༄༅།།"ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནི་མཚོན་རྟགས་རང་བཞིན་གྱི་དུས་མཚམས་སུ་འཚོག་རྒྱུ་རེད"

  -ཧྥ་རན་སེའི་ཀྲུང་གོའི་གནད་དོན་སྐོར་གྱི་རིགས་གཅིག་མཁས་ཅན་ཕི་ཁའར་ལ་བཅར་འདྲི་ཞུས་པ།

  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།དབྱིན་ཆང་གིས།ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོག་ཉེར་ཡོད་པའི་སྐབས་སུ་ཧྥ་རན་སེའི་ཀྲུང་གོའི་གནད་དོན་སྐོར་གྱི་རིགས་གཅིག་མཁས་ཅན་ཕ་རི་སིའི་སློབ་ཆེན་བརྒྱད་པའི་ཆབ་སྲིད་རིག་པའི་འབུམ་རམས་པ་ཕི་ཨེའར·ཕི་ཁའར་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས་ཉེ་བའི་ལོ་བཅུའི་རིང་ཀྲུང་གོའི་གྲོང་ཁྱེར་ཅན་གྱི་འཕེལ་རྒྱས་དང་སྤྱི་ཚོགས་འཕོ་འགྱུར་གྱིས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཅིང་།ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་འཛམ་གླིང་གི་སྐྱེ་བོ་ཀུན་གྱིས་མཐོང་ཐུབ།"ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནི་མཚོན་རྟགས་རང་བཞིན་གྱི་དུས་མཚམས་སུ་འཚོག་རྒྱུ་རེད"ཅེས་གསུངས་པ་རེད།

  ཕི་ཁའར་གྱིས་ལོ་བཅུའི་རིང་ཀྲུང་གོའི་དཔལ་འབྱོར་ལ་དགོས་ངེས་ཀྱི་སྙོམས་སྒྲིག་བྱས་ཏེ་འཛམ་གླིང་གི་དཔལ་འབྱོར་གྱི་རྒྱལ་ཁབ་ཆེན་པོ་ཨང་གཉིས་པར་གྱུར་ཡོད།ས་ཁུལ་མང་པོ་ཞིག་ལ་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་ནས་ཀྲུང་གོའི་ཁེ་ལས་ཀྱིས་ཀྱང་ཕྱི་ཕྱོགས་ལ་མ་འཇོག་བྱེད་འགོ་ཚུགས་ཡོད།ཀྲུང་གོ་དེ་ཉིད་གོ་ལ་ཧྲིལ་པོའི་འཛད་རྫས་ཐོན་སྐྱེད་བྱེད་མཁན་ནས་འཛམ་གླིང་གི་ཇུས་འགོད་དང་གསར་གཏོད་བྱེད་པའི་ལྟེ་གནས་སུ་འགྱུར་བཞིན་ཡོད།གཞི་ཁྱོན་ཧ་ལམ་གླིང་ཆེན་གཅིག་དང་འདྲ་ཞིང་མི་འབོར་དུང་ཕྱུར་14ལ་ཉེ་བའི་རྒྱལ་ཁབ་ཅིག་ལ་མཚོན་ན་མི་རྣམས་ཧ་ལས་དགོས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་འདི་འདྲ་ཐོབ་པ་ནི་ལས་སླ་པོ་ཞིག་ག་ལ་ཡིན་ཞེས་གསུངས་པ་རེད།

  ཕི་ཁའར་ནི་ཀྲུང་གོར་ཆ་རྒྱུས་ཡོད་མཁན་ཞིག་ཡིན།ཉེ་དུས་ཁོང་གིས《ལོ་ཉི་ཤུའི་རྗེས་ཀྱི་ཀྲུང་གོ་དང་འཛམ་གླིང》ཞེས་པའི་དཔེ་དེབ་ཅིག་པར་སྐྲུན་བྱས་པ་མ་ཟད་དེ་ཉིད་རྒྱ་ཡིག་ཏུ་བསྒྱུར་ནས་ཀྲུང་གོར་ཡང་པར་བསྐྲུན་བྱས་ཡོད།ལོ་བཅོ་ལྔའི་གོང་ཐེངས་དང་པོར་ཀྲུང་གོར་ཕྱིན་པ་ནས་མིག་སྔའི་བར་ཀྲུང་གོར་ཐེངས་བཞི་བཅུ་ལྷག་ཙམ་ཕྱིན་པའི་སྐོར་གླེང་སྐབས་ཕི་ཁའར་གྱིས"ངས་རྒྱལ་ཁབ་འདི་འཕེལ་རྒྱས་ཆེན་པོ་ཕྱིན་པའི་དཔང་པོ་བྱེད་ཐུབ"ཅེས་གསུངས་པ་རེད།

  ཀྲུང་གོར་འཕྲད་པའི་འགྲན་སློང་སྐོར་གླེང་སྐབས་ཕི་ཁའར་གྱིས་དཔལ་འབྱོར་དང་སྤྱི་ཚོགས་སོགས་ཐད་ཀྱི་འགྲན་སློང་ཕུད་ཀྲུང་གོར་ད་དུང་མ་འོང་བའི་ལོ་འགའི་རིང་གོ་ལ་ཧྲིལ་པོའི་ས་ཁོངས་ཀྱི་ཆབ་སྲིད་དང་འཐབ་ཇུས་ཐོག་གི་འགྲན་སློང་ཡང་འཕྲད་རྒྱུ་རེད།ཀྲུང་གོ་འདི་ཉིད་དཔལ་འབྱོར་གྱི་རྒྱལ་ཁབ་ཆེན་པོར་གྱུར་རྗེས་ཇི་ལྟར་བྱས་ནས་འཛམ་གླིང་འདི་ཉིད་སྣ་མང་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ལྷག་པར་ཏུ་འབོ་གསེར་རྒྱལ་ཁབ་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ།ཇི་ལྟར་བྱས་ནས་རྒྱལ་སྤྱིའི་ལས་དོན་ནང་ཞུགས་ཏེ་མཉམ་འབྲེལ་རྒྱལ་ཚོགས་བརྒྱུད་གོ་ལ་ཧྲིལ་པོའི་ཉམས་ཉེན་ལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་སོགས་ཀྱང་ཀྲུང་གོར་འཕྲད་རྒྱུ་ཡིན་པའི་འགྲན་སློང་རེད་ཅེས་གསུངས་པ་རེད།

  ཁོང་གིས་མ་འོང་བའི་ལོ་བཅུ་ནི་ཀྲུང་གོར་མཚོན་ན་ཧ་ཅང་གལ་ཆེ་བ་ཞིག་ཡིན་ལ་ལྷག་པར་ཏུ་དངུལ་རྩའི་ལྟ་སྐུལ་དོ་དམ་དང་།དཔལ་འབྱོར་བཅོས་སྒྲིགཁོར་ཡུག་སྲུང་སྐྱོང་།དེ་བཞིན་རྒྱལ་ཁབ་གཞན་དག་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་སོགས་ཐད་གལ་ཧ་ཅང་ཆེ།མ་འོང་བར་ཀྲུང་གོས་ནུས་པ་གལ་ཆེན་འདོན་རྒྱུ་རེད་ཅེས་གསུངས་པ་རེད།

