཀན་སུའུ་དང་ཞིན་ཅང་། བོད་ལྗོངས་བཅས་བར་གྱི་བརྗེ་རེས་དང་མཉམ་འབྲེལ་གཅིག་གྱུར་འཆར་འགོད་བྱས་ཏེ། ས་ཁོངས་ཀྱི་བརྗེ་རེས་དང་མཉམ་འབྲེལ་བར་སྟོང་སྔར་ལས་རྒྱ་སྐྱེད་རྒྱུ། ཟི་ལིང་ནས་ཁྲིན་ཏུའུ་བར་ལྕགས་ལམ་འཛུགས་སྐྲུན་བྱེད་པ་དེ་གོ་སྐབས་སུ་བཟུང་ནས། ཟི་ལིང་ནས་ཁྲིན་ཏུའུ་ས་ཁོངས་ཀྱི་འཕེལ་རྒྱས་མཉམ་འབྲེལ་རྐྱེན་སྲོལ་ཞིབ་འཇུག་བྱས་ནས་འཛུགས་པ་དང་། ཐབས་ཇུས་དང་མཐུན་སྦྱོར། ལག་བསྟར་བཅས་ཀྱི་རིམ་པ་ནས་མཉམ་འབྲེལ་འཕེལ་རྒྱས་ཀྱི་ཞིབ་ཕྲའི་འགྲོ་ལམ་སྔ་ནུར་སྒོས་ཇུས་འགོད་བྱ་རྒྱུ་དང་། ནུས་ཁུངས་ཐོན་ཁུངས་དང་ཐོན་ལས་སྤོ་བསྒྱུར། སྤྱི་ཚོགས་འཕེལ་རྒྱས། དམངས་འཚོ་ལེགས་བཅོས། ཚན་རྩལ་གསར་སྐྲུན། སྐྱེ་ཁམས་སྲུང་སྐྱོབ་བཅས་ཀྱི་ཁྱབ་ཁོངས་ནས་དོན་དངོས་མཉམ་འབྲེལ་བྱ་རྒྱུ། འགྲིམ་འགྲུལ་ལམ་ཆེན་དང་སྐྱེ་ཁམས་སྒྲིབ་དངོས་མྱུར་དུ་འཛུགས་སྐྲུན་བྱེད་པ་དེ་མགོ་རྩོམ་ས་བྱེད་པ་དང་། ཀན་སུའུ་དང་ཞིན་ཅང་། བོད་ལྗོངས་བཅས་ལ་ནུས་ཁུངས་ཐོན་ཁུངས་སོགས་ཀྱི་ཁྱབ་ཁོངས་ནས་ཐོན་ལས་མཉམ་འབྲེལ་བྱེད་པར་ཤུགས་བསྣན་ཏེ། ཐོན་ཁུངས་གསར་སྤེལ་དང་རྣམ་པ་བསྒྱུར་བར་མཉམ་དུ་སྐུལ་འདེད་གཏོང་རྒྱུ། རིག་གནས་གནས་སྐོར་མཉམ་འབྲེལ་ཕུན་ཚོགས་སུ་བཏང་ནས། མཉམ་དུ་གནས་སྐོར་ཚོང་ར་གསར་སྤེལ་བྱ་རྒྱུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་ཐད་ནས་བརྗེ་རེས་དང་མཉམ་འབྲེལ་བྱས་ཏེ། མཉམ་དུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྒྲིབ་དངོས་ལེགས་པོར་འཛུགས་རྒྱུ། གསུམ།ཧུར་བརྩོན་སྒོས་ཐོན་ལས་སྤོ་བསྒྱུར་འབྲེལ་ཆགས་ཡོང་བ་བྱ་རྒྱུ། ཐོན་ཁུངས་ཁྱད་ཆོས་དང་ཐོན་ལས་རྨང་གཞི་ལ་དམིགས་པ་དང་། ཞིབ་ཚགས་ལས་སྣོན་དང་སྤུས་ལེགས་བཟོ་སྐྲུན་གྱི་ཐོན་ལས་སྐོར་ཞིག་ཤུགས་ཆེན་པོས་འབྲེལ་ཆགས་དང་ནང་འདྲེན་བྱས་ཏེ། ཕྱིར་གཏོང་ཚོང་རྫས་ལས་སྣོན་རྟེན་གཞི་འཛུགས་རྒྱུ། ཐོན་ལས་སྤོ་བསྒྱུར་འབྲེལ་ཆགས་བྱེད་པར་དམིགས་ཏེ། ཚད་དང་ལྡན་ཞིང་གོ་རིམ་ཡོད་པའི་སྒོ་ནས་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། ན་གོར་མོ་གྲོང་ཁྱེར་བཅས་སུ་ཞིང་ཆེན་རིམ་པའི་ཕྱི་རོལ་དུ་སྒོ་འབྱེད་པའི་དཔལ་འབྱོར་མཉམ་ལས་ཁུལ་བཙུགས་ནས། རྒྱལ་ཁབ་རིམ་པའི་ཐོན་ལས་སྤོ་བསྒྱུར་འབྲེལ་ཆགས་དཔེ་སྟོན་ཁུལ་འཛུགས་པར་བརྩོན་ལེན་བྱེད་རྒྱུ།
