"ཀྲུང་གོའི་ཕུགས་འདུན"ཞེས་པའི་ཐ་སྙད་འབྱུང་རྐྱེན།

  སྲིད་ཇུས་ཀྱི་ཉི་འོད་འཕྲོས་ཡོད་མིན་དང་དམངས་ཀྱི་འཚོ་བའི་བཟོ་འགོད་དངོས་འབེབས་བྱས་པ་བཟང་མིན་དེ་མང་ཚོགས་ཀྱི་འཛུམ་མདངས་ལ་བལྟས་ན་ཤེས། མཚོ་སྔོན་པོའི་བྱང་ཕྱོགས་དང་མདོ་ལ་རི་བོའི་འདབས་ཀྱི་མང་ཚོགས་ཀྱི་འཛུམ་མདངས་ལ་བལྟས་ན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པའི་བྱ་འགུལ་སྤེལ་བ་ནས་བཟུང་བླངས་པའི་གྲུབ་འབྲས་མཐོང་ཐུབ།

  འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་དེ་བོད་རིགས་གཙོ་ཡིན་པའི་མི་རིགས་མང་པོ་དང་ཆོས་ལུགས་མང་པོ་མཉམ་གནས་ཡིན་པའི་ས་ཁུལ་དུ་གཡར་དུ་ཟ་བའི་གྲུབ་འབྲས་བླངས་པ་སྟེ། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་བྱུང་བ་དང་། ཕྱོགས་བསྡུས་སྟོབས་ཤུགས་མུ་མཐུད་དུ་གོང་དུ་འཕེལ་བ། རྨང་གཞིའི་སྒྲིག་ཆས་ཉིན་བཞིན་འཐུས་ཚང་དང་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱུང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་ཡང་འགྱུར་ལྡོག་ཆེན་པོ་བྱུང་བ་དང་མཉམ་དུ། མི་རིགས་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན། སྤྱི་བའི་རིག་གནས། སྤྱི་ཚོགས་འགན་སྲུང་། དབུལ་སྐྱོར་གསར་སྤེལ་སོགས་ཀྱི་ཐད་ནས་བླངས་པའི་བྱ་བའི་གྲུབ་འབྲས་མངོན་གསལ་ཡིན།

  གཅིག

  རྩྭ་ཐང་དུ་སོང་རྗེས་གནས་དེར་སེམས་འགུལ་ཐེབས་པའི་དོན་དག་གང་མང་བྱུང་དང་འབྱུང་བཞིན་འདུག་པ་ཤེས། 2013ལོར་མཚོ་བྱང་ཁུལ་གྱིས་དམངས་ཀྱི་འཚོ་བའི་ཐད་མ་དངུལ་སྒོར་དུང་ཕྱུར43.5བཏང་བ་དང་། ནོར་སྲིད་སྤྱིའི་འགྲོ་སོང་གི80.1%ཟིན། ལོ་གཅིག་གི་རིང་མཚོ་བྱང་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་འགྲོ་སོང་གྲུབ་ཚུལ་ལེགས་བཅོས་དང་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པ་དེ་སྔར་ལས་ཀྱང་གོ་གནས་གལ་ཆེན་དུ་བཞག་པས། དམངས་ཀྱི་འཚོ་བ་སོ་སོའི་དམིགས་ཚད་སྲིད་ཇུས་དངོས་འབེབས་བཟང་བོ་བྱ་ཐུབ་པར་གྱུར།

  མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་འཛུགས་བྱེད་པར་དམིགས་ཏེ། མཚོ་བྱང་ཁུལ་གྱིས་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་བདེ་སྐྱིད་ལྡན་པའི་མཚོ་བྱང་གི་འཕེལ་རིམ་བསྐྲུན་པ་དང་། ཤུགས་ཆེན་པོས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་། ལྷག་པར་དུ་བོད་ཁུལ་གྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་ལས་བསྐྲུན་ལས་ཞུགས་ལ་སྐུལ་འདེད་བྱས་ཤིང་། 2013ལོ་ནི་བོད་ཁུལ་གྱི་ན་གཞོན་ལས་ཞུགས་གནས་ཚུལ་ཆེས་བཟང་བའི་ལོ་ཞིག་ཡིན། དབུལ་ཕོངས་མང་ཚོགས་ཁྲི1.25ལ་རོགས་རམ་བྱས་ཏེ་དབུལ་ཐར་དམིགས་འབེན་མངོན་འགྱུར་བྱུང་བ་དང་། དཀའ་ཁག་ཡོད་པའི་མང་ཚོགས་ལ་ལོ་སར་གྱི་འཚོ་བའི་ཁ་གསབ་དང་གནས་སྐབས་ཀྱི་དངོས་ཟོག་རིན་གོང་ཁ་གསབ་བྱིན་པ་དང་ཆབས་ཅིག ཐེངས་གསར་བའི་སྔོ་ཚོད་བཟོ་འགོད་འཛུགས་སྐྲུན་གྱི་མགོ་བརྩམས།

