2016ལོའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ཐེངས་བཅུ་གསུམ་པའི་ལོ་ལྔའི་འཆར་འགོད་ཀྱི་རྩ་གནད།(༡)

  ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་དུས་སྐབས(2016ལོ་ནས2020ལོའི་བར)ནི་རང་ཞིང་གིས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པར་རྒྱལ་ཁ་ལེན་པའི་དུས་རིམ་ཞིག་ཡིན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་གཏན་འབེབས་བྱས་པ་དེ་ནི། དཔལ་འབྱོར་བསྟུད་མར་སྐྱོན་བྲལ་ངང་འཕེལ་བར་སྐུལ་འདེད་གཏོང་བ་དང་། རིགས་སོ་སོའི་མི་དམངས་ཀྱི་འཚོ་བ་བསྟུད་མར་ཇེ་ལེགས་སུ་འགྲོ་བ། མཚོ་སྔོན་སྔར་ལས་འཆམ་མཐུན་དང་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་པ་བཅས་ལ་མཚོན་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་ཞིག་ཡིན། འཆར་འགོད་འདིའི་རྩ་གནད་ནི《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐོར་གྱི་གྲོས་གཞི》ལྟར་སྒྲིག་བཟོ་བྱས་ཤིང་། གཙོ་བོར་སྲིད་གཞུང་བྱ་བའི་གཙོ་གནད་གསལ་བོར་འདོན་པ་དང་། ཚོང་རའི་གཙོ་གཞིའི་བྱ་སྤྱོད་ལ་སྐུལ་ཁྲིད་བྱེད་པ་ཡིན། དེ་ནི་མ་འོངས་ལོ་ལྔའི་ནང་རང་ཞིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ཆེན་པོ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཐུན་མོང་གི་བྱ་སྤྱོད་ཀྱི་རྩ་འཛིན་དང་ལག་ལེན་གྱི་ཕྱོགས་སྟོན་ཡིན།


ལེའུ་དང་པོ།མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་པ། 

ས་བཅད་དང་པོ།འཕེལ་རྒྱས་ཀྱི་རྨང་གཞི་དང་ཁོར་ཡུག   
            གཅིག  འཕེལ་རྒྱས་ཀྱི་རྨང་གཞི། ལོ་ལྔའི་འཆར་འགོད་བཅུ་གཉིས་པའི་ཚུན་དུ། སྣེ་མང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་བཅོས་བསྒྱུར་འཕེལ་རྒྱས་བརྟན་བརླིང་ཡོང་བའི་ལས་འགན་ལྗིད་མོར་ཁ་གཏད་དེ། ཞིང་ཆེན་ཏང་ཨུས་བློ་བརྟན་འགྱུར་མེད་སྒོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱས་པ་དང་། ཞིང་ཆེན་གྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་ཤིང་། ཁ་ཕྱོགས་ཡང་དག་པ་ཁོང་དུ་ཆུད་པ་དང་ཚན་རིག་དང་མཐུན་པའི་ཇུས་འགོད། གསར་སྤེལ་ཡར་ཐོན། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་སྒོས་འབད་བརྩོན་ལྷོད་མེད་བཅས་བྱས་ཏེ། དཀའ་སེལ་འགག་སྒྲོལ་ཁྲོད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྐས་རིམ་གསར་བ་ཞིག་ཏུ་སྤོ་བར་སྐུལ་འདེད་བཏང་། ནང་སྒོས་སུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། "ཁྱོན་ཡོངས་བཞིའི"འཐབ་ཇུས་བཀོད་སྒྲིག་གི་བླང་བྱ་དངོས་འབེབས་ནན་ཏན་བྱས་པ་དང་། རྒྱུན་རྣམ་གསར་བར་ཧུར་ཐག་གིས་འཕྲོད་གང་ཐུབ་བྱས་པ། ཤུགས་ཆེན་པོས"ཁུལ་གསུམ"བསྐྲུན་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པ། ལོ་ལྔའི་འཆར་འགོད་བཅུ་གཉིས་པ་ལས་གཏན་ཁེལ་བྱས་པའི་དམིགས་འབེན་གཙོ་བོ་དང་ལས་འགན་བདེ་བླག་ངང་མངོན་འགྱུར་བཅས་བྱས་ཏེ། ཀྲུང་གོའི་ཕུགས་བསམ་སྐོར་ནང་གི་མཚོ་སྔོན་གྱི་ལེའུ་མུ་མཐུད་དུ་འབྲི་བའི་ལག་ལེན་རླབས་པོ་ཆེའི་ཁྲོད་དུ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་གསར་བ་བླངས།


 ཕྱོགས་བསྡུས་སྟོབས་ཤུགས་མཐོར་འདེགས་ཆེན་པོ་བྱུང་བ།ཞིང་ཆེན་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་དེ2010ལོའི་སྒོར་དུང་ཕྱུར1350ནས2015ལོར་སྒོར་དུང་ཕྱུར2417ཇེ་མང་དུ་སོང་ཞིང་། ལོ་རེར་ཆ་སྙོམས་ཀྱི་འཕར་ཚད10.8%ཡིན། མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་དེ2010ལོའི་སྒོར24115ནས2015ལོར་སྒོར41252ཇེ་མང་དུ་སོང་བ་དང་། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་ཟིན་པའི་བསྡུར་ཚད་དེ78.9%ནས83.6%ལ་ཇེ་མཐོར་སོང་སྟེ། ལྟོས་བཅས་ཀྱི་ཧེ་བག་བརྒྱ་ཆའི་ཚེག4.7ཇེ་ཆུང་དུ་སོང་། ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་སྒོ་དེ2010ལོའི་སྒོར་དུང་ཕྱུར110.2ནས2015ལོར་སྒོར་དུང་ཕྱུར267ཇེ་མང་དུ་སོང་ཞིང་། ལོ་རེར་ཆ་སྙོམས་ཀྱི་འཕར་ཚད19.4%ཡིན། ལོ་ལྔའི་རིང་ལ་གཏན་འཇགས་རྒྱུ་ནོར་ཐད་བཏང་བའི་མ་དངུལ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར11934ཡན་ལ་སླེབས་པ་དང་། ལོ་རེར་ཆ་སྙོམས་ཀྱི་འཕར་ཚད28.1%ཡིན། སྤྱི་ཚོགས་ཡོངས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་བྱས་པའི་བསྡོམས་འབོར་དེ2010ལོའི་སྒོར་དུང་ཕྱུར350.8ནས2015ལོར་སྒོར་དུང་ཕྱུར691ལ་ཇེ་མང་དུ་སོང་བ་དང་། ལོ་རེར་ཆ་སྙོམས་ཀྱིས14.3%འཕར། ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་དེ2010ལོའི་ཨ་སྒོར་དུང་ཕྱུར7.89ནས2015ལོར་ཨ་སྒོར19.3ཇེ་མང་དུ་སོང་ཞིང་། ལོ་རེར་ཆ་སྙོམས་ཀྱིས19.6%འཕར་བ་རེད།རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ནས་མཆོང་བརྒལ་མངོན་འགྱུར་བྱས་པ། མཚོ་བོད་ལྕགས་ལམ་ནུབ་ཀྱི་ན་གོར་མོའི་ལམ་རྒྱུད་དུ་གསར་དུ་བསྣན་པའི་ལམ་རྒྱུད་གཉིས་པ་ལེགས་འགྲུབ་བྱུང་སྟེ། ལྕགས་ལམ་གྱི་མྱུར་ཚད་སྔར་ལས་ཇེ་མཐོར་སོང་ཞིང་། ལན་ཀྲིག་ནས་ཞིན་ཅང་བར་གྱི་མགྲོན་སྐྱེལ་ཆེད་སྤྱོད་ལྕགས་བསྐྲུན་ནས་ལེགས་འགྲུབ་བྱུང་སྟེ། མཚོ་སྔོན་མགྱོགས་བགྲོད་ལྕགས་ལམ་གྱི་དུས་རབས་སུ་བསླེབས། ཟི་ལིང་ནས་ཁུལ་དྲུག་གི་ཁུལ་སྲིད་གཞུང་བར་དུ་མགྱོགས་བགྲོད་གཞུང་ལམ་ཐོན་པ་དང་། རྫོང་མཁར་དུ་རིམ་པ་གཉིས་དང་དེའི་ཡན་གྱི་གཞུང་ལམ་ཐོན་ཡོད། ཞིང་ཆེན་ཡོངས་ཀྱི་གཞུང་ལམ་གྱི་ལམ་ཚད་སྤྱི་ལེ་ཁྲི7.56ལ་བསླེབས་པ་དང་། དེའི་ཁྲོད་མགྱོགས་བགྲོད་ཅན་གྱི་གཞུང་ལམ་སྤྱི་ལེ3000ལས་བརྒལབ་དང་། ཟི་ལིང་ཕྱི་བསྐོར་མགྱོགས་བགྲོད་གཞུང་ལམ་ཡོངས་སུ་གྲུབ་ཡོད། ཟི་ལིང་གནམ་གྲུ་ཐང་གི་ལས་རིམ་གཉིས་པ་དང་གཏེར་ལེན་ཁ་དང་ཧྭ་ཐུའུ་ལུང་བའི་གནམ་གྲུ་ཐང་ལེགས་འགྲུབ་བྱུང་བ་དང་། མགོ་ལོག་དང་མདོ་ལ་གནམ་གྲུ་ཐང་ལས་མགོ་བརྩམས་པས། "གཙོ་གཅིག་ཞོར་དྲུག"གི་དམངས་སྤྱོད་མཁའ་འགྲུལ་གནམ་གྲུ་ཐང་འཛུགས་སྐྲུན་བྱེད་པར་ཐོག་མའི་རྣམ་པ་ཆགས། འཇུ་ལག་ཆུ་ཙོང་ཆུར་འདྲེན་པའི་ལས་གྲྭ་གཙོ་བོ་ཡོངས་སུ་གྲུབ་ནས་འབབ་རྒྱུད་བརྒལ་ནས་ཆུ་འདྲེན་པ་མངོན་འགྱུར་བྱུང་ཡོད། རོང་འབྲོག་ཁུལ་གྱི་མི་ཕྱུགས་བཏུང་ཆུའི་བདེ་འཇགས་གནད་དོན་ཁྱོན་ཡོངས་ནས་ཐག་གཅོད་བྱས། མཚོ་ཞིན་དང་མཚོ་བོད་གློག་དྲ་དང་དྲ་སྦྲེལ་བཟོ་འགོད་ལེགས་འགྲུབ་བྱུང་སྟེ། ཡུས་ཧྲུའུ་རུ་གློག་དྲ་ཆེན་མོ་ཁེབས་པ་མངོན་འགྱུར་བྱུང་བ་དང་། གློག་མེད་པའི་མི་འབོར་གྱིས་གློག་བཀོལ་བའི་གནད་དོན་ཁྱོན་ཡོངས་ནས་ཐག་གཅོད་བྱས། རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་ཅན་དང་དྲ་རྒྱ་ཅན། ཁེབས་རྒྱ་ཆེ་བ་ཅན་བཅས་ཀྱི་ཕྱོགས་སུ་སྐུལ་སྤེལ་བྱས་པ་དང་། རྗེས་ཤུགས་འཕེལ་རྒྱས་སུ་གཏོང་བ་ཁྱོན་ཡོངས་ནས་ཇེ་དྲག་ཏུ་བཏང་།
        གྲུབ་ཚུལ་ལེགས་སྒྲིག་དང་རྣམ་པ་བསྒྱུར་བ་ལས་གྲུབ་འབྲས་ཐོག་མར་མངོན་པ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པ་དང་ཁྱད་སྟོབས་བསྡུར་བའི་ཐོན་ལས་མ་ལག་ཕལ་ཆེར་ཆགས་ཡོད། ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་མངོན་གསལ་གྱིས་ཇེ་དྲག་ཏུ་སོང་བ་དང་། ལོ8རིང་ལ་བསྟུད་མར་ལོ་ལེགས་བྱུང་ལ། ཐོན་སྐྱེད་རྣམ་པ་དེ་སྒྲིག་བཀོད་ཅན་དང་སྡེ་ཁུལ་ཅན། སྤུས་རྟགས་ཅན་བཅས་ཀྱི་ཕྱོགས་སུ་བསྒྱུར། བཟོ་ལས་མཐུད་མུར་མར་ཆག་པའི་ཁྲོད་བརྟན་བརླིང་ངང་འཕེལ་བ་དང་། སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་རིམ་འཕར་འབྱུང་ཚད་ཇེ་མགྱོགས་སུ་བཏང་ཞིང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་མགྱོགས་མྱུར་གྱིས་དར་བ་དང་། འཁོར་རྒྱུག་དཔལ་འབྱོར་གྱི་གླིང་ཁུལ་དང་རྟེན་གཞི་དེ་འཕར་སྣེ་གཙོ་བོར་གྱུར་པ་དང་། ཆ་འཕྲིན་ཅན་གྱི་སྐུལ་ཁྲིད་ནུས་པ་ཉིན་བཞིན་མངོན་གསལ་དུ་གྱུར། ཞབས་ཞུ་ལས་རིགས་དབྱར་མཚོ་རྒྱས་པ་བཞིན་འཕེལ་ཞིང་། ཕྱི་ནང་གི་ཉོ་ཚོང་སྐས་རིམ་གསར་བར་སྤོས་ལ། དངུལ་ཁང་གི་བཅོལ་དངུལ་དང་དངུལ་བུན་གྱི་ལྷག་འབོར་གཉི་ག་སྒོར་དུང་ཕྱུར5000ལས་བརྒལ་བ་དང་། གནས་སྐོར་རིག་གནས་འཕེལ་ཚུལ་ཤུགས་དང་ལྡན་ཞིང་། གློག་རྡུལ་ཚོང་དོན་སོགས་དཔེ་དབྱིབས་གསར་བ་དང་ལས་རྣམ་གསར་བ་མགྱོགས་མྱུར་གྱིས་དར་སྤེལ་བྱུང་སྟེ། དེང་རབས་ཞབས་ཞུ་ལས་རིགས་དེ་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་དང་རིགས་བསྒྱུར་བར་འདེགས་སྐྱོར་བྱེད་པའི་སྟོབས་གསར་དམག་དཔུང་དུ་གྱུར།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་གྲུབ་འབྲས་མངོན་གསལ་བླངས་ཡོད་པ། སྐྱེ་ཁམས་སྲུང་སྐྱོང་དམིགས་སུ་འཛིན་པའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་བ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་བསྐྱར་དུ་མཚེའུ་སྟོང་གི་མཛེས་ལྗོངས་མངོན་ཞིང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྒྲིབ་དངོས་ཀྱི་གོ་གནས་ཉིན་བཞིན་སྲ་བརྟན་དུ་སོང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྲུན་པའི་དུས་རིམ་དང་པོའི་ལས་གྲྭ་བདེ་བླག་ངང་གྲུབ་པ་དང་། དུས་རིམ་གཉིས་པའི་ལས་གྲྭ་ཁྱོན་ཡོངས་ནས་མགོ་བརྩམས་ལ། མདོ་ལ་རི་བོ་དང་མཚོ་སྔོན་པོའི་བཞུར་རྒྱུན་སོགས་མངའ་ཁོངས་གཙོ་བོའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་གྲྭ་སྐུལ་སྤེལ་དམ་འཛིན་བྱས་ཤིང་། སྐྱེ་ཁམས་ཚོར་སྐྱེན་ཁུལ་དང་གནས་སྐོར་ལྗོངས་ཁུལ། འགྲིམ་འགྲུལ་ལམ་རྒྱུད་དང་ཞིང་སྡེའི་ཁོར་ཡུག་བཅས་མུ་འབྲེལ་བཅོས་སྐྱོང་བྱས་པའི་གྲུབ་འབྲས་མངོན་གསལ་རེད། ཟི་ལིང་གི་མཁའ་རླུང་ཆེན་མོའི་ཁོར་ཡུག་གི་སྤུས་ཚད་མཐོར་འདེགས་བྱས་ཏེ་ནུབ་བྱང་ས་ཁུལ་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་སྔོན་གྲས་སུ་ཚུད་པ་དང་། ཙོང་ཆུའི་ཆུ་སྤུས་བསྟུད་མར་ལེགས་སྒྱུར་བྱས་ཏེ་རྒྱལ་ཁབ་ཀྱི་ཚོད་འཛིན་ཚད་གཞིར་བསླེབས་ལ། ནུས་སྲི་སྙིགས་འཕྲིའི་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་། མི་སྡོད་ཁོར་ཡུག་མངོན་གསལ་གྱིས་ཇེ་ལེགས་སུ་སོང་།མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་སོང་བ། སྤྱི་ཚོགས་ཀྱི་ལས་དོན་སོ་སོ་མགྱོགས་མྱུར་གྱིས་འཕེལ་བ་དང་། སྤྱི་པའི་ཞབས་ཞུའི་མ་ལག་ཕལ་ཆེར་བཙུགས་ལ། གསར་དུ་བསྣན་པའི་ལས་ཞུགས་ཇེ་མང་དུ་སོང་སྟེ། རྒྱལ་ཁབ་ཀྱི་ད་སྤྱོད་ཚད་གཞིའི་འོག75%ཡི་དབུལ་ཕོངས་མི་འབོར་དབུལ་ཕོངས་ལས་ཐར། ལོ་ལྔའི་རིང་ལ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་སྒོ་དེ་ལོ་རེར་ཆ་སྙོམས་ཀྱིས་སོ་སོར11.2%དང14.5 %འཕར་ཏེ། རྒྱལ་ཡོངས་དང་བསྡུར་བའི་ལྟོས་བཅས་ཀྱི་ཧེ་བག་ཇེ་ཆུང་དུ་སོང་། དམངས་འཚོའི་འགན་སྲུང་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་སྟེ། ནོར་སྲིད་ལས་དམངས་འཚོ་ལེགས་སྒྱུར་བྱེད་པར་བཏང་བའི་འགྲོ་སོང་གིས་སྤྱིའི་འགྲོ་སོང་ལས75%ཟིན་པ་དང་། ལོ་རེར་ཁས་བླངས་པའི"དམངས་འཚོའི་དོན་དངོས་བཅུ"ཁྱོན་ཡོངས་ནས་ལག་ལེན་དུ་བསྟར་བ། མི་དམངས་མང་ཚོགས་ཀྱིས་ཐག་གཅོད་པར་རེ་སྒུག་བྱེད་པའི་སློབ་གྲྭར་འགྲིམས་པ་དང་སྨན་པར་སྟོན་པ། སྡོད་ཁང་དང་བཏུང་ཆུ། བགྲོད་ལམ་སོགས་དཀའ་གནད་གསེད་འགྲོལ་གང་ལེགས་བྱས་ཤིང་། དམངས་འཚོའི་དམིགས་ཚད་ཁ་ཤས་ནུབ་རྒྱུད་དང་ཐ་ན་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་བསྐྱོད་ཡོད།འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་མངོན་གསལ་གྱིས་ཇེ་དྲག་ཡིན་པ། བྱེད་ནུས་ཁུལ་གཙོ་བོའི་ལམ་ལུགས་ཐོག་མར་བཙུགས་པ་དང་། རྒྱལ་ཁོངས་གསར་སྤེལ་དང་སྲུང་སྐྱོང་བྱེད་པ་སྔར་ལས་ཚད་ལྡན་དང་གོ་རིམ་ལྡན་པར་གྱུར། གྲོང་རྡལ་ཅན་དུ་འགྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་སོང་སྟེ། རྒྱུན་སྡོད་མི་འབོར་གྲོང་རྡལ་ཅན་དུ་འགྱུར་ཚད50.3%ལ་བསླེབས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་མངོན་གསལ་གྱིས་ཇེ་ལེགས་སུ་སོང་སྟེ། མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཞིང་གྲོང1428བསྐྲུན། གཅིག་གྱུར་འཆར་འགོད་ཀྱིས་མངའ་ཁོངས་འཕེལ་རྒྱས་གཏོང་ཤུགས་ཇེ་ཆེར་བཏང་བ་དང་། ཤར་རྒྱུད་ཀྱི་གྲོང་ཁྱེར་ཁྱུ་ཚོགས་དང་མཚོ་ནུབ་ཀྱི་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་གྱུར་ཅན་འཛུགས་སྐྲུན་ལ་སྐུལ་སྤེལ་ཇེ་མགྱོགས་སུ་བཏང་བས། བོད་ཁུལ་གྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་། ཡུས་ཧྲུའུ་ཡི་གནོད་ཕྱིའི་བསྐྱར་སྐྲུན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་། མཚོ་ཀན་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ས་ཁུལ་དང་མི་འབོར་ཅུང་ཉུང་བའི་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་ཚད་ཇེ་མགྱོགས་སུ་བཏང་བ་དང་། ཁ་གཏད་རོགས་སྐྱོར་བྱེད་པར་གྲུབ་འབྲས་མི་དམན་པ་ཐོབ།