ལེའུ་ལྔ་བ།ལྗང་མདོག་འཁོར་སྐྱོད་ཀྱི་ཐོན་ལས་མ་ལག་འཛུགས་རྒྱུ།  རྒྱལ་ཁབ་ཀྱི་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། མཁོ་འདོན་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་བྱེད་པར་སྐུལ་འདེད་གཏོང་བ། མཁོ་འདོན་མ་ལག་གི་སྤུས་ཚད་དང་ལས་ཆོད་ཇེ་མཐོར་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་དེ་ཁ་ཕྱོགས་གཙོ་བོ་བྱེད་པ་བཅས་བྱས་ཏེ། ཐོན་ལས་གྲུབ་ཚུལ་ལུགས་མཐུན་མིན་པ་དང་སྲོལ་རྒྱུན་ཐོན་ལས་ཀྱི་ཕན་འབྲས་མི་མཐོ་བ། ཐོན་ལས་གསར་བའི་གཞི་ཁྱོན་མི་ཆེ་བ་སོགས་ཀྱི་གནད་དོན་ཤུགས་ཆེན་པོས་ཐག་གཅོད་དང་། ཐོན་ལས་མཐོ་འབྲིང་གི་གྲས་སུ་སྐྱོད་པར་སྐུལ་འདེད་བཏང་ནས། ལྗང་མདོག་འཁོར་སྐྱོད་དང་སྐུལ་འདེད་གསར་སྐྲུན། ཁྱད་ཆོས་འབུར་དུ་དོད་པ། ཕན་འབྲས་མངོན་གསལ་བཅས་ཡིན་པའི་ཐོན་ལས་མ་ལག་གསར་པ་ཞིག་འཛུགས་པ་དང་། ཐོན་ལས་ཀྱི་ཕྱོགས་བསྡུས་འགྲན་རྩོད་ནུས་པ་བསྟུད་མར་ཇེ་མཐོར་གཏོང་རྒྱུ།
 ས་བཅད་དང་པོ།མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་རྒྱ་སྐྱེད་གཏོང་རྒྱུ།ལེགས་བསྡུས་ཞིབ་གཉེར་ཅན་དང་སྐྱེ་ལྡན་ཅན། སྤུས་རྟགས་ཅན་བཅས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཞིང་ཕྱུགས་ཀྱི་འཕེལ་རྒྱས་གཏོང་སྟངས་བསྒྱུར་ཚད་ཇེ་མགྱོགས་སུ་བཏང་ནས། ཞིང་ལས་དང་ཕྱུགས་ལས་འཁོར་སྐྱོད་དང་། གཞི་ཁྱོན་བདག་གཉེར་དང་སྤུས་རྟགས་ཕན་འབྲས་གཉིས་གཅིག་ལྕོགས་ཡོང་བ། ཐོན་ལས་དང་པོ་དང་གཉིས་པ་དང་གསུམ་པ་མཉམ་དུ་འཕེལ་རྒྱས་ཡོང་བ་བཅས་ཀྱི་ཁྱད་ཆོས་ལྡན་པའི་བགྲོད་ལམ་ཞིག་ཏུ་སྐྱོད་རྒྱུ།  གཅིག  ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཇེ་མཐོར་གཏོང་རྒྱུ།2020ལོའི་བར། རོང་འབྲོག་པར་བཟའ་འབྲུ་འདང་བར་མ་ཟད་ལྷག་མ་ཡོད་པ་དང་། སྔོ་ཚོད་ཀྱི་འདང་ཚད་བསྟུད་མར་ཇེ་མཐོར་འགྲོ་བའམ་ཐོན་སྐྱེད་ཆུ་ཚད་སྔར་ལས་སྐས་རིམ་གསར་བར་སྤོ་བ། སྐམས་ལུག་ཤ་དང་འོ་མའི་རིགས། ཞོག་ཁོག འབྲུ་སྣུམ་བཅས་ཀྱི་མི་རེའི་ཆ་སྙོམས་ཀྱི་ཁེབས་ཚད་ནུབ་རྒྱུད་དང་ཐ་ན་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་ཚུད་པ་མངོན་འགྱུར་བྱ་རྒྱུ། འབྲུ་རིགས་ཀྱི་ཐོན་ཚད་བརྟན་རླིང་ཡོང་བ་དང་ཕྱུགས་ལས་ཐོན་རྫས་ནུས་ལྡན་སྒོས་འདོན་སྤྲོད་བྱེད་ཚད་ཇེ་མང་དུ་གཏོང་བ། "ཚོད་སླེ"ཐོན་སྐྱེད་ཆུ་ཚད་ཇེ་མཐོར་གཏོང་བ། རོང་འབྲོག་པའི་ཡོང་སྒོ་འཕར་བར་སྐུལ་འདེད་གཏོང་བ་བཅས་དམིགས་འབེན་གཙོ་བོར་བཟུང་ནས། ཞིང་པ་སྟོབས་ལྡན་དང་ཞིང་པར་ཕན་པ། ཞིང་པ་ཕྱུག་པོར་བསྒྱུར་བ་བཅས་ཀྱི་སྲིད་ཇུས་འདོན་ཚད་ཇེ་ཆེར་གཏོང་བ་དང་། ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་བསྟུད་མར་ཇེ་མཐོར་གཏོང་རྒྱུ། རྨོ་ཞིང་གི་ཆུ་བེད་དང་འཕྲུལ་ཆས་ཀྱིས་ཞིང་འདེབས་པའི་ལམ། རྨོ་ཞིང་ནགས་དྲ་བཅས་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། ཚད་གཞི་མཐོ་བའི་རྨོ་ཞིང་འཛུགས་སྐྲུན་བྱ་རྒྱུ་དང་། རྨ་ཆུ་དང་ཙོང་ཆུའི་འབབ་རྒྱུད་ཀྱི་ས་ཞིང་ལེགས་སྒྲིག་དང་ཐོན་འབབ་དམའ་བའི་ས་ཞིང་བསྒྱུར་བཀོད་བྱེད་པར་སྐུལ་འདེད་གཏོང་རྒྱུ། རྨོ་ཞིང་བེད་མེད་དུ་འཇོག་པར་སྔོན་འགོག་བྱེད་དགོས། ཞིང་ཕྱུགས་ལས་ཀྱི་དངོས་པོའི་སྒྲིག་ཆས་ཆུ་ཚད་ཇེ་མཐོར་གཏོང་བ་དང་། སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ཞིང་ཕྱུགས་ལས་འཕྲུལ་ཆས་ཁྱབ་གདལ་དུ་གཏོང་བ། སྒྲིག་བཀོད་ཞིང་ཕྱུགས་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་བཅས་བྱས་ཏེ། མིས་བཟོས་གཟན་རྩྭའི་རྟེན་གཞི་དང་ནུས་གྲོན་དྲོད་ཁང་། ཕྱུགས་སྤྱོད་སྤྱིལ་ཁང་། རྩྭ་གསོག་ཁང་། ནོར་ལུག་ལག་གསོ་ཚོ་གསོ་སོགས་བྱེད་པའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ཏེ། སྔོ་ཚོད་སིལ་ཏོག་དང་ཤ་སྒོང་འོ་མ། ཆུའི་ཐོན་རྫས་སོགས་ཀྱི་ལེགས་ཆའི་ཐོན་ཁུལ་འཛུགས་སྐྲུན་བྱེད་པ་དང་། ཞིང་ཕྱུགས་ཐོན་རྫས་ཀྱི་འདོན་སྤྲོད་ཆུ་ཚད་ནུས་ལྡན་སྒོས་ཇེ་མཐོར་གཏོང་རྒྱུ། གཙང་སའི་ཞིང་ལས་འགུལ་སྐྱོད་འཆར་གཞི་སྤེལ་དགོས་པ་དང་། སྲོག་ཆགས་ཆེ་རིགས་ཀྱི་ནད་ཡམས་དང་ལོ་ཏོག་གི་ནད་འབུ་འགོག་པའི་ནུས་པ་ཇེ་མཐོར་གཏོང་རྒྱུ། གཉིས། ཞིང་ཕྱུགས་ལས་ཐོན་ལས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་རྒྱུ། ས་ཁོངས་སོ་སོའི་ཞིང་ཕྱུགས་ནགས་ཉའི་ཐོན་ཁུངས་ཀྱི་ལེགས་ཆ་དང་ཕྱོགས་བསྡུས་ཆ་རྐྱེན་གཅིག་གྱུར་བྱེད་པ་དང་། "འཛམ་གླིང་འབྲི་གཡག་གི་ཕ་ཡུལ"དང"ཀྲུང་གོའི་འབྲོག་ལུག་གི་ཕ་ས" "ཀྲུང་གོའི་སྐྱེ་ལྡན་འཕང་འབྲས་གྱི་ཕ་ས" "ཀྲུང་གོའི་ཉ་གསོ་རྟེན་གཞི"སོགས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་སྐྱེ་ལྡན་སྤུས་རྟགས་ལ་དམིགས་ཏེ། གཙོ་བོ་ཁྱིམ་ཕྱུགས་གསོ་སྤེལ་དང་། འབྲུ་སྣུམ་འདེབས་འཛུགས། སིལ་ཏོག་དང་སྔོ་ཚོད།འཕང་འབྲས་དང་སྟར་བུ་བཅས"སྒོར་དུང་ཕྱུར་བརྒྱ་ཅན་བཞིའི"ཐོན་ལས་འཛུགས་པ་དང་། ཞིང་ཕྱུགས་ཐོན་རྫས་ཀྱི་ལས་སྣོན་བསྒྱུར་ཚད60%ཡན་ལ་སླེབས་སུ་འཇུག་རྒྱུ། དེང་རབས་འདེབས་འཛུགས་ལས་རིགས་མཐོར་འདེགས་སུ་གཏོང་བའི་ལས་གྲྭ་ལག་བསྟར་བྱེད་པ་དང་། ཁྱད་ལྡན་ལེགས་ཆའི་ལོ་ཏོག་འདེབས་འཛུགས་བྱེད་པའི་ལས་རིགས་མྱུར་དུ་འཕེལ་རྒྱས་སུ་བཏང་ནས། རྒྱལ་ཁབ་རིམ་པའི་སྟོན་ཁའི་ལོག་དཀར་དང་ཞོག་ཁོག གཞན་ད་རུང་སྤུས་ལེགས་ཕྱུགས་རྩྭ་འདེབས་འཛུགས་རྟེན་གཞི་འཛུགས་པ་དང་། ཕྱུགས་ཟོག་སྤུས་ལེགས་ངང་སྐྱེས་འཕེལ་བྱེད་པར་ཤུགས་སྣོན་གཏོང་རྒྱུ། འབྲོག་ལུག་དང་འབྲི་གཡག འཕང་འབྲས། སྟར་བུ། རྒྱ་བོད་སྨན་རྫས། སིལ་ཏོག་དང་སྔོ་ཚོད་དང་མེ་ཏོག གཟན་རྩྭ་སོགས་ཁྱད་ཆོས་ལྡན་པའི་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་ནས། རྒྱུ་སྤུས་ཇེ་ལེགས་སུ་གཏོང་བར་དོ་སྣང་བྱེད་པ་དང་། ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་ལས་ཁུལ་དང་དཔེ་སྟོན་ར་བ་འགའ་འཛུགས་རྒྱུ། ཆུ་ཐོན་གསོ་སྤེལ་ལས་རིགས་ཧུར་བརྩོན་གྱིས་འཕེལ་རྒྱས་སུ་བཏང་ནས། རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་རྨ་ཆུའི་འགྲམ་རྒྱུད་མཛོད་ཁུལ་གྱི་དེང་རབས་ཉ་གསོ་རྟེན་གཞི་འཛུགས་རྒྱུ། ནགས་ཚལ་ཐོན་ལས་ཧུར་བརྩོན་སྒོས་གསོ་སྤེལ་དང་འཕེལ་རྒྱས་སུ་བཏང་ནས། ནགས་ལས་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ། ཚོང་ར་དང་སྤུས་རྟགས་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ཏེ། སྤུས་ཀ་དང་སྤུས་རྟགས་ཇེ་མཐོར་གཏོང་བའི་འཆར་གཞི་ལག་བསྟར་བྱེད་པ་དང་། མཐོ་སྒང་དང་སྐྱེ་ལྡན། སྤུས་ལེགས། སེ་ལྡན། ཀྲེམ་ལྡན་སོགས་ཀྱི་བདེ་ཐང་སྤུས་རྟགས་མིང་དུ་གྲགས་པར་བྱས་ཏེ། ཁྱད་ཆོས་ཐོན་རྫས་ཀྱི་ཟུར་གཏོགས་རིན་གོང་དང་ཚོང་ར་ཆེ་འབྲིང་ཟིན་ཚད་ཇེ་མཐོར་གཏོང་རྒྱུ། ཞིང་ལས་ཐོན་རྫས་ལས་སྣོན་བྱེད་པའི་ལས་རིགས་དེ་འདེབས་འཛུགས་བྱེད་བཞིན་པའི་ས་ཁོངས་དང་གྲོང་ཁྱེར་གྱི་མཐའ་འཁོར་དུ་གཅིག་བསྡུས་བྱས་ཏེ། སྤུས་ལེགས་ཞིང་ཕྱུགས་ལས་ཚད་གཞི་ཅན་གྱི་དཔེ་སྟོན་ལས་གྲྭ་སྐོར་ཞིག་འཛུགས་པར་འབད་རྒྱུ། ཞིང་ཕྱུགས་ལས་ཀྱི"ཐོན་སྐྱེད་དང་འཚོ་བ།སྐྱེ་ཁམས། དཔེ་སྟོན"བཅས་ཀྱི་རྩོལ་ནུས་མང་པོ་གསར་སྤེལ་བྱས་ཏེ། གྲོང་ཁྱེར་ཞིང་ཕྱུགས་ལས་དང་ལྟ་སྐོར་ཞིང་ཕྱུགས་ལས། གསར་སྐྲུན་ཞིང་ཕྱུགས་ལས། རྩྭ་ཐང་གི་སྐྱེ་ཁམས་ཕྱུགས་ལས་བཅས་ཀྱི་ལས་ཚུལ་གསར་བ་གསོ་སྤེལ་བྱ་རྒྱུ་དང་། "གཅིག་རྗེས་གཅིག་མཐུད"ཀྱི་ཐོན་ལས་མུ་འབྲེལ་དང་རིན་ཐང་མུ་འབྲེལ་འཛུགས་པ་དང་རྒྱུན་བསྲིང་ནས་ཕྱོགས་བསྡུས་ཕན་ནུས་ཇེ་མཐོར་གཏོང་རྒྱུ། ཞིང་ལས་ཐོན་རྫས་ཀྱི་འཁོར་རྒྱུག་ལས་རིགས་ཧུར་བརྩོན་གྱིས་འཕེལ་རྒྱས་སུ་གཏོང་བ་དང་། ཞིང་ཕྱུགས་ཐོན་རྫས་ཀྱི་འཁོར་རྒྱུག་ར་བ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ཏེ། མངག་ཉོ་ཐོན་སྐྱེད་དང"ཞིང་ལས་དང་ཚོང་ཁྲོམ་འབྲེལ་མཐུད"ཡོང་བར་སྐུལ་འདེད་གཏོང་རྒྱུ། གསུམ།རྣམ་པ་གསར་བའི་དེང་རབས་ཞིང་ཕྱུགས་ལས་ཀྱི་བདག་གཉེར་མ་ལག་འཛུགས་རྒྱུ། 2020ལོའི་བར། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང་ཚད་ལྡན་ཁང5000གསོ་སྤེལ་བྱས་ཏེ། ལོ་རེའི་ཕྱིར་འཚོང་ཡོང་སྒོ་སྒོར་དུང་ཕྱུར་བརྒལ་བའི་ཁེ་ལས30དང་། ལོ་རེའི་ཕྱིར་འཚོང་ཡོང་སྒོ་སྒོར་ཁྲི5000བརྒལ་བའི་སྣེ་ཁྲིད་ཁེ་ལས45འཛུགས་རྒྱུ། རོང་འབྲོག་ཁུལ་གྱི་ས་ཞིང་དང་རྩྭ་ར། ནགས་ས་བཅས་ཀྱི་འགན་གཙང་ལེན་འབྲེལ་བ་བརྟན་རླིང་ཡོང་བ་དང་། བདག་དབང་དང་འགན་གཙང་ལེན་དབང་ཆ། བདག་གཉེར་དབང་ཆ་བཅས་སོ་སོར་དབྱེ་བའི་ནུས་ལྡན་བྱེད་ཐབས་འཐུས་ཚང་དུ་བཏང་ནས། ས