མཛའ་མཐུན་གླེང་བ།

  ཟླ8པར་མདའ་བཞིའི་རྩྭ་ཐང་ཆེས་བཟང་པོའི་དུས་ཚིགས་སུ་གསར་འགོད་པས་མདའ་བཞི་རྫོང་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དཔལ་མཁར་ཚེ་རིང་ལ་བཅར་འདྲི་བྱས། ཁོ་ནི་གཟུགས་མི་ཆེ་ཞིང་ངོ་མདངས་ནག་པ། བལྟས་པ་ཙམ་གྱིས་བོད་མིའི་ཁྱད་ཆོས་མངོན་པར་གསལ་བའི་བོད་རིགས་ཀྱི་ཕོ་རྒོད་ཅིག་ཡིན། ཁ་བརྡའི་ཁྲོད་ནས་ཁོ་ནི་དོན་སྒྲུབ་ན་སེམས་ཐག་རྦད་བཅད་དང་མཉམ་འདྲེས་བྱེད་མཁས་པའི་མི་ནུས་ལྡན་ཞིག་ཡིན་པ་རྟོགས་ཐུབ། ཁོ་ནི་གཞུང་དྲང་ཞིང་བབ་ཆགས་པ་ཞིག་ཡིན་པས་ང་ཚོའི་བཅར་འདྲི་ཡང་དགའ་སྐྱིད་ངང་ནས་བདེ་བླག་ཏུ་གྲུབ། 1992ལོར་དཔལ་མཁར་ཚེ་རིང་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་སློབ་གྲྭ་ནས་མཐར་ཕྱིན་རྗེས་མཚོ་བྱང་ཁུལ་རྐང་ཚ་རྫོང་ཁྲིམས་ཁང་དུ་མངགས་ནས་བྱ་བ་སྒྲུབ། བྱ་བ་སྒྲུབ་ཞོར་དུ་ཁོས་ཧུར་བརྩོན་གྱིས་སློབ་སྦྱོང་བྱས་པས་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད། དེ་ནས་སློབ་མཐར་ཕྱིན་རྗེས2005ལོར་སླར་ཡང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ནས་བཅའ་ཁྲིམས་ཆེད་ལས་ཀྱི་ཞིབ་འཇུག་སློབ་མའི་བསླབ་གནས་བླངས། དེ་ལྟར་ཁོས་རང་ཉིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་དང་ཆེད་ལས་ཤེས་བྱ་མུ་མཐུད་དུ་མཐོར་འདེགས་བྱས་པས་ཁོ་ནི་གཞི་རིམ་ནས་གོམ་པ་རེ་རེ་བཞིན་སྤོས་ནས་འཚར་ལོངས་བྱུང་བ་རེད།

  བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཧྲུའུ་ཅི་བཟང་པོ། 2008ལོར་དཔལ་མཁར་ཚེ་རིང་གིས་རྐང་ཚ་རྫོང་ཧར་དགེ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར། དུས་དེར་ཁོས་གྲོང་རྡལ་གྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཉམ་དུ་གྲོང་རྡལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་སྟེ་དོན་དངོས་སུ་རྐང་བཙུགས་ནས།"ཕྱུགས་ལས་ལ་བརྟེན་ནས་གྲོང་རྡལ་སྤེལ་བའི"འཕེལ་རྒྱས་ཀྱི་འཐབ་ཇུས་བཏོན་པ་དང"ཕྱུགས་ལས་དང་གཏེར་རྫས། གནས་སྐོར། རྣམ་གྲངས་བཅས་འཛིན་དགོས་པའི"མཛུབ་སྟོན་བསམ་བློ་བཙུགས་ཏེ། ཧར་དགེའི་ལེགས་ཆར་བརྟེན་ནས་འཕེལ་རྒྱས་བྱེད་པའི་གོ་སྐབས་བཟུང་ནས། རྒྱུན་ཆད་མེད་པར་ཞིང་ཕྱུགས་ལས་ཀྱི་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དུ་བཏང་བ་དང་། ཧུར་བརྩོན་གྱིས་ལེགས་བསྡུས་བདག་གཉེར་བྱེད་པའི་ཐབས་ལམ་གསར་བ་ཞིག་བཙལ་ཏེ། རྒྱུད་བཟང་ཕྱུགས་ཟོག་ནང་འདྲེན་བྱས་ནས་ཕྱུགས་ལས་གོང་དུ་སྤེལ་བ་དང་། "ཀྲི་པུའུ+མཉམ་ལས་ཁང"གི་འཕེལ་རྒྱས་དཔེ་དབྱིབས་གསར་བ་ལག་བསྟར་བྱས་པས། གྲོང་རྡལ་ཡོངས་ཀྱི་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་བཏང་། 2010ལོར་ཡུས་ཧྲུའུ་རུ"4·14"ས་འགུལ་ཆེན་པོ་བྱུང་རྗེས། ཁོ་ནི་ལས་བྱེད་པ4དང་མཉམ་དུ་གནོད་འཚེ་ཚབས་ཆེན་ཐེབས་པའི་ཡུས་ཧྲུའུ་རུ་སོང་ནས་བྱ་བ་སྤེལ། དཀའ་ཚེགས་ཧ་ཅང་ཆེ་བའི་གནོད་ཁུལ་དུ་ཁོ་ཚོས་རང་ཉིད་ཀྱི་ཉེན་ཁ་ལ་མ་འཛེམ་པར་ཉིན་རེར་དུས་ཚོད12ལྷག་ལ་བྱ་བ་བསྒྲུབས་ཤིང་། བརྩེ་སེམས་ལ་བརྟེན་ནས་གནོད་ཁུལ་གྱི་མང་ཚོགས་ལ་ཞབས་འདེགས་ཞུ་བས་གནོད་ཐེབས་མང་ཚོགས་ཀྱི་དགའ་བསུ་ཐོབ།

  ཏན་ཏན་ཏིག་ཏིག་གིས་དངོས་འབེབས་འཛིན་པའི་རྫོང་དཔོན། 2010ལོའི་ལོ་མཇུག་ཏུ་དཔལ་མཁར་ཚེ་རིང་མདའ་བཞི་རྫོང་མི་དམངས་སྲིད་གཞུང་དུ་མངག་ནས་རྫོང་དཔོན་གཞོན་པར་བསྐོས་ནས་ཞིང་ཕྱུགས་ལས་ཀྱི་བྱ་བ་གཙོ་གཉེར་བྱས། དུས་དེར་ཁོས་བརྟག་དཔྱད་ཞིབ་འཇུག་བྱས་ནས་མཐོ་སྒང་གི་དེང་རབས་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་རྫོང་འཛུགས་པའི་དམིགས་ཚད་བཏོན་ནས་གནད་གཅིག་གིས་ཁྱོན་ཡོངས་ཁྲིད་ཅིང་སྐུལ་འདེད་བཏང་བས། "ནང་དུ་སྒྲིག་གཞི་ལེགས་སྒྲིག་དང་ཕྱི་རུ་ཚོང་ར་སྤེལ་བའི"ཞིང་ཕྱུགས་ལས་ཐོན་སྐྱེད་གོང་དུ་འཕེལ་བའི་རྣམ་པ་གསར་བ་ཞིག་ཆགས། དུས་མཚུངས་སུ་མཐོ་སྒང་གི་དེང་རབས་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་རྫོང་འཛུགས་སྐྲུན་བྱེད་པ་དེ་ཁྱོན་ཡོངས་ནས་སྒྲུབ་མགོ་བརྩམས། ཧར་ཅིན་ཞང་གིས་ཐོག་མར་ཞིང་ཆེན་ཡོངས་ཀྱི་མཐོ་སྒང་གི་དེང་རབས་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་ཞང་ཨང་དང་པོ་བསྐྲུན་པས། མཐོ་སྒང་གི་དེང་རབས་སྐྱེ་ཁམས་ཕྱུགས་ལས་ཐོན་སྐྱེད་ར་བ་དང་བོད་ཁུལ་གྱི་དེང་རབས་ཞིང་ལས་ཚན་རྩལ་དཔེ་སྟོན་ར་བའི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ཞིང་། རོང་འབྲོག་ཁུལ་དུ"སྐུལ་འདེད་གཉིས"ཀྱི་བྱ་བའི་སྒྲུབ་ཆགས་སྟངས་ཤིག་ཆགས། ཞིང་ཕྱུགས་ལས་ཀྱི་སྒྲིག་གཞི་ལེགས་སྒྲིག་གཏིང་ཟབ་ཏུ་བཏང་བ་དང་རྒྱ་ཁྱོན་གསོ་སྤེལ་སྡེ་ཁུལ25བཙུགས། ཞིང་ཕྱུགས་ལས་ཀྱི་ལེགས་བསྡུས་ཅན་གྱི་བདག་གཉེར་ལ་རིམ་བཞིན་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོར་བཏེགས་ཤིང་རྒྱ་ཁྱོན་ཇེ་ཆེར་བཏང་བས། རྩྭ་ས་དང་རྨོ་ཞིང་ལེགས་བསྡུས་བྱས་ཚད་སོ་སོར59.79%དང67.85%རུ་བསླེབས། ཁྱད་ཆོས་ལྡན་པའི་འདེབས་གསོ་ལས་རིགས་གོང་དུ་སྤེལ་བས་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་ཆ་རྐྱེན་མངོན་གསལ་དུ་ལེགས་བཅོས་བྱས་པ་དང་། རོང་འབྲོག་པའི་སྲོལ་རྒྱུན་གྱི་ཐོན་སྐྱེད་བདག་གཉེར་གྱི་བསམ་བློ་དེ་རིམ་བཞིན་བདག་གཉེར་མཁས་པ་དང་ཐོན་ལས་སྐྲུན་པ། ཚོང་རར་འགྲོ་བ་བཅས་ཀྱི་འཕེལ་ཕྱོགས་སུ་བསྒྱུར།

  དམངས་འཚོ་ལེགས་བཅོས་དང་དོན་དངོས་སྒྲུབ་པའི་པུའུ་ཀྲང་བཟང་པོ། ལས་རྐང་མི་འདྲ་བ་ནས་ཁོས་བྱ་བ་ཐམས་ཅད་ཏན་ཏན་ཏིག་ཏིག་གིས་གང་ལེགས་གང་བཟང་དུ་བསྒྲུབས་པ་ཡིན། 