༄༅།།མཚོ་སྔོན་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་དུས་ཐེངས་གཉིས་པའི་ལས་གྲྭའི་འཆར་འགོད་དེ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ལ་དངོས་སུ་སྙན་སེང་ཞུས་པ།

  འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྣོད་བཅུད་སྲུང་སྐྱོང་ཕྱོགས་བསྡུས་ཚོད་ལྟའི་ཁུལ་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་གཙང་གསུམ་ཆུ་འགོའི་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་ཆེད་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་སྲིད་གཞུང་གི་འགོ་ཁྲིད་ཡང་དག་དང་གཅིག་གྱུར་བཀོད་སྒྲིག་འོག་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་ཞིང་ཆེན་ལས་གྲྭའི་བློ་འདྲི་ལྟེ་གནས་ལ་བཀོད་སྒྲིག་བྱས་ནས《མཚོ་སྔོན་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་དུས་ཐེངས་གཉིས་པའི་ལས་གྲྭའི་འཆར་འགོད》སྒྲིག་བཟོ་ལེགས་སྒྲུབ་བྱས་པ་དེ་ཟླ་10ཚེས་18ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ལ་དངོས་སུ་སྙན་སེང་ཞུས་པ་རེད།

  《དུས་ཐེངས་གཉིས་པའི་འཆར་འགོད》ཀྱི་ཁྱབ་ཁོངས་དང་ཕྱོགས་བསྡུས་ཚོད་ལྟའི་ཁུལ་གྱི་ཁྱབ་ཁོངས་རྦད་དེ་གཅིག་མཚུངས་ཡིན་པ་དེའི་ནང་ཡུལ་ཤུལ་དང་།མགོ་ལོགམཚོ་ལྷོ།རྨ་ལྷོ་སོགས་བོད་རིགས་རང་སྐྱོང་ཀྲོའུ་བཞིའི་སྲིད་འཛིན་ས་ཁོངས་ཀྱི་རྫོང་21དང་གོར་མོ་གྲོང་ཁྱེར་གྱི་གདང་ལ་གྲོང་རྡལ་ཚུད་ཡོད་པ་དེའི་རྒྱ་ཁྱོན་བསྡོམས་འབོར་སྤྱི་ལེ་གྲུ་བཞི་མ་ཁྲི་39.5ཟིན་པ་དེས་མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཁྱོན་བསྡོམས་འབོར་གྱི་54.6%བཟུང་ཡོད་པ་རེད།འཛུགས་སྐྲུན་ནང་དོན་གྲས་སུ་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་དང་སྣོད་བཅུད་སྲུང་སྐྱོང་འདེགས་སྐྱོར་གྱི་ལེ་ལག་ཚང་བའི་ལས་གྲྭའི་རྣམ་གྲངས་ཆེན་པོ་གཉིས་ཚུད་ཡོད་པར་ཁྱོན་བསྡོམས་ལས་གྲྭའི་རྣམ་གྲངས་26ཡོད་པ་རེད།དེའི་ནང་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་རིགས་ཀྱི་རྣམ་གྲངས་18ཡོད་པ་དེར་རྩྭ་ཐང་སྣོད་བཅུད་མ་ལག་སྲུང་སྐྱོང་དང་འཛུགས་སྐྲུན་རྣམ་གྲངས་5དང་།ནགས་ཚལ་སྣོད་བཅུད་མ་ལག་སྲུང་སྐྱོང་དང་འཛུགས་སྐྲུན་རྣམ་གྲངས་7ཐང་རྒོད་སྣོད་བཅུད་མ་ལག་སྲུང་སྐྱོང་དང་འཛུགས་སྐྲུན་རྣམ་གྲངས་1འདམ་ར་དང་ཆུ་བོ་དང་མཚེའུའི་སྣོད་བཅུད་མ་ལག་སྲུང་སྐྱོང་དང་འཛུགས་སྐྲུན་རྣམ་གྲངས་4སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་རྣམ་གྲངས་1བཅས་ཚུད་ཡོད་ཅིང་།སྣོད་བཅུད་སྲུང་སྐྱོང་འདེགས་སྐྱོར་གྱི་ལེ་ལག་ཚང་བའི་རིགས་ཀྱི་རྣམ་གྲངས་8ནང་སྣོད་བཅུད་འབྲོག་ལས་དང་།གྲོང་གསེབ་ཀྱི་ནུས་རྒྱུ་འཛུགས་སྐྲུན།གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས།སྣོད་བཅུད་ལྟ་ཞིབ་ཚད་ལེན།རྨང་གཞིའི་ས་ཁམས་ཀྱི་ཆ་འཕྲིན་མ་ལགཚན་རིག་ཞིབ་འཇུག་དང་ཁྱབ་གདལ།གསོ་སྦྱོང་།དྲིལ་བསྒྲགས་སློབ་གསོ་བཅས་ཚུད་ཡོད་པ་རེད།འཆར་འགོད་ཀྱི་དུས་བཀག་2013ལོ་ནས་2020ལོ་བར་ཡིན་པ་རེད།