  ལོ་བརྒྱ་ཡི་སྡེ་བ་ཉིན་བརྒྱ་ལ་འགྱུར་ལྡོག་བྱུང་ཞེས་བརྗོད་པ་བཞིན། ཕྱི་ནས་བལྟས་ན་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཁང་ཤར་རེ་རེ་རྣམ་པར་མཛེས་ཤིང་། ཁང་པའི་ནང་དུ་གློག་ཆས་དང་ཇ་ཁང་གསར་བ། སྤྱོད་ཁང་སོགས་རྨང་གཞིའི་སྒྲིག་ཆས་ཐམས་ཅད་འཛོམས། 2013ལོའི་ཁུལ་ཡོངས་ཀྱི་ཆེས་ཆེ་བའི་དམངས་ཕན་བཟོ་འགོད་ནི་ཏང་དང་སྲིད་གཞུང་། དམག་གི་ལས་ཁུངས། ཁེ་ལས་བཅས་ཀྱིས་མཉམ་འཛུགས་བྱས་པའི་དཔེ་སྟོན་སྡེ་བའམ་སྡེ་བའི་རྣམ་པ་བཅོས་སྐྱོང་གི་བྱ་འགུལ་ཞིག་ཡིན། མདོ་ལ་རི་བོའི་འདབས་དང་གསར་དངུལ་རྩྭ་ཐང་། མཚོ་སྔོན་པོའི་བྱང་ཕྱོགས་སུ་སྡེ་བ་གསར་བ་ཆགས།

  ལོ3རིང་མཚོ་བྱང་གི་སློབ་གསོའི་ལོ་རྒྱུས་སྟེང་གཞི་ཁྱོན་ཆེས་ཆེ་བའི་སློབ་གསོའི་བཀོད་སྒྲིག་ལེགས་སྒྲིག་བྱ་བ་དེ2013ལོར་ལེགས་འགྲུབ་བྱུང་། དུས་ད་ལྟ་ཁུལ་ཡོངས་སུ་ཕན་འབྲས་ལྡན་པའི་ངང་ཞིང་ཆེན་ཡོངས་སུ་སྤྱི་ཁྱབ་ཏུ་གནས་པའི་མཐོ་འབྲིང་དུ་འགྲོ་དཀའ་བའི་གནད་དོན་ཐག་གཅོད་བྱས་ཤིང་། མི་རེ་རེ་སློབ་གྲྭར་འགྲིམ་ཐུབ་པ་མངོན་འགྱུར་བྱུང་བའི་དུས་མཚུངས་སུ། མཚོ་བྱང་གིས་སྲོལ་རྒྱུན་གྱི་སློབ་གསོ་སྤེལ་སྟངས་དེ་སློབ་མའི་རྨང་གཞིའི་ཤེས་བྱ་དང་ཆེད་ལས་ཤེས་བྱ་སྦྱོང་པར་དམ་འཛིན་བྱས་ཏེ། སློབ་མའི་རང་ཚུགས་ཀྱི་ནུས་པ་དང་ལུས་ཞུགས་ཀྱི་ནུས་རྩལ། གསར་སྐྲུན་གྱི་ནུས་པ་བཅས་སྐྱེད་སྲིང་བྱེད་པའི་སྣ་མང་ཅན་གྱི་སློབ་ཁྲིད་བྱེད་ཐབས་ཀྱི་རྣམ་པར་བསྒྱུར།