2013ལོར་དཔལ་མཁར་ཚེ་རིང་ལ་རྫོང་ཨུའི་རྒྱུན་ལས་ཨུ་ཡོན་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དུ་བསྐོས། དེ་ནས་བཟུང་ཁོའི་ཁུར་པོ་ལྗིད་ཅིང་ལས་འགན་ཇེ་ཆེར་གྱུར། ཁོས་དུས་རྒྱུན་དུ་དགོན་པ་དང་མཐའ་སྐོར་གྱི་སྡེ་བར་སོང་ནས་བརྟག་དཔྱད་བརྒྱུད་ནས་དགོན་པ་དང་གྲྭ་བཙུན་གྱི་འཚོ་བའི་གནས་ཚུལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། བརྟག་དཔྱད་ཞིབ་འཇུག་བྱས་པའི་གནད་དོན་དེ་དག་དུས་ཐོག་ཏུ་ཞིང་ཆེན་དང་ཁུལ་སྟེ་གོང་རིམ་མགོ་ཁྲིད་སྡེ་ཁག་ལ་ཡར་ཞུ་བྱས། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་མགོ་ཁྲིད་ཚན་ཁག་དང་མཉམ་དུ་འབད་བརྩོན་བྱས་པས། སྔ་གཞུག་ཏུ་རིགས་སོ་སོའི་ཆེད་དོན་མ་དངུལ་སྒོར་ཁྲི1800ལྷག་བརྩོན་ལེན་བྱས། དགོན་པ་སོ་སོར་ཐང་ཆེན་དང་ལག་རྩེད་སྤོ་ལོ་ར་བ། རིག་གནས་དངོས་མང་བཤམ་སྟོན་ཁང་། མཐོ་སྒང་གི་ཚོད་མའི་དྲོད་ཁང་། ལུས་སྦྱོང་ཡོ་བྱད་སོགས་གསར་འཛུགས་བྱེད་ཆེད། ཆོས་ཁང་རྙིང་བ་དང་གྲྭ་ཤག་ལ་ཉམས་གསོ་དང་སྒྱུར་བཀོད་བྱས་པ་མ་ཟད། ཆུ་དང་གློག འགྲོ་ལམ། འཕྲིན་སྐྱེལ། རླུང་འཕྲིན་དང་བརྙན་འཕྲིན་བཅས་ཀྱི་བཟོ་བཀོད་ལག་བསྟར་བྱས་ཏེ། གྲྭ་བཙུན་ཡོད་ཚད་གྲོང་གསེབ་མཉམ་ལས་སྨན་བཅོས་གསར་བའི་ནང་དུ་ཞུགས་སུ་བཅུག དེའི་ནང་གི་དབུལ་ཕོངས་གྲྭ་བཙུན28ལ་ཆེས་དམའ་བའི་འཚོ་བའི་འགན་སྲུང་དུ་བཞག་པས། དགོན་པའི་རྣམ་པ་དང་གྲྭ་བཙུན་རྣམས་ཀྱི་འཚོ་བའི་ཐད་འགྱུར་ལྡོག་ཆེན་པོ་བྱུང་། དེའི་ཕྱིར་མང་ཚོགས་ཀྱིས་དཔལ་མཁར་ཚེ་རིང་གིས་འབད་བརྩོན་བྱས་པ་དེ་མིག་གིས་བལྟས་ཤིང་སེམས་སུ་བཅངས་ཡོད།

  རིགས་ལམ་སྒྱུར་པ་དང་གཏན་འཇགས་སྲུང་བའི་ལམ་སྟོན་པ། ཉེ་བའི་ལོ་འགའི་རིང་དུ་ཞིང་ཆེན་གྱི་ས་ཆ་ཁ་ཤས་སུ་སྔ་གཞུག་ཏུ་གཏན་འཇགས་མིན་པའི་དོན་རྐྱེན་མང་པོ་བྱུང་བས། ཆོས་ལུགས་ཁྱབ་ཁོངས་ཀྱི་གཏན་འཇགས་འགན་སྲུང་བྱེད་པའི་ལས་འགན་ཧ་ཅང་ལྗི། ཁོས་གནས་ཚུལ་དེ་གཞིར་བཟུང་ནས་སྔོན་ཆད་ཀྱི་བྱ་བའི་སྒྲུབ་སྟངས་བསྒྱུར་ཏེ། དུས་རྒྱུན་དུ་དགོན་པ་དང་ཆོས་ལུགས་བྱ་འགུལ་སྤེལ་སར་སོང་ནས་བྱ་བ་ཞིབ་བཤེར་བྱས་པ་དང་། གྲྭ་བཙུན་དང་སྙིང་གཏམ་བཤད་པ་དང་གྲོགས་པོ་བསྒྲིགས་ནས་ཁོ་ཚོར་རོགས་རམ་བྱས་ནས་འཚོ་བར་འཕྲད་པའི་དཀའ་ངལ་ཐག་བཅད་པ་མ་ཟད། དགོན་པའི་རྒྱུན་ལྡན་གྱི་གོ་རིམ་དེ་དག་ཁག་ཐེག་བྱས་པས་ཁོ་དང་གྲྭ་བཙུན་བར་གྱི་འབྲེལ་བ་དམ་པོར་གྱུར། དུས་ཁྱད་པར་ཅན་དང་གནད་འགག་གི་སྐབས་སུ་དཔལ་མཁར་ཚེ་རིང་གིས་གཏན་འཇགས་སྲུང་སྐྱོང་བྱེད་པའི་བྱ་བ་དེ་གཙོ་བོ་འཚམས་འདྲིར་བསྒྱུར་ཏེ། དགོན་པའི་མི་དམངས་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོངས་མིར་འཚམས་འདྲི་བྱས་ནས་དགོན་པའི་དོ་དམ་ཕྱོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་མོར་བྱས། རྫོང་ཡོངས་ཀྱི་གོང་འོག་ཐམས་ཅད་ནས་འབད་བརྩོན་བྱས་པར་བརྟེན་མདའ་བཞི་རྫོང་དུ་བོད་དང་འབྲེལ་ཡོད་ཀྱི་གཏན་འཇགས་ཐད་ཞུ་གཏུག་བྱེད་པའི་དོན་རྐྱེན་གཅིག་ཀྱང་བྱུང་མ་མྱུང་པ་དང་དགོན་པའི་དོ་དམ་བྱ་བ་གོ་རིམ་ཡོད་པའི་སྒོ་ནས་བསྒྲུབ་པར་ཁག་ཐེག་བྱས།

  ཇུས་ཤུགས་མཉམ་འདོན་བྱས་ནས་དོན་བཟང་སྒྲུབ་པའི་མགོ་ཁྲིད་པ། བརྟག་དཔྱད་ཞིབ་འཇུག་བྱས་རྗེས། དཔལ་མཁར་ཚེ་རིང་དང་འཐབ་ཕྱོགས་གཅིག་གྱུར་མ་ལག་གི་མགོ་ཁྲིད་ཚན་ཁག་གིས་མདའ་བཞི་གྱི་དགོན་པའི་དོ་དམ་བྱ་བའི་གནས་ཚུལ་ལེགས་པ་མཐོང་། ཐོབ་དཀའ་བའི་གྲུབ་འབྲས་དེ་གཅེས་སྤྲས་བྱེད་ཆེད་དང་། མདའ་བཞི་གྱི་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་ཡོང་བའི་དཔེ་སྟོན་རྫོང་གསར་སྐྲུན་བྱེད་པའི་བྱ་འགུལ་ལ་སྐུལ་འདེད་གཏོང་ཆེད། ཕྱོགས་སོ་སོའི་བསམ་འཆར་ལ་མཉན་རྗེས《མདའ་བཞི་རྫོང་གིས་ལྔ་བཟང་དགོན་པ་གསར་སྐྲུན་བྱ་འགུལ་ལག་བསྟར་བྱེད་པའི་སྐོར་གྱི་འཆར་འགོད》གཏན་འཁེལ་བྱས་པ་དང་། མི་རིགས་མཐུན་སྒྲིལ་དང་ཡར་ཐོན་ཡོང་བའི་དཔེ་སྟོན་དགོན་པ་གསར་སྐྲུན་བྱེད་པའི་བྱ་བ་དང་ཟུང་འབྲེལ་བྱས་ནས། "དགོན་པ་རེ་ལ་ཡུལ་ལྗོངས་རེ་དང་དགོན་པ་རེ་ལ་ཐོན་རྫས་རེའི"ཁྱད་ཆོས་འབུར་དུ་ཐོན་ཏེ། ལོ3ནང་དུ་བོད་བརྒྱུད་ནང་བསྟན་དགོན་པ3ལ་གནས་ལྔ་ཕུང་གཅིག་ཅན་གྱི་མཛེས་སྡུག་ལྡན་པའི་དགོན་པ་བཙུགས་པས།"རིག་གནས་དང་ཁོར་ཡུག ཞབས་ཕྱི། དོ་དམ། སྤྱི་ཚོགས་བཅས་བཟང་པོའི"ཕན་འབྲས་ཐོབ། མིག་སྔར་བྱ་བ་འདི་ནི་གོ་རིམ་ཡོད་པའི་སྒོ་ནས་སྤེལ་བཞིན་ཡོད།