་ཞིང་གི་བདག་གཉེར་དབང་ཆ་གོ་རིམ་ཡོད་པའི་སྒོ་ནས་འཁོར་སྐྱོད་བྱེད་པར་ཁྲིམས་ལྟར་སྐུལ་འདེད་གཏོང་བ་དང་། རྣམ་པ་གསར་བའི་ཞིང་ཕྱུགས་ལས་བདག་གཉེར་གཙོ་བདག་གི་སྲིད་ཇུས་མ་ལག་བཙུགས་ནས། རྣམ་པ་མང་པོའི་སྒོ་ནས་ཚད་དང་རན་པའི་གཞི་ཁྱོན་གྱིས་བདག་གཉེར་བྱེད་པར་སྐུལ་འདེད་བྱ་རྒྱུ། དེང་རབས་ཀྱི"འདེབས་འཛུགས་དང་གསོ་སྤེལ་དང་ལས་སྣོན"བཅས་ཀྱི་སྐྱེ་ཁམས་ཞིང་ལས་ཀྱི་རྣམ་པ་གསར་བ་གསོ་སྤེལ་བྱས་ཏེ། སྤྱི་ཚོགས་ཅན་གྱི་ཞབས་ཞུ་དེ་ཐོན་སྐྱེད་སྔོན་དང་ཐོན་སྐྱེད་སྐབས། ཐོན་སྐྱེད་མཇུག་བཅས་སུ་བསྲིང་རྒྱུ། འདོན་འཚོང་མཉམ་ལས་ཁང་གི་འཁོར་རྒྱུག་ཞབས་ཞུ་མ་ལག་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ཏེ། རོང་འབྲོག་ཁུལ་གྱི་གཞི་རིམ་འདོན་འཚོང་ཁང་དང་ཕྱོགས་བསྡུས་ཞབས་ཞུ་ཁང་། ཆེད་ལས་མཉམ་ལས་ཁང་སོགས་ལ་རྒྱབ་སྐྱོར་བྱེད་ཚད་ཇེ་ཆེར་གཏོང་རྒྱུ། སྣེ་ཁྲིད་ཁེ་ལས་སམ་མཉམ་ལས་ཁང་དང་རྣམ་པ་གསར་བའི་བདག་གཉེར་གཙོ་བདག་གཞན་དག་གི་བར་དུ་ཕན་ཚུན་མ་རྐང་འཇོག་པར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་ཏེ། ཐོན་སྐྱེད་དང་ལས་སྣོན། འཁོར་རྒྱུག ཚོང་གཉེར་བཅས་གཅིག་འགྲིལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ། ཆ་རྐྱེན་འཛོམས་པའི་མཉམ་ལས་ཁང་དེ་དེང་རབས་ཁེ་ལས་དང་མཉམ་བསྲེས་བདག་དབང་ལམ་ལུགས་སུ་བསྒྱུར་བར་སྐུལ་མ་བཏང་སྟེ། སྡེ་བའི་ཐུན་མོང་གིས་མ་རྐང་ལ་ཚོད་འཛིན་དང་སྡེ་དམངས་ཀྱིས་མ་རྐང་འཇོག་པའི་མ་རྐང་ལམ་ལུགས་ཀྱི་ཀུང་སི་འཛུགས་པ་དང་འཚོལ་ཞིབ་བྱ་རྒྱུ། རྣམ་པ་གསར་བའི་ལས་རིགས་ཅན་གྱི་རོང་འབྲོག་པ་མྱུར་དུ་སྐྱེད་སྲིང་བྱེད་པ་དང་། ཆེད་ལས་ཁྱིམ་ཆེན་དང་ཁྱིམ་ཚང་གི་ཞིང་ཕྱུགས་ར། ཆེད་ལས་མཉམ་ལས་ཁང་། ཞིང་ཕྱུགས་ལས་ཆེད་ལས་ཅན་བཅས་ཀྱི་ཁེ་ལས་སྐོར་ཞིག་ལེགས་འདེམ་རྒྱབ་སྐྱོར་བྱས་ཏེ། ལེགས་བསྡུས་ཞིབ་གཉེར་ཅན་གྱི་ཞིང་འདེབས་ཕྱུགས་གསོ་ཆུ་ཚད་ཇེ་མཐོར་གཏོང་རྒྱུ།