  མཚོ་བྱང་ཁུལ་གྱིས་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་བྱེད་པའི་གཙོ་གནད་དུ་བཟུང་ཞིང་། དུས་ད་ལྟ་རོང་འབྲོག་པ་དེ་སྔ་སྦྲ་ནང་དུ་འདུག་པ་དང་ཕྱུགས་རྗེས་སུ་འབྲང་ནས་འཚོ་བ་རོལ་བ་དེ་གཏན་སྡོད་བྱེད་པའི་འཚོ་བར་གྱུར་འདུག དམངས་འཚོ་བཟོ་འགོད་དེས་མཚོ་བྱང་ཁུལ་གྱི་རིགས་སོ་སོའི་མི་རིགས་ལ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན།

  གཉིས།

  2013ལོའི་ཟླ9བར་འཕྲིན་བཟང་ཞིག་མཚོ་བྱང་རྩྭ་ཐང་དུ་ཁྱབ་པ་སྟེ། མཚོ་བྱང་ཁུལ་ནི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཚོད་ལྟའི་ཁུལ་དུ་གཏན་འཁེལ་བྱས། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་སུ་ཁུལ(གྲོང་ཁྱེར་དང་མོན)31ཚོད་ལྟའི་ཁུལ་དུ་གཏན་འཁེལ་བྱས་ཤིང་། མཚོ་བྱང་ནི་རང་ཞིང་དུ་དཔེ་སྟོན་ཚོད་ལྟའི་ཁུལ་གཅིག་པུ་ཡིན།

  མཐུན་སྒྲིལ་ཡོད་ན་ད་གཟོད་ཡར་རྒྱས་དང་གོང་འཕེལ་འབྱུང་ཐུབ། བོད་རིགས་དང་རྒྱ་རིགས། ཧོས་རིགས། སོག་པོ་སོགས་མི་རིགས27གནས་པའི་མཚོ་བྱང་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱིས་སྤྱིའི་མི་གྲངས་ཀྱི64.7%ཟིན། མི་རིགས་མཐུན་སྒྲིལ་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པ་དེ་ནི་ལོ་གང་མང་རིང་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་བྱ་འགུལ་ཕན་ནུས་ལྡན་པའི་ངང་རྒྱུན་མཐུད་ནས་སྤེལ་བ་དང་། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བ་ཞིག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་འདི་སྐུལ་འདེད་བྱེད་པའི་གསར་འབྱེད་ཆེན་པོ་ཞིག་ཀྱང་ཡིན།

  ལོ་གཅིག་གི་རིང་རྨང་གཞི་སྲ་བརྟན་དང་ལོ་གཉིས་ཀྱི་རིང་དཔེ་སྟོན་བསྐྲུན་པ། ལོ་ལྔ་ཡི་རིང་ཡང་བསྐྱར་མཐོར་འདེགས་བྱུང་བ་སྟེ། མཚོ་བྱང་ཁུལ་གྱིས་རང་ལ་གནོན་ཤུགས་སྦྱིན་པའི་བྱེད་ཐབས་སྤྱད་དེ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པའི་སྤྱིའི་དམིགས་འབེན་བཏོན་པ་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་དེ་རྒྱལ་ཡོངས་ཀྱི་སྔོན་དུ་བསྐྱོད་པ་དང་། མཆོང་སྟབས་ཀྱིས་གོང་དུ་སྤེལ་བ་དང་ཡུན་རིང་བདེ་འཇགས་ཡོང་བར་སྐུལ་འདེད་བྱས་ཏེ། རྒྱལ་ཡོངས་སམ་ཞིང་ཆེན་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་བརྩོན་པ་ཡིན།

  དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱུང་བ་དལ་ཞིང་། ས་ཁུལ་དང་གྲོང་གསེབ་བར་གྱི་འཕེལ་རྒྱས་དོ་མི་མཉམ་པ། དེའི་སྟེང་དུ་དམིགས་བསལ་གྱི་སྤྱི་ཚོགས་གྲུབ་ཚུལ་དང་ས་བབ་སོགས་ནི་མཚོ་བྱང་ཁུལ་གྱིས་འཕེལ་རྒྱས་ལ་བརྩོན་ལེན་བྱེད་སྐབས་ཀྱི་དཀའ་ཁག་ཏུ་གྱུར། དཀའ་ཁག་ལ་འཕྲད་དུས་མཚོ་བྱང་ཁུལ་གྱིས་ཏང་གི་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་དངོས་འབེབས་དང་། རིགས་སོ་སོའི་མི་རིགས"ཐུན་མོང་གིས་མཐུན་སྒྲིལ་དང་འབད་བརྩོན་བྱེད་པ་དང་། ཐུན་མོང་ཡར་རྒྱས་འབྱུང་བ"ཞེས་པའི་བརྗོད་གཞི་འདི་དམ་པོར་བཟུང་བ་དང་། ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་དང་ཀྲུང་དབྱང་གིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་སྲིད་ཇུས་གཏིང་ཟབ་ཏུ་སྤེལ་བ་དམ་འཛིན་བྱས་ཏེ། གཏིང་ཟབ་སྒོས"ཁུལ་གསུམ"འཐབ་ཇུས(འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་སྔོན་བསྐྱོད་ཁུལ་དང་སྐྱེ་ཁམས་དཔལ་ཡོན་སྔོན་བསྐྱོད་ཁུལ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་བསྐྱོད་ཁུལ)ལ་སྐུལ་འདེད་བྱས་པས། མཐོ་སྒང་གི་གི་དེང་རབས་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་ས་ཁུལ་དང་ཁྱད་ཆོས་ལྡན་པའི་བཟོ་ལས་གཅིག་བསྡུས་ཀྱི་དགོས་པའི་ས་ཁུལ། མཐོ་སྒང་གི་སྐྱེ་ཁམས་གནས་སྐོར་དཔེ་སྟོན་ས་ཁུལ་བཅས་གོང་དུ་སྤེལ་དགོས་པའི་འཐབ་ཇུས་ཆེན་པོ་འདི་གསུམ་གྲུབ།

  འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་ནི་ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་ཐུན་མོང་གི་རེ་འདུན་དང་རྩ་བའི་ཁེ་ཕན་ཡིན་པ་མ་ཟད། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་དོན་དངོས་ཤིག་ཀྱང་ཡིན། དར་གོས་འགྲུལ་ལམ་དུ་དཔལ་འབྱོར་མུ་བརྒྱུད་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་ས་ཁུལ་གྱི་ཁྱད་ཆོས་ལ་བརྟེན་ནས། མཚོ་བྱང་ཁུལ་གྱིས་ཁྱོན་ཡོངས་ནས་ཞིང་ཆེན་ཡོངས་ཀྱི་ཆུའི་སྐྱེ་ཁམས་དཔལ་ཡོན་གྱི་དཔེ་སྟོན་ཁུལ་དང་། ནགས་ལས་སྐྱེ་ཁམས་དཔལ་ཡོན་གྱི་དཔེ་སྟོན་ཁུལ། ཕྱི་རོལ་ལུས་རྩལ་འཕེལ་རྒྱས་ཀྱི་ཚོད་ལྟ་ཁུལ་བཅས་སྤེལ་ནས། དཔལ་འབྱོར་འཕེལ་རིམ་གསར་བ་ཞིག་གིས་མཚོ་བྱང་ཁུལ་ལ་མ་འོངས་པར་ཆ་རྐྱེན་བསྐྲུན་པ་སྟེ། ཁྱད་ཆོས་ལྡན་པའི་ཐོན་ཁུངས་བེད་སྤྱོད་པ་དང་། ཁྱད་ཆོས་ལྡན་པའི་དཔལ་འབྱོར་སྤེལ་ནས་མཚོ་བྱང་ཁུལ་གྱི་དཔལ་འབྱོར་བསྒྱུར་བཀོད་དང་དེའི་ཕན་འབྲས་མཐོར་འདེགས་བྱེད་བའི་ཐད་རྨང་གཞི་བརྟན་པོ་བཏིངས།