  མདའ་བཞི་རྫོང་གི་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་ཡོང་བ་དང་སྤྱི་ཚོགས་འཛུགས་སྐྲུན་ཐད་བླངས་པའི་གྲུབ་འབྲས་ཆེན་པོ་ཡོད་པ་དེའི་རྒྱུ་མཚན་གྱིས་མང་ཚོགས་ཀྱིས་དཔལ་མཁར་ཚེ་རིང་ལ་དགའ་བསུ་བྱེད། ཁོ་ལ་སྔ་གཞུག་ཏུ《2009ལོར་མཚོ་བྱང་ཁུལ་གྱི་སྤྱི་ཚོགས་གཏན་འཇགས་ཡོང་བའི་སྔོན་ཐོན་མི་སྣ》དང《2010ལོར་མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་ཡོང་བའི་མིག་དཔེའི་མི་སྣ》བཅས་ཀྱི་གཟི་བརྗིད་ལྡན་པའི་མཚན་སྙན་ཐོབ། 2013ལོའི་ཟླ11པའི་ཉིན་ཞིག་ཏུ་མདའ་བཞི་རྫོང་ཞབས་དྲུང་སྒར་ཐོག་དགོན་པའི་མི་རིགས་དོ་དམ་ཨུ་ཡོན་ལྷན་ཁང་དང་མདའ་བཞིའི་ཆོས་དད་མང་ཚོགས་ཀྱིས"མི་དམངས་ལ་དོན་དངོས་སྒྲུབ་མཁན"ཞེས་བྲིས་པའི་བྱང་བུ་ཞིག་དཔལ་མཁར་ཚེ་རིང་གི་གཞུང་ལས་ཁང་དུ་བསྐྱལ་འོང་། དཔལ་མཁར་ཚེ་རིང་གིས་གཟི་བརྗིད་ཆེ་བའི་མཚན་སྙན་གྱི་མདུན་དུ་ང་རྒྱལ་སྤུ་ཙམ་མེད་པར་དབང་ཆ་ནི་མི་དམངས་ཀྱིས་གནང་བ་ཡིན་པས་མགོ་ཁྲིད་པས་དབང་ཆ་བཀོལ་ནས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ནི་འོས་འགན་ཡིན་པ་སྔར་ལས་ངོས་འཛིན་གསལ་བོར་ཐོབ་སྟེ། དུས་རྒྱུན་དུ་མི་དམངས་བསམ་པ་དང་མི་རིགས་མཐུན་སྒྲིལ་བྱེད་པ། དུས་ཡུན་རིང་བོར་མི་རིགས་མཐུན་སྒྲིལ་གྱི་མིག་དཔེ་བྱ་རྒྱུའི་ཆོད་སེམས་བཅངས།

  དགའ་སྤྲོའི་ངང་ཁ་བརྡ་བྱས་རྗེས་བཅར་འདྲིའི་ལས་ཀའང་རྫོགས། དཔལ་མཁར་ཚེ་རིང་ཡང་བསྐྱར་བྱ་བ་སྒྲུབ་ཏུ་འགྲོ་ཚུལ་དེ་མཐོང་ནས། གསར་འགོད་པ་བདག་ལ་བསམ་ཚུལ་ཞིག་སྐྱེས་པ་ནི་རང་རེའི་ཏང་གི་ཆེད་དུ་ང་ཚོའི་གཞི་རིམ་དུ་བྱ་བ་བྱེད་པའི་ལས་བྱེད་པ་བཟང་པོ་དེ་འདྲ་ཞིག་ཡོད་པ་ནི་ཇི་འདྲས་བཟང་བ་ལ་ཨང་།།

 

2014ལོའི་དུས་དེབ་ལྔ་བ།