 ཆེད་བསྒྲིགས་ལེ་ཚན7པ།ཞིང་ཕྱུགས་ལས་ཐད་ཀྱི་གཙོ་གནད་འཛུགས་སྐྲུན་ལས་གྲྭ། ཁྱད་ལྡན་ཞིང་ཕྱུགས་ལས་འཛུགས་སྐྲུན་ལས་གྲྭ། སྒྲིག་ཆས་སྔོ་ཚོད་ཐོན་སྐྱེད་རྟེན་གཞི། སིལ་ཏོག་གམ་སྔོ་ཚོདདང་ཁྱད་ལྡན་ཞིང་ལས་ཐོན་རྫས། རྒྱ་བོད་སྨན་རྫས་བཅས་ཀྱི་ཐོན་སྐྱེད་རྟེན་གཞི། ཁྱིམ་ཕྱུགས་ཚད་ལྡན་ཅན་གྱི་གཞི་ཁྱོན་གསོ་སྤེལ་ར་བ། ཆུ་ཐོན་གསོ་སྤེལ་ར་བ། བོད་ཁུལ་གྱི"ཚོད་སླེ"། རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པའི་ལས་གྲྭ། སོན་བཟང་ལས་གྲྭ། ལོ་ཏོག ཁྱིམ་ཕྱུགས། ཆུ་ཐོན་དངོས་རྫས།ཕྱུགས་རྩྭ། ནགས་སྡོང་བཅས་སྤུས་ལེགས་ངང་སྐྱེས་འཕེལ་དང་ཁྱབ་གདལ་དུ་གཏོང་བའི་ལས་གྲྭ། ཐོན་སྐྱེད་ནུས་པ་ཇེ་མཐོར་གཏོང་བའི་ལས་གྲྭ། ཚད་གཞི་མཐོ་བའི་ཞིང་ས་དང་འབྲུ་སྣུམ་ཐོན་སྐྱེད་རྟེན་གཞི། མིས་བཏབ་གཟན་རྩྭའི་རྟེན་གཞི། ཕྱུགས་སྤྱོད་སྤྱིལ་ཁང་། ཞིང་ལས་འཕྲུལ་ཆས་ཕྱོགས་བསྡུས་ཁྱབ་གདལ་གཏོང་བའི་ལས་གཞི་སོགས།ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་ཇེ་མཐོར་གཏོང་བའི་ལས་གྲྭ། འདེབས་འཛུགས་དང་གསོ་སྤེལ་དང་ལས་སྣོན་བཅས་གཅིག་འགྲིལ་འཁོར་སྐྱོད་ཡོང་བའི་ཞིང་ཕྱུགས་ལས་དཔེ་སྟོན་ལས་གྲྭ། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་མོ་བྱེད་པ། ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་རྟགས་སྐྲུན་པ་སོགས།  ཞིང་ཕྱུགས་ལས་ཀྱི་ཞབས་ཞུའི་འགན་སྲུང་ལས་གྲྭ། གཞི་རིམ་དུ་ཞིང་ལས་ཚན་རྩལ་ཞབས་ཞུའི་མ་ལག་དང་། ཞིང་ཕྱུགས་ཐོན་རྫས་གསོས་ཉར་འཁྱགས་གསོག་མཛོད་འཛུགས་པའི་ལས་གཞི། སྲོག་ཆགས་ཀྱི་ནད་ཡམས་འགོག་པའི་མ་ལག་འཛུགས་སྐྲུན་བྱེད་པ།

  ས་བཅད་གཉིས་པ། རྣམ་པ་གསར་བའི་བཟོ་ལས་ཅན་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་རྒྱུ། 《ཀྲུང་གོའི་བཟོ་སྐྲུན2025》འགུལ་སྐྱོད་རྩ་འཛིན་ལག་ལེན་དངོས་འབེབས་བྱེད་པ་དང་། རིགས་བསྒྱུར་རིམ་སྤར་དང་སྤུས་ཀ་ཇེ་མཐོ་རམ་ཕན་ནུས་ཇེ་དྲག་ཏུ་གཏོང་བ་སྲོག་ཤིང་དུ་བཟུང་ནས། བཟོ་ལས་ཅན་དང་ཆ་འཕྲིན་ཅན་མཉམ་བསྲེས་དམ་པོ་ཡོང་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཐོན་ལས་ལག་རྩལ་བསྒྱུར་བཀོད་དང་ལག་རྩལ་གསར་སྐྲུན། ལག་རྩལ་འགག་གཏོར་བྱེད་པའི་ཤུགས་ཚད་ཇེ་ཆེར། ཐོན་ལས་རིམ་པ་དང་མཐོ་གསར་ཐོན་ལས་ཀྱི་བསྡུར་ཚད་ཇེ་མཐོར་གཏོང་བ་བཅས