༄༅།།སི་རི་ཡའི་ངོ་རྒོལ་ཤོག་ཁག་གིས་མུ་མཐུད་དྲག་ཤུགས་སྤྱོད་པར་ཨུ་རུ་སུའི་མཐོ་རིམ་དཔོན་རིགས་ཀྱིས་སྐྱོན་འཛུགས་བྱས་པ།

  ཤིན་ཧྭ་གསར་འགྱུར་ཁང་མོ་སི་ཁོ་ནས་ཟླ་10ཚེས་27ཉིན་གློག་འཕྲིན་འབྱོར་གསལ།ཚེས་27ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ཅ་ཅི་ལུའོ་ཕུའུ་ཡིས་སི་རི་ཡའི་ངོ་རྒོལ་ཤོག་ཁག་གིས་དམག་རྒྱག་མཚམས་འཇོག་པར་གཏོར་བཤིག་གཏོང་བའི་བྱེད་སྤྱོད་དེ་ཐོག་ནས་མུ་མཐུད་དྲག་ཤུགས་སྤྱོད་རྒྱུ་དེའི་རེ་ངན་དམར་རྗེན་དུ་བཏོན་ཡོད་ཅེས་བཤད་པ་རེད།

  ཉིན་དེར་ཅ་ཅི་ལུའོ་ཕུའུ་ཡིས་སྤྱི་ཚོགས་ཀྱི་འབྲེལ་བའི་དྲ་ཚིགས་ཀྱི"ཐུའེ་ཐེ"ཞེས་པའི་ཐོག"མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཏ་མ་སི་ཁུའི་འཇིགས་སྐུལ་བྱེད་སྤྱོད་ལ་ཁ་རྡུང་གཏོང་བར་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་སླར་ཡང་འགོག་རྐྱེན་བཟོས་ཡོད།སི་རི་ཡའི་ངོ་རྒོལ་ཤོག་ཁག་གིས་དམག་རྒྱག་མཚམས་འཇོག་རྒྱུར་གཏོར་བཤིག་གཏོང་བ་དེ་ཐོག་ནས་མུ་མཐུད་དྲག་ཤུགས་སྤྱོད་རྒྱུ་དེའི་རེ་ངན་དམར་རྗེན་དུ་བཏོན་ཡོད"ཅེས་བྲིས་ཡོད་པ་རེད།

  སི་རི་ཡའི་ཉམས་ཉེན་སྐོར་གྱི་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་མཉམ་འབྲེལ་དམིགས་བསལ་འཐུས་མི་པུའུ་ལ་ཤིས་སྨིས་འདི་ཟླའི་ཚེས་17ཉིན་ལེ་པ་ནོན་ལ་འཚམས་འདྲི་བྱེད་སྐབས་སི་རི་ཡ་སྲིད་གཞུང་དང་ངོ་རྒོལ་ཤོག་ཁག་གིས་དབྱི་སི་ལམ་ཆོས་ལུགས་ཀྱི་དུས་ཆེན་གལ་ཆེན་གོང་པན་དུས་ཆེན་རིང་དམག་རྒྱག་མཚམས་འཇོག་རྒྱུའི་གྲོས་འགོ་བཏོན་པ་རེད།གྲོས་འགོ་དེར་སི་རི་ཡ་སྲིད་གཞུང་དང་སི་རི་ཡ་ངོ་རྒོལ་ཤོག་ཁག་སོགས་ཚུད་པའི་སི་རི་ཡའི་ཉམས་ཉེན་གྱི་འབྲེལ་ཡོད་ཕྱོགས་ཁག་གིས་མོས་མཐུན་བྱས་ཀྱང་སི་རི་ཡ་སྲིད་གཞུང་དམག་གིས་ཚེས་26ཉིན་གསལ་བསྒྲགས་སྤེལ་བའི་ནང"དྲག་ཆས་པས"ཉིན་དེར་དམག་རྒྱག་མཚམས་འཇོག་རྒྱུའི་ཁས་ལེན་ལས་ཐེངས་མང་འགལ་ཏེ་སྲིད་གཞུང་དམག་གི་དམིགས་ས་མང་པོ་ཞིག་ལ་ཚུར་རྒོལ་བྱས་རྐྱེན་སྲིད་གཞུང་དམག་ཕྱོགས་ཀྱིས་དེ་འཕྲལ་ཕར་རྒོལ་བྱས་པ་རེད་ཅེས་བཤད་ཡོད་པ་རེད།

  ཨུ་རུ་སུའི་ཐ་སི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན།ཚེས་26ཉིན་གྱི་འཇབ་རྒོལ་དོན་རྐྱེན་ལ་དམིགས་ནས་ཨུ་རུ་སུས་བདེ་འཇགས་ལས་འཛིན་ལྷན་ཚོགས་བརྒྱུད་དེ་གསལ་བསྒྲགས་སྤེལ་ནས་འཇིགས་སྐུལ་གྱི་བྱེད་སྤྱོད་དེ་དག་ལ་ཁ་རྡུང་གཏོང་བ་དང་འབྲེལ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་རྒྱལ་ཁབ་ཀྱིས་འཇིགས་སྐུལ་རིང་ལུགས་ཀྱི་སྣང་ཚུལ་མཐའ་དག་དང་འཐབ་རྩོད་བྱེད་པའི་ཆོད་སེམས་བསྐྱར་བསྒྲགས་བྱེད་རེ་བྱས་ཡོད་པ་རེད།