  སྔོན་རྩིས་བྱས་ན2015ལོར་ཐོན་དུས། ཁུལ་ཡོངས་ཀྱི་ས་ཁུལ་ཐོན་སྐྱེད་ཀྱི་སྤྱིའི་འབོར་གྲངས་ལོ་རེར་ཆ་སྙོམས་སུ13%འཕར་སྣོན་འབྱུང་བ་དང་། མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་ཀྱི་སྤྱིའི་འབོར་གྲངས་ཞིང་ཆེན་ནང་ཁུལ་དུ་སྔོན་ལ་བསྐྱོད་ཐུབ་པ་མངོན་འགྱུར་འབྱུང་སྲིད། ས་གནས་སྤྱི་བའི་ནོར་སྲིད་སྔོན་རྩིས་ཡོང་སྒོ་ལོ་རེར་ཆ་སྙོམས14%འཕར་སྣོན་འབྱུང་བ་དང་། ཁུལ་ཡོངས་ཀྱི་གྲོང་ཁྱེར་ཅན་དུ་འགྱུར་ཚད50%ལ་བསླེབ་སྲིད། མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་གི་ས་ཁུལ་ཐོན་སྐྱེད་སྤྱིའི་འབོར་འབྲིང་དང་།ས་གནས་སྤྱི་བའི་ནོར་སྲིད་སྔོན་རྩིས་ཡོང་སྒོ། གྲོང་ཁྱེར་དང་གྲོང་གསེབ་གཞིས་དམངས་ཡོང་སྒོ་འཕར་ཚད་ཁུལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་ཆ་གཉིས་མཐོ་སྲིད་པ་རེད།

  གསུམ།

  དཔྱིད་དུས་སུ་མི་རིགས་མཐུན་སྒྲིལ་གྱི་སྐུལ་སློང་ཚོགས་བརྡ་ཡང་བསྐྱར་མཚོ་བྱང་རྩྭ་ཐང་དུ་དཀྲོལ་བྱུང་། མིན་ཡོན་རྫོང་ཞན་མའེ་ཞང་གི་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ར་སྐོར་ཆེན་མོར་སྡེ་མི་རྣམས་ཀྱིས་གསུང་བཤད་གནང་མཁན་གྱི་གསུང་བཤད་ལ་ཞིབ་ཏུ་ཉན་བཞིན་འདུག དེ་ནི་སྔ་མཚོ་བྱང་གི་གསར་སྤེལ་འཛུགས་སྐྲུན་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཁེ་ཕན་ཐོབ་པ་རེད། ད་ལྟ་མཚོ་སྐོར་ཁུལ་གསར་འཛུགས་སྐྲུན་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་རླབས་ཆེ་བའི་ལག་ལེན་དེ་མི་རིགས་མཐུན་སྒྲིལ་དང་འབྲེལ་ཐུབ་མེད་པ་དང་། ལྷག་པར་དུ་མ་འོངས་པར་མཚོ་བྱང་དུ་སྔར་ལས་རིམ་པ་མཐོ་བའི་འཕེལ་རྒྱས་དང་ཡར་རྒྱུས་མངོན་འགྱུར་འབྱུང་དགོས་ནའང་མི་རིགས་མཐུན་སྒྲིལ་དང་འབྲེལ་ཐུབ་མེད། ཁུལ་རྒྱུན་ཨུའམ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་མ་ལིས་ཡོན་གྱི་སྐད་ཆ་རེ་རེས་སྡེ་དམངས་རྣམས་ཀྱི་ཡིད་དབང་འཕྲོག་བཞིན་འདུག

  རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་ཚོད་ལྟའི་ས་ཚིགས་གསར་འཛུགས་ལ་སྐུལ་འདེད་བྱེད་ཆེད། མཚོ་བྱང་ཁུལ་གྱིས་མི་རིགས་མཐུན་སྒྲིལ་བྱ་བ་དེ་མགོ་ཁྲོད་དང་པོའི་བཟོ་འགོད་དང་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བྱེད་པ་བྱ་བ་གལ་ཆེན་ཞིག་ཏུ་བཟུང་ནས། དུས་ཐོག་ཏུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་ཀྱི་མགོ་ཁྲིད་ཚན་ཆུང་བཙུགས་ཏེ། ཤང་དང་གྲོང་རྡལ། སློབ་གྲྭ། ཁེ་ལས། སྡེ་ཁུལ་སོ་སོར་སོང་ནས་མི་རིགས་མཐུན་སྒྲིལ་གསར་འཛུགས་བྱ་བར་མཛུབ་སྟོན་བྱས།

