༄༅།།ལྷ་ས་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་ས་མཐོའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྒྱལ་སྤྱིའི་ཡུལ་སྐོར་གྲོང་ཁྱེར་བཏོད་པ།

  འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ།བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།གསར་འགོད་པས་ཉེ་ཆར་ལྷ་ས་གྲོང་ཁྱེར་ཡུལ་སྐོར་སྡེ་ཚན་ནས་ཤེས་རྟོགས་བྱས་པར།ལྷ་ས་གྲོང་ཁྱེར་གྱིས་ཕུན་སུམ་ཚོགས་ལ་ཐུན་མིན་ཁྱད་ཆོས་ལྡན་པའི་རང་བྱུང་དང་།སྣོད་བཅུད།རིག་གནས་ཐོན་ཁུངས་བཅས་ལ་གཞི་བཙུགས་ཏེ"བོད་ཀྱི་རིག་གནས"བརྗོད་བྱ་གཙོ་བོར་བྱས་པའི་འཛམ་གླིང་རིམ་པའི་ཡུལ་སྐོར་སྤུས་རྟགས་སྐྱེད་སྲིང་དང་།ས་མཐོ་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྒྱལ་སྤྱིའི་ཡུལ་སྐོར་གྲོང་ཁྱེར་ཧུར་ཐག་བཏོད་ནས་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་ཧུར་ཐག་བསྐྲུན་རྒྱུ་ཡིན་ཞིང་།2016ལོར་སླེབས་སྐབས་ཡུལ་སྐོར་བ་མི་ཐེངས་ཁྲི་1300ལས་བརྒལ་བར་སྣེ་ལེན་ཞུ་རྒྱུ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་175ལས་བརྒལ་བ་བྱ་རྒྱུ་རེད།

  བོད་འདི་ཉིད་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་ཞིག་ཏུ་གཏོད་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་གཞིར་བཟུང་ལྗོངས་ཡོངས་ཀྱི་ཡུལ་སྐོར་ལྟེ་གནས་གྲོང་ཁྱེར་དང་སྣེ་འདྲེན་གྲོང་ཁྱེར་ཡིན་པའི་ལྷ་སས་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་བསུས་ཡོད།མིག་སྔར་ལྷ་ས་གྲོང་ཁྱེར་གྱིས་རིག་གནས་ཡུལ་སྐོར་རྣམ་གྲངས་འཛུགས་སྐྲུན་དང་།ཡུལ་སྐོར་གྱི་རྨང་གཞིའི་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན།རྒྱལ་སྤྱིའི་ཡུལ་སྐོར་སྤུས་རྟགས་འཛུགས་སྐྲུན་བཅས"འཛུགས་སྐྲུན་ཆེན་པོ་གསུམ"གང་མགྱོགས་བྱེད་བཞིན་ཡོད།ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ"རྒྱལ་སྤྱི་ཅན་ལྔ"སྟེ་ཡུལ་སྐོར་ཐོན་ཟོག་དང་།ཡུལ་སྐོར་སྒྲིག་བཀོད།ཡུལ་སྐོར་ཞབས་ཞུ།ཡུལ་སྐོར་ཚོང་གཉེར།ཡུལ་སྐོར་ཚོགས་པ་བཅས་རྒྱལ་སྤྱི་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད་པ་རེད།

  མ་འོངས་ལོ་ལྔའི་རིང་ལྷ་ས་གྲོང་ཁྱེར་གྱིས"གྲོང་ཁྱེར་གཅིག་དང་།མཚེའུ་གཅིགབར་ཁྱམས་གསུམ"བཅས་ཀྱི་ཡུལ་སྐོར་བྱ་ཡུལ་བཀོད་སྒྲིག་གཞིར་བཟུང་མཛེས་ལྗོངས་ཁུལ་ལ་བརྟེན་ནས"དྲ་བ་གསུམ་དང་མཛོད་གཅིག"གི་ཡུལ་སྐོར་ཆ་འཕྲིན་མ་ལག་དང་ཡུལ་སྐོར་བསྡུ་འགྲེམས་ལྟེ་གནས་དང་དེ་བཞིན་ཡུལ་སྐོར་ཆ་འཕྲིན་མཚོན་རྟགས་མ་ལག་བསྐྲུན་རྒྱུ་དང་ནུས་ཤུགས་ཡོད་རྒུས་རང་བྱུང་མཛེས་ལྗོངས་ཡུལ་སྐོར་དང་།སྣོད་བཅུད་སྤྲོ་གསེང་ཡུལ་སྐོར།དམངས་སྲོལ་གོམ་གཤིས་དང་དེ་བཞིན་ནང་བསྟན་དགོན་པ་གྲགས་ཅན་གྱི་ཡུལ་སྐོར་བཅས་གཏོད་ཐོག་མཛེས་ལྗོངས་ཁུལ་གྱི་གནས་བབ་དང་གདང་རིམ་མཐོ་རུ་གཏོང་རྒྱུ་རེད།ལྷ་ས་གྲོང་ཁྱེར་གྱིས་ད་དུང་ཡུལ་སྐོར་དང་།རིག་གནས།སྣོད་བཅུད་བཅས་ཟུང་དུ་སྦྲེལ་རྒྱུ་མཐའ་འཁྱོངས་ཀྱིས་ཡུལ་སྐོར་རིག་གནས་སྤུས་རྟགས་འཐབ་ཇུས་ལག་བསྟར་བྱས་ནས《འུན་ཤིང་ཀོང་ཇོ》ཞེས་པའི་དངོས་སྦྱོང་འཁྲབ་སྟོན་ཆེ་གྲས་ཀྱི་རིག་གནས་ཐོན་ཟོག་གཏོད་རྒྱུ་དང་།ཞོ་སྟོན་དང་།གནམ་མཚོའི་རྒྱལ་སྤྱིའི་གོམ་བགྲོད་འདུ་ཚོགས་སོགས་དུས་ཆེན་ཡག་པོ་གཉེར་རྒྱུ།རིག་གནས་ཡུལ་སྐོར་ཁྲོམ་གཞུང་དང་ཁུལ་དང་།རིག་གནས་ཡུལ་སྐོར་དཔེ་སྟོན་རྫོང་།རིག་གནས་ཡུལ་སྐོར་ཁྱད་ལྡན་ཐོན་ལས་འདུ་འཛོམས་ཁུལ་བཅས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཐོག་ཡུལ་སྐོར་ལས་རིགས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་རེད།