         བཅོས་བསྒྱུར་སྒོ་འབྱེད་བྱེད་པའི་ཐད་ནས་གོམ་སྟབས་གསར་བ་སྤོས་པ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་བཅོས་བསྒྱུར་བྱེད་པའི་ཐད་ནས་ལེའུ་གསར་བ་ཞིག་གི་མགོ་བརྩམས་པ་དང་། ཀྲུང་གོའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་ཚོད་ལྟ་བྱེད་པའི་ཐབས་ཇུས་ལ་ཆོག་མཆན་ཐོབ། རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་བཅོས་བསྒྱུར་བྱེད་པ་སོགས་སྨན་བཅོས་ལམ་ལུགས་བཅོས་བསྒྱུར་བྱེད་པའི་རྣམ་གྲངས8རྒྱལ་ཡོངས་ཀྱི་སྔོན་གྲས་སུ་བསྐྱོད་པ་དང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྒྲིག་སྲོལ་ལ་བཅོས་བསྒྱུར་གཏིང་ཟབ་བྱས། སྲིད་འཛིན་སྒྲིག་སྲོལ་དང་དུད་ཐོ་ལམ་ལུགས། ནོར་ཁྲལ་དངུལ་ལོར། རིག་གནས་སྒྲིག་སྲོལ། སྤྱི་པའི་ཐོན་ཁུངས་བརྗེ་རེས་དང་ས་ཞིང་དང་རྩྭ་ནགས་ཀྱི་དབང་ཆ་སྐོར་སྐྱོད་སོགས་ཕྱོགས་ཀྱི་བཅོས་བསྒྱུར་རྒྱུན་མི་ཆད་པར་གཏིང་ཟབ་ཏུ་སྤེལ་ཏེ། སྒྲིག་སྲོལ་དང་རྐྱེན་སྲོལ་གྱི་གསོན་ཤུགས་སྔར་ལས་གློད་འགྲོལ་དུ་བཏང་། དར་གོས་གནའ་ལམ་གྱི་དཔལ་འབྱོར་མུ་རྒྱུད་འཛུགས་སྐྲུན་ལ་མཉམ་འདྲེས་གང་ལེགས་བྱས་ཏེ། ཚའོ་ཅ་པའོ་ཁྲལ་སྲུང་དངོས་ཟོག་འཁོར་རྒྱུག་ལྟེ་གནས་བཀག་སྡོམ་ཚུལ་གྱིས་འཁོར་སྐྱོད་བྱས་པ་དང་། ཟི་ལིང་རྒྱལ་སྤྱིའི་མཁའ་འགྲུལ་གྲུ་ཁ་འཁོར་སྐྱོད་ཚོང་གཉེར་བྱེད་མགོ་བརྩམས་ཏེ། ཕྱི་དངུལ་བེད་སྤྱོད་དང་ཕྱི་ཕྱོགས་དཔལ་འབྱོར་མཉམ་ལས་ཀྱི་ཆུ་ཚད་རྒྱུན་མི་ཆད་པར་ཇེ་མཐོར་སོང་།-ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ཐད་ནས་རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་བ་བཏོད་པ། ཏང་གི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པའི་ཐད་ནས་གོམ་པ་བརྟན་པོ་སྤོས་པ་དང་། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་སྒྲིག་སྲོལ་རིམ་བཞིན་འཐུས་ཚང་དུ་གྱུར། "གཞི་གསུམ"འཛུགས་སྐྲུན་ཁྱོན་ཡོངས་ནས་སྤེལ་བ་དང་། སྤྱོད་གཙང་སྲིད་ཞུགས་དང་རུལ་སུངས་ལ་རྒོལ་བའི་བྱ་བ་གཏིང་རིམ་པར་སྤེལ་ལ། སྲིད་གཞུང་གིས་ཁྲིམས་ལྟར་སྲིད་འཛིན་པ་དང་། ཚན་རིག་ལྟར་འཕེལ་བར་སྐུལ་འདེད་བྱས་པ། རིགས་སོ་སོའི་མང་ཚོགས་ལ་ཞབས་ཞུ་བྱས་པ། འདྲ་མཉམ་དྲང་གཞག་ཡོང་བར་སྐུལ་འདེད་བྱས་པ་བཅས་ཀྱི་ནུས་པར་སྔར་ལས་ཤུགས་སྣོན་ཐོབ། སྤྱི་དམངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་རྒྱུན་མི་ཆད་པར་ཇེ་དྲག་ཏུ་ཕྱིན་པ་དང་། སྤྱི་ཚོགས་བཅོས་སྐྱོང་ཚད་ལྡན་ཅན་དང་ལམ་ལུགས་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་མི་ཆད་པར་ཇེ་མཐོར་སོང་། སྤྱི་པའི་བདེ་འཇགས་ཀྱི་གནས་བབ་སྤྱི་ཆ་ནས་བརྟན་རླིང་ཡིན་པ་དང་། དོན་རྐྱེན་ཆེ་རིགས་སྣ་ཚོགས་ལ་བཀག་འགོག་ནུས་ལྡན་བྱས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་འཛུགས་བྱ་འགུལ་ལ་སྐུལ་འདེད་དམ་ཟབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་འཆམ་མཐུན་མཉམ་གནས་དང་སེམས་ཤུགས་གཅིག་སྒྲིལ་གྱིས་དཀའ་ངལ་སེལ་བ། འཆམ་མཐུན་འཕེལ་རྒྱས་ཡོང་བ་བཅས་བྱས།ལོ་ལྔའི་རིང་ལ་དཀའ་སྤྱད་འབད་བརྩོན་བྱས་བརྒྱུད། རང་ཞིང་གི་ཕྱོགས་བསྡུས་དཔལ་འབྱོར་སྟོབས་ཤུགས་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན། སྤྱི་ཚོགས་དོ་དམ་བྱེད་པའི་ཆུ་ཚད་བཅས་སྐས་རིམ་ཆེན་པོ་ཞིག་ཏུ་སྤོས་པ་དང་། ལོ་ལྔའི་བཅུ་གཉིས་པའི་འཆར་འགོད་ལས་གཏན་ཁེལ་བྱས་པའི་མི་རེའི་ཆ་སྙོམས་ཀྱི་དཔལ་འབྱོར་སྤྱི་འབོར་དང་མི་རེའི་ཆ་སྙོམས་ཀྱི་ནོར་སྲིད་འགྲོ་སོང་སོགས་དམིགས་ཚད་ནུབ་རྒྱུད་དང་ཐ་ན་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་བསྐྱོད་པ་དང་། ལས་དོན་སོ་སོས་བྱ་བའི་རྣམ་པ་གསར་བ་བཏོད། སྤྱི་མཐོང་དཔལ་འབྱོར་ཁོར་ཡུག་ཛ་དྲག་ཏུ་གྱུར་པ་དང་། དུས་སྐབས་གསུམ་བརྩེགས་པའི་ཤུགས་རྐྱེན་མངོན་པར་གསལ་བའི་རྒྱབ་ལྗོངས་ཆེན་པོ་འོག གྲུབ་འབྲས་འདི་དག་བླངས་པ་ནི་ལས་སླ་མོ་ཞིག་མ་རེད། འདི་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་གིས་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་འོག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་པ་དང་། གོ་སྐབས་དམ་འཛིན་དང་ཧུར་ཐག་འབད་འཐབ་བྱས་པའི་འབྲས་བུ་ཡིན་ལ། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་འཕེལ་རྒྱས་ལ་ཉམས་མྱོང་བསགས་པ་དང་ཐབས་ལམ་འཚོལ་ཞིབ་བྱས་པ། རྨང་གཞི་བཏིང་བ་བཅས་ཀྱང་ཡིན།བརྟན་རླིང་ངང་འཕར་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་ལས་འགན་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། དམིགས་འབེན་བརྟན་པོ་ཡོང་བར་བྱས་པ། དཔལ་འབྱོར་འཕེལ་རྒྱས་དེ་རྒྱུན་རྣམ་གསར་བར་བསླེབས་པ་དང་། གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་ལས་འགན་ལ་དཀའ་ཚེགས་ཆེ་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་གནོན་ཤུགས་སྔར་ཡོད་མ་མྱོང་བའི་འཕེལ་རྒྱས་ཁོར་ཡུག་དང་རྨང་གཞི་ཞན་པ་དང་འཕེལ་རྒྱས་ཀྱིས་མི་འདང་བ་བཅས་ཀྱི་ཞིང་ཆེན་གྱི་གནས་ཚུལ་ལ་ཁ་གཏད་དེ། བརྟན་བརླིང་ངང་འཕར་བའི་ཁྲོད་དཀའ་གནད་འགག་སྒྲོལ་དང་ཐོད་བརྒལ་བརྩོན་པ་ནམ་ཡང་རྒྱུན་འཁྱོངས་བྱས་པས། དཔལ་འབྱོར་འཕར་ཚུལ་བརྟན་རླིང་ཡོང་བའི་ཁྲོད་བཟང་ཕྱོགས་སུ་འཕེལ་བ་དང་། གྲུབ་ཚུལ་ལེགས་སྒྲིག་རྒྱུན་མི་ཆད་པར་གཏིང་ཟབ་ཏུ་འགྲོ་བ། སྐྱེ་ཁམས་འཛུགས་སྐྲུན་ལ་སྐུལ་སྤེལ་ཇེ་མགྱོགས་སུ་གཏོང་བ་བཅས་ཀྱི་འཕེལ་ཚུལ་བཟང་བོ་ཆགས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྒྲིབ་དངོས་སྲ་བརྟན་དུ་གཏོང་བ་དེ་ལོ་རྒྱུས་ཀྱི་ལས་འགན་ཆེན་པོར་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དམིགས་སུ་འཛིན་པའི་འདུ་ཤེས་ལ་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་མཐུན་སྦྱོར་སྐུལ་སྤེལ་བྱས་པ། ཀྲུང་དབྱང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བཀོད་སྒྲིག་གསར་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་རང་ཞིང་གི་སྐྱེ་ཁམས་སྲུང་སྐྱོང་ཐད་བཏོན་པའི་བླང་བྱ་གསར་བར་གོ་བ་ཟབ་མོ་ལེན་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་དམིགས་བསལ་ཅན་གྱི་གོ་གནས་གལ་ཆེན་དང་ནུས་པ་ངོས་འཛིན་གང་ལེགས་བྱེད་པ། མཐོང་རྒྱ་གསར་བ་སྤྱད་དེ་སྐྱེ་ཁམས་དཔལ་ཡོན་གྱི་དུས་རབས་གསར་བའི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། སྲོལ་རྒྱུན་གྱི་བསམ་གཞིག་བྱེད་སྟངས་དང་ཐབས་ལམ་ལ་རྒྱབ་བཅོལ་བ་ལས་ཐོད་བརྒལ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་དེ་དངོས་གནས་དཔལ་འབྱོར་དང་ཆབ་སྲིད། རིག་གནས་དང་སྤྱི་ཚོགས་འཛུགས་སྐྲུན་གྱི་ཕྱོགས་སོ་སོ་དང་གོ་རིམ་ཡོངས་ལ་འདྲེས་སུ་འཇུག་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ལས་དོན་སོ་སོ་འཕེལ་རྒྱས་སུ་གཏོང་བའི་ཡུལ་ཁམས་གསར་བ་གཏོད་གང་ཐུབ་བྱ་རྒྱུ། དམངས་འཚོ་འགན་སྲུང་དང་ལེགས་སྒྱུར་བྱེད་པ་དེ་མགོ་རྩོམ་ས་དང་མཇུག་སྡུད་སར་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། ཧུར་ཐག་མདུན་སྐྱོད་ཀྱི་གོང་བུར་འགྲིལ་ཤུགས་དང་ལྟེ་བར་ཕྱོགས་པའི་ཤུགས་ཆེན་པོ་ཆགས་སུ་འཇུག་རྒྱུ། ནོར་སྲིད་ཆུང་བས་དམངས་འཚོ་ཆེན་པོ་བསྒྲུབ་པའི་འདུ་ཤེས་ལ་གཡོ་འགུལ་མེད་པ་དང་། ནོར་སྲིད་ལ་དཀའ་ཁག་ཇི་ལྟར་ཆེ་ཡང་དམངས་འཚོ་འགན་སྲུང་བྱེད་པའི་ཤུགས་ཚད་ཇེ་གཉོམ་དུ་མི་འགྲོ་བ། ལོ་རེར་འབངས་མི་སེར་ལ་དོན་དངོས་བཅུ་བསྒྲུབ་པའི་དམིགས་འབེན་མི་ལྷོད་པ་བཅས་ཀྱི་སྒོ་ནས། གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་ཕན་ལྡན་སྒོས་མཐོར་འདེགས་བྱུང་བ་དང་། ཆ་སྙོམས་ཅན་གྱི་ཁྱབ་ཚད་དང་ཆུ་ཚད་རྒྱུན་མི་ཆད་པར་མཐོར་འདེགས་བྱུང་སྟེ། མི་དམངས་མང་ཚོགས་ཀྱི་ཐོབ་མྱོང་སྔར་ལས་ཇེ་དྲག་ཏུ་སོང་ཞིང་། ལོ་རྒྱུས་རང་བཞིན་གྱི་ཡར་ཐོན་ཆེན་པོ་བླངས།