་བྱས་ཏེ། ཐོན་སྐྱེད་བྱེད་སྟངས་དེ་ལྗང་མདོག་དང་ཞི་འཇམ། རིག་ནུས། ཞིབ་ཚགས་བཅས་སུ་བསྒྱུར་བར་སྣེ་ཁྲིད་བྱ་རྒྱུ་དང་། སྐྱེ་ཁམས་དཔལ་ཡོན་གྱིས་སྣེ་ཁྲིད་པ་དང་ཐོན་ཁུངས་ཕན་ནུས་མཐོན་པོའི་སྒོ་ནས་བེད་སྤྱོད་པ། ཐོན་ལས་ཕན་ཚུན་མཉམ་བསྲེས་ཡོང་བ་བཅས་ཀྱི་འཁོར་སྐྱོད་ཅན་གྱི་བཟོ་ལས་མ་ལག་ཞིག་ཆགས་སུ་འཇུག་རྒྱུ། གཅིག སྲོལ་རྒྱུན་ཐོན་ལས་རིགས་བསྒྱུར་རིམ་སྤར་བྱེད་པར་སྐུལ་འདེད་གཏོང་རྒྱུ། ཐོན་ཁུངས་ལས་སྣོན་ཞིབ་ཚགས་བྱེད་པ་དང་རིག་ནུས་བཟོ་སྐྲུན་བྱེད་པ་དེ་ཁ་ཕྱོགས་སུ་བཟུང་ནས། སྐོར་གསར་བའི་ལག་རྩལ་བསྒྱུར་བཀོད་ལས་གྲྭ་མགོ་རྩོམ་པ་དང་། "བསྒྱུར་བཀོད་མཐོར་འདེགས་ལས་གྲྭ་བརྒྱ"མུ་མཐུད་དུ་ལག་བསྟར་བྱས་ཏེ། མདུན་ལྗོངས་ཡོད་པའི་གཙོ་གནད་ཁེ་ལས་སུ་ཐོན་ལས་ལག་རྩལ་དང་བཟོ་རྩལ་དམག་ཆས། ནུས་ཕན་ཁོར་སྲུང་སོགས་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་འདེགས་སུ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་དང་། ཁེ་ལས་མ་རྩ་ཇེ་དམའ་དང་དཀའ་ཁག་ཡོད་པའི་ཁེ་ལས་རིགས་བསྒྱུར་རིམ་སྤར་བྱེད་པར་སྐུལ་འདེད་བཏང་ནས། ནུས་ཁུངས་ཚད་ལས་བརྒལ་ཏེ་ཐོན་སྐྱེད་བྱེད་པ་ནུས་ལྡན་སྒོས་ཞི་ལྷོད་དུ་གཏོང་བ་དང་། སྲོལ་རྒྱུན་ཐོན་ལས་དེ་མཐོ་གྲས་ཅན་དང་སྤུས་མཐོ་ཅན། མཐོ་གསར་ཅན་བཅས་སུ་འཕེལ་རྒྱས་འགྲོ་བ་མངོན་འགྱུར་བྱ་རྒྱུ། ཚྭ་མཚེའུ་རྫས་འགྱུར་བཟོ་ལས།ཅཱ་མཱའེ་ལིས་ནཱ་ཁིལ་བཅས་ཀྱི་འཁོར་སྐྱོད་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་ནས། ནུས་ཤུགས་ཡོད་རྒུས་རྒྱལ་ཡོངས་སུ་ཤུགས་རྐྱེན་གལ་ཆེན་ལྡན་པའི་སྒོར་དུང་ཕྱུར་སྟོང་གི་ཚྭ་མཚེའུ་ཐོན་ཁུངས་བེད་སྤྱོད་ཐོན་ལས་ཀྱི་འདུས་འཛོམས་འཛུགས་རྒྱུ། ཅཱ་བུལ་སོགས་མ་ལག་གི་ཅཱ་ཚྭའི་ཐོན་ནུས་གཞི་ཁྱོན་འོས་འཚམ་གྱིས་རྒྱ་སྐྱེད་དེ། ཞིབ་ཕྲ་ཅན་གྱི་ཐོན་རྫས་ཧུར་བརྩོན་གྱིས་འཕེལ་རྒྱས་སུ་གཏོང་རྒྱུ། ཤར་ཕྱོགས་ཀྱི་བུལ་ཏོག་ནུབ་རྒྱུད་དུ་སྐྱེལ་བར་མུ་མཐུད་དུ་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཀྱི་བུལ་ཏོག་རྐྱང་མའི་རྟེན་གཞི་གལ་ཆེན་སྲ་བརྟན་དང་ཇེ་ལེགས་སུ་གཏོང་རྒྱུ།