  ཀྲུང་གོའི་འཕེལ་རྒྱས་གཏོང་སྟངས་སྐོར་ལ་ཕི་ཁའར་གྱིས་ཀྲུང་གོར་ལོ་ལྔ་སྟོང་གི་རིག་གནས་སྲོལ་རྒྱུན་ཡོད་པ་དེ་ཡོ་རོབ་གླིང་དང་ཨ་རི་དང་བསྡུར་ན་ཧ་ཅང་རིང་པོ་ཞིག་ཡིན།"ཀྲུང་གོས་ཡོ་རོབ་གླིང་གི་ཉམས་མྱོང་ཇི་མ་ཇི་བཞིན་སྤྱད་ཚེ་དེ་འདྲ་ཡག་པོ་ཞིག་མིན།ཨ་རི་ལ་ཡང་རང་ཉིད་ཀྱི་བྱེད་སྟངས་ཤིག་ཡོད།ཀྲུང་གོས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་འཕེལ་རྒྱས་གཏོང་སྟངས་ཤིག་སྤྱོད་དགོས"ཞེས་དང་།ཀྲུང་གོའི་རིག་གནས་ཀྱི་སྲོལ་རྒྱུན་ནི་ཐུན་མོང་མ་ཡིན་པ་ཞིག་ཡིན་པས་རང་ཉིད་ཀྱི་རིག་གནས་སྲོལ་རྒྱུན་ཁྲོད་བློ་སྐྱེད་ཐོབ་ཏེ་རང་གི་ཐུན་མོང་མ་ཡིན་པའི་འཕེལ་རྒྱས་གཏོང་སྟངས་ཤིག་གཏོད་དགོས་ཞེས་གསུངས་པ་རེད།

  ཁོང་གིས་དོ་སྙོམས་པའི་སྟོབས་ཤུཌ་རྒྱུན་འཁྱོངས་བྱེད་ཆེད་མ་འོང་བའི་འཛམ་གླིང་ལ་བལྟ་བ་དང་ཆབ་སྲིད་མི་འདྲ་བ་ཡོད་དགོས།ཀྲུང་གོས་མ་འོང་བའི་འཛམ་གླིང་ལ་རང་ཉིད་ཀྱི་བྱེད་སྟངས་ཤིག་མཁོ་འདོན་གྱིས་རྒྱལ་སྤྱིའི་འབྲེལ་བའི་ཐད་ཐག་གཅོད་བྱེད་ཐབས་གསར་པ་ཞིག་བཏོན་ཏེ་སྒྲིག་ལམ་བཟོ་བའི་ནང་ཞུགས་ནས་ཐུན་མོང་གི་ངོས་འཛིན་ཞིག་དོན་གཉེར་བྱེད་དགོས་ཞེས་གསུངས་པ་རེད།

  ཕི་ཁའར་གྱིས་ཀྲུང་གོས་འཛམ་གླིང་ལ་སྔར་བས་ཞི་མཐུན་དང་སྔར་བས་ཞི་བདེ་ཡིན་པའི་འཕེལ་རྒྱས་གཏོང་སྟངས་གསར་རྐྱང་ཞིག་མཁོ་འདོན་བྱེད་རྒྱུ་རེད།ཀྲུང་གོའི་མཚན་ཉིད་ཀྱི་ལྟ་བས་འཛམ་གླིང་གི་རྒྱལ་ཁབ་ཁག་དབར་གྱི་འབྲེལ་བ་སྔར་བས་དོ་སྙོམས་ཡོང་བ་བྱེད་ཐུབ།ཀྲུང་གོའི་རིག་གནས་ཀྱིས་འཛམ་གླིང་ལ་མཐོང་ཟུར་མི་འདྲ་བ་ཞིག་མཁོ་འདོན་བྱེད་ཐུབ་པ་དེ་ནི་སྲིད་དབང་ཆེན་པོ་ཞིག་གིས་དམག་དོན་ནུས་ཤུགས་ལ་བརྟེན་ནས་དབང་སྒྱུར་བྱེད་ཅེས་པའི་ནུབ་ཕྱོགས་ཀྱི་ལྟ་བ་དེ་དང་མི་འདྲ།"ངས་བལྟས་ན་ཀྲུང་གོས་མཉམ་ལས་ཀྱི་བྱེད་སྟངས་ཤིག་གཏོད་རྒྱུ་རེད"ཅེས་གསུངས་པ་རེད།