༄༅།།ཁྲའོ་ཞན་ཏང་གི་ཚགས་པར་གྱིས་ཁྲའོ་ཞན་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་མི་རབས་ནས་མི་རབས་བར་བརྒྱུད་སྤེལ་བྱས་ཏེ་ཇི་སྲིད་བར་འགྱུར་མི་སྲིད་ཅེས་བཤད་པ།

  ཤིན་ཧྭ་གསར་འགྱུར་ཁང་ཕོང་དབྱང་ནས་ཟླ་10ཚེས་25ཉིན་གློག་འཕྲིན་འབྱོར་གསལ།ཁྲའོ་ཞན་ཏང་གི་ཚགས་པར《ངལ་རྩོལ་གསར་འགྱུར》སོགས་སྨྱན་སྦྱོར་གྱིས་ཚེས་25ཉིན་རྩོམ་ཡིག་སྤེལ་བའི་ནང་ཁྲའོ་ཞན་མི་དམངས་ཀྱིས་ཀྲུང་གོ་མི་དམངས་དང་བླངས་དམག་གི་མཛད་རྗེས་རླབས་ཆེན་ནམ་ཡང་མི་བརྗེད་པ་དང་ཁྲག་དྲོན་ལས་གྲུབ་པའི་ཁྲའོ་ཀྲུང་དབར་གྱི་མཛའ་གྲོགས་ཇི་སྲིད་བར་གནས་རྒྱུ་རེད་ཅེས་བཤད་ཡོད་པ་རེད།

  《ངལ་རྩོལ་གསར་འགྱུར》ཐོག་གི《ཁྲའོ་ཀྲུང་མཛའ་གྲོགས་ཇི་སྲིད་བར་གནས》ཞེས་འགོ་བརྗོད་དུ་འཁོད་པའི་དཔྱད་གཏམ་ནང་ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཁྲའོ་ཞན་དུ་ཨ་འགོག་ཁྲའོ་རོགས་དམག་ནང་ཞུགས་ནས་ལོ་62སོང་རིང་ཁྲའོ་ཞན་མི་དམངས་ཀྱིས་དང་བླངས་དམག་གིས་ལང་ཚོ་དང་ཚེ་སྲོག་ལ་བརྟེན་ནས་བསྐྲུན་པའི་མཛད་རྗེས་རླབས་ཆེན་སྔ་ཕྱི་བར་གསུམ་དང་ཇི་སྲིད་བར་སེམས་ནང་བརྟན་པོར་ངེས་རྒྱུ་རེད་ཅེས་བསྟན་ཡོད།

  དཔྱད་གཏམ་ནང་ཀྲུང་གོའི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཞི་མཐུན་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འབད་བརྩོན་དེར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་ཀྱི་ཡོད།ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཞི་བདེ་འཕེལ་རྒྱས་དང་མཉམ་ལས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་རང་ཚུགས་རང་བདག་གི་ཕྱི་འབྲེལ་སྤེལ་ནས་འཛམ་གླིང་ཞི་བདེ་དང་བདེ་འཇགས་ཀྱི་ཆེད་དུ་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད།ཁྲའོ་ཞན་གྱི་ཏང་དང་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་ལ་ཐོབ་པའི་གྲུབ་འབྲས་ཚང་མར་ཧ་ཅང་དགའ་པོ་བྱེད་པ་དང་ཀྲུང་གོའི་མི་དམངས་ལ་གྲུབ་འབྲས་དང་རྒྱལ་ཁ་གསར་པ་ཐོབ་རྒྱུར་སྙིང་ཐག་པ་ནས་སྨོན་འདུན་ཞུ་གི་ཡོད་ཅེས་འཁོད་ཡོད་པ་རེད།

  གཞན་ཡང《ངལ་རྩོལ་གསར་འགྱུར》ནང《ཁྲའོ་ཀྲུང་དབར་གྱི་མཛའ་གྲོགས་དེ་ཡ་ལུའུ་གཙང་པོ་དང་འདྲ་བར་ཟབ་ལ་རིང》ཞེས་པ་འགོ་བརྗོད་དུ་བྱས་ཏེ་པར་ངོས་ཧྲིལ་པོར་ཀྲུང་གོ་མི་དམངས་དང་བླངས་དམག་ཁྲའོ་ཞན་དུ་ཨ་འགོག་ཁྲའོ་རོགས་ཀྱི་དམག་ནང་ཞུགས་པར་བསྐྱོད་ནས་ལོ་62འཁོར་བའི་དྲན་གསོའི་ཉིན་མོའི་སྐོར་གྱི་གནས་ཚུལ་སྤེལ་ཡོད་པ་རེད།

  (རྩོམ་སྒྲིག་འགན་ཁུར་བ།མཚམས་གཅོད།)