  དྲིལ་བསྒྲགས་བྱས་པ་བརྒྱུད་དེ་རོང་འབྲོག་མང་ཚོགས་ཀྱིས"ཐུན་མོང་གཉིས"དང"ཁ་འབྲེལ་མི་ཐུབ་པ་གསུམ"། "སྲུང་སྐྱོང་བཞི"བཅས་ལ་སྔར་ལས་ངོས་ཟིན་ཟབ་མོ་ཐོབ། དྲིལ་བསྒྲགས་བྱས་པ་བརྒྱུད་དེ་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་གསར་སྐྲུན་བྱ་འགལ་དང་མཛེས་སྡུག་ལྡན་པའི་གྲོང་སྡེ། དཔལ་ཡོན་མཚོ་བྱང་། བདེ་འཇགས་མཚོ་བྱང་། ཆོས་ལུགས་དགོན་པས"གསུམ་བསྡུར་དང་སྐུལ་འདེད་གཅིག"(བྱས་རྗེས་དང་ཚད་ལྡན།འཆམ་མཐུན་བསྡུར་བ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཕན་ཚུན་མཐུན་པར་སྐུལ་འདེད་བྱེད་པ)། སྤྱི་དམངས་ཀྱི་ཀུན་སྤྱོད་བྱང་ཚད་མཐོར་འདེགས་སོགས་གསར་འཛུགས་བྱ་འགུལ་དང་ཟུང་འབྲེལ་བྱས་ནས། རིགས་སོ་སོ་དང་ལས་རིགས་སོ་སོར་སྐུལ་སློང་བྱས་ཏེ་གསར་འཛུགས་བྱ་འགུལ་གྱི་བརྩོན་སེམས་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སློང་བྱ་དགོས་པར་ཚོར་སྣང་ཟབ་མོ་སྐྱེས།

  མཚོ་བྱང་ཁུལ་ཏང་ཨུའི་ཧྲུའུ་ཅི་ཉི་མ་སྒྲོལ་མས་བཤད་རྒྱུར། སེམས་རྣལ་ལ་ཕབ་ན་ད་གཟོད་གནད་དོན་ཤེས་ཐུབ་པ་དང་། འབྲེལ་གཏུག་ས་ཚིགས་གསར་བསྐྲུན་བྱ་བའི་ཁྲོད་ཀྱི་གནད་འགག་གོ་རིམ་ཁོང་དུ་ཆུད་ཐུབ་པ་དང་། དུས་ཐོག་ཏུ་བྱ་བའི་ཁྲོད་ཀྱི་མི་འདང་ས་ཤེས་ཐུབ་པ་དང་ཐག་གཅོད་བྱ་ཐུབ་པ་མ་ཟད། འབྲེལ་གཏུག་ས་ཚིགས་གསར་སྐྲུན་དམིགས་ཚད་དུ་བསླེབ་པར་དགོས་ངེས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་ཐུབ།སེམས་རྣལ་ལ་ཕབ་ན་ད་གཟོད་དུས་ཐོག་ཏུ་འབྲེལ་གཏུག་ས་ཚིགས་སུ་འགལ་བ་དང་རྩོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་པར་སྐུལ་འདེད་དང་མཛུབ་སྟོན་བྱེད་ཐུབ་ལ། གསར་འཛུགས་བྱ་བའི་རྨང་གཞི་ཇེ་བརྟན་དང་། འབྲེལ་གཏུག་ས་ཚིགས་ཀྱི་འཆམ་མཐུན་གཏན་འཇགས་ལ་སྐུལ་འདེད་བྱེད་ཐུབ། སེམས་རྣལ་ལ་ཕབ་ན་ད་གཟོད་འབྲེལ་གཏུག་ས་ཚིགས་ཀྱིས་གསར་འཛུགས་བྱ་བའི་ཁྲོད་ཀྱི་བྱེད་སྟངས་དང་ཉམས་མྱོང་བཟང་བོ་ཕྱོགས་སྡོམ་བྱེད་པ་དང་ཁྱབ་གདལ་དུ་གཏོང་ཐུབ་པ་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཚོད་ལྟའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བྱེད་ཐུབ། འབྲེལ་གཏུག་ས་ཚིགས་ཀྱི་ཉིན་ཐོ་འབྲི་དེབ་རེ་རེའི་སྟེང་ལས་བྱེད་པ་དང་མང་ཚོགས་བར་འབྲེལ་གཏུག་བྱས་པའི་སེམས་གཏམ་གསལ་བོར་བཀོད་འདུག

