༄༅།།བོད་ཀྱི་ལྷོ་ཁས་རྩྭ་ར་མུའུ་ཁྲི་3572དུད་ཚང་ལ་འགན་གཙང་སྤྲད་པ།

  འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།ད་ཕན་ལོ་ཤས་རིང་བོད་ཀྱི་ལྷོ་ཁ་ས་ཁུལ་གྱིས་རྩྭ་ར་འགན་གཙང་གཉེར་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་རྩྭ་ཐང་སྣོད་བཅུད་ཀྱི་སྐྱིན་གསབ་བྱ་དགའི་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་བ་རེད།འདི་ལོའི་ཟླ་དགུ་པ་བར་ས་ཁུལ་དེ་ཡོངས་ཀྱིས་རྩྭ་ར་རྒྱ་ཁྱོན་མུའུ་ཁྲི་3572.59དུད་ཚང་དང་མཉམ་འབྲེལ་དུད་ཚང་ལ་བགོས་པའི་ནང་དགུན་དཔྱིད་ཀྱི་རྩྭ་ར་མུའུ་ཁྲི་929.67དང་དབྱར་སྟོན་གྱི་རྩྭ་ར་མུའུ་ཁྲི་2643.02ཡོད་པ་དང་།དུད་ཚང་དང་མཉམ་འབྲེལ་དུད་ཚང་ལ་འགན་གཙང་སྤྲད་པའི་རྩྭ་རས་སྤྱོད་ཆོག་པའི་རྩྭ་རའི་རྒྱ་ཁྱོན་གྱི་99.41%བཟུང་ཡོད་པ་རེད།

  ཤེས་རྟོགས་བྱུང་བར་གཞིགས་ན།རྩྭ་ར་དུད་ཚང་ལ་འགན་གཙང་སྤྲད་པ་དེས་བོད་ཀྱི་ལྷོ་ཁ་ས་ཁུལ་གྱི་འབྲོག་ལས་ཐོན་སྐྱེད་ཀྱི་ཆུ་ཚད་དང་དཔལ་འབྱོར་གྱི་ཕན་འབྲས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།མིག་སྔར་ས་ཁུལ་དེས་ལུག་ཁྲི་11.59དང་བ་གླང་ཁྲི་11.34རྒྱུད་པ་ལེགས་བཅོས་བྱས་ཟིན་པ་རེད།