༄༅།།རྒྱལ་སྤྱིའི་གླེང་ཕྱོགས་ཀྱིས་ཚོགས་ཆེན་བཅོ་བརྒྱད་པར་དོ་ཁུར་ཆེན་པོ་བྱེད་པ།

  འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ༡༡ཚེས༩ཉིན་གློག་འཕྲིན་འབྱོར་གསལ།ཕྱི་རྒྱལ་དུ་བཅའ་སྡོད་འདི་ག་ཚགས་པར་གྱི་གསར་འགོད་པས་ཕྱོགས་བསྡུས་གནས་ཚུལ་སྤེལ་གསལ།ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འགོ་ཚུགས་ཚུན་རྒྱལ་སྤྱིའི་གླེང་ཕྱོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

  ཝེ་ཐེ་ནམ་ཐུང་ནའེ་ཞིང་ཨུད་ལས་ཁུངས་ཀྱི་གཞུང་ཕྱོགས་དྲ་ཚིགས་སྟེང་ཀྲུང་གུང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་ཚོགས་ཆེན་བཅུ་དྲུག་པ་འཚོགས་ཚུན་གྱི་ཕྱོགས་ཁག་གི་ཐད་ཐོབ་པའི་གྲུབ་འབྲས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་བཞིན་ཡོད་པ་དང་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་མི་སེར་ཚོའི་བདེ་སྡུག་དང་རེ་འབོད་ལ་གཙིགས་ཆེན་བྱེད་བཞིན་ཡོད་པ་རེད།ད་ཐེངས་ཀྱི་ཚོགས་ཆེན་གྲོལ་རྗེས་དུས་བབ་གསར་པ་དང་།འགྱུར་ལྡོག་གསར་པར་འཚམ་པའི་ངང་བྱ་གཞག་སྒྱུར་བཅོས་ལ་མུ་མཐུད་དང་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་རྒྱུ་རེད་ཅེས་གནས་ཚུལ་སྤེལ་ཡོད་པ་རེད།

  《ཝ་ཧྲིང་ཐོན་སྦྲག་སྲིད་ཚགས་པར》གྱི་དྲ་ཚིགས་ཐོག་འཁོད་པའི་རྩོམ་ཡིག་ཅིག་ལས་ཀྲུང་གུང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོག་རིང་ཀྲུང་ཨའི་འབྲེལ་བ་དང་དེ་བཞིན་འཛམ་གླིང་སྤྱིར་ཤུགས་རྐྱེན་གཏིང་ཟབ་ཐེབས་རྒྱུ་རེད།ཀྲུང་གོ་འདི་ཉིད་འཛམ་གླིང་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པར་གྱུར་བ་དེས་ས་ཁོངས་དཔལ་འབྱོར་དང་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་པ་དང་རང་ངོས་ཀྱི་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་ཡོད་ཅེས་འཁོད་ཡོད་པ་རེད།

  《ཨུ་རུ་སུའི་ཚགས་པར》ཐོག་འཁོད་པའི་རྩོམ་ཡིག་ཅིག་ནང་ཀྲུང་གུང་གི་ཚོགས་ཆེན་བཅོ་བརྒྱད་པས་ཀྲུང་གོའི་འབྱུང་འགྱུར་གྱི་ལས་དབང་གཏན་འཁེལ་བྱ་རྒྱུ་མ་ཟད།འཛམ་གླིང་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་རྒྱུ་རེད་ཅེས་འཁོད་ཡོད་པ་དང་།ཨུ་རུ་སུ་གསར་འགྱུར་ཁང་གིས་ཧུའུ་ཅིན་ཐའོ་ཡིས་སྙན་སྒྲོན་ནང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་རྨང་གཞིའི་སྟེང་ཆབ་སྲིད་སྒྲིག་སྲོལ་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་དགོས་ངེས་ཡིན་པ་ནན་བཤད་བྱས་པའི་སྐོར་གླེང་ཡོད་པ།ཨུ་རུ་སུའི་རླུང་འཕྲིན་ཁང་གིས་སྤྱོད་གཙང་དར་སྤེལ་སྐོར་གྱི་ཀྲུང་གོ་གུང་ཁྲན་ཏང་གི་ཆོད་སེམས་མངོན་གསལ་ཐོག་གཏོང་སྤེལ་བྱས་པ་རེད།