  "མིན་ཡོན་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བ་དམ་འཛིན་བྱ་དགོས་ན། ཐོག་མར་དཔལ་འབྱོར་གྱི་རྨང་གཞི་གདིང་དགོས། སྣ་མང་བདག་གཉེར་གོང་འཕེལ་དུ་གཏོང་བ་དེ་འཕེལ་རྒྱས་བྱེད་སྟངས་བསྒྱུར་བཀོད་དང་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག རིགས་སོ་སོའི་མང་ཚོགས་ཀྱི་ཡོང་སྒོ་དངོས་ནས་ཇེ་མང་དུ་གཏོང་བའི་གཙོ་གནད་དུ་འཛིན་དགོས"ཞེས་མཚོ་བྱང་ཁུལ་ཏང་ཨུའི་རྒྱུན་ཨུའམ་མིན་ཡོན་རྫོང་ཏང་ཨུའི་ཧྲུའུ་ཅི་ཏོན་ཅིན་མིན་གྱིས་བརྗོད།

  "མི་རིགས་མཐུན་སྒྲིལ་འཆམ་མཐུན་དང་། སྤྱི་ཚོགས་འཆམ་མཐུན་དང་བདེ་འཇགས་ཡིན་ན་སྤྱི་ཚོགས་དཔལ་འབྱོར་གོང་འཕེལ་ཐད་ཁོར་ཡུག་བཟང་བོ་ཞིག་བསྐྲུན་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ད་གཟོད་སྟོབས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་བསྙེག་པ་དང་། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྱང་ད་གཟོད་སེམས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་ཐུབ།"ཅེས་ཧེ་ཡན་རྫོང་ཏང་ཨུའི་རྒྱུན་ཨུ་དཔའ་མཁར་ཚེ་རིང་གིས་དེ་ལྟར་བརྗོད།

  "མི་རིགས་དང་གོམས་སྲོལ་མི་འདྲ་རུང་མཐུན་སྒྲིལ་ཕྱུག་བསྒྱུར་གྱི་བགྲོད་ལམ་སྟེང་ཁྱིམ་ཚང་དང་སྡེ་མི་གཅིག་ཀྱང་རྗེས་སུ་ལུས་མི་རུང་རིགས་སོ་སོའི་སྤུན་ཟླ་མི་རིགས་ཐམས་ཅད་ཁྱིམ་གཞི་ཆེན་མོ་འདིའི་ནང་ཞུགས་དགོས"ཞེས་འབྲེལ་གཏུག་ས་ཚིགས་བྱ་བའི་ཉིན་ཐོ་ཟིན་བྲིས་རེ་རེའི་སྟེང་བཀོད་པ་འདི་ནི་ཐུན་མོང་ངང་ཡར་རྒྱས་དང་ཐུན་མོང་གིས་འཕེལ་རྒྱས་ལ་བརྩོན་ལེན་བྱེད་པའི་སེམས་སྒྲ་ཡིན།

  "ལོ་ངོ་སྟོང་ཕྲག་རིང་གི་དཔྱ་ཁྲལ་མེད་པར་བཏང་བ་དང་ཞིང་ཕྱུགས་ལས་ཐད་ཁ་གསབ་ཡོད་པ། འཚོ་བའི་ཆ་རྐྱེན་མཐོར་འདེགས་ཆེན་པོ་བྱུང་བ། རྨོ་བསྐྱུར་ནགས་བསྐྲུན་དང་རྩྭ་འདེབས་བྱས་ཏེ་མཚོ་སྔོན་པོའི་མཐའ་འཁོར་དུ་གནས་སྐོར་ལས་རིགས་དར་བ། ཞོར་ལས་ལ་སོང་ནས་ཡོང་སྒོ་བཙལ་བས་འཕྲུལ་རྟ་དང་རླངས་འཁོར་ཉོས་པ། མི་རིགས་མཐུན་སྒྲིལ་རྨང་གཞི་བརྟན་པ་བཅས་ཀྱིས་ཏང་གི་མགོ་ཁྲོད་བྱས་པ་བཟང་བ་མཚོན"ཞེས་ལོ་སར་གར་སྟེགས་སྟེང《ཏང་གི་སྲིད་ཇུས་བཟང་བོ་བཅུ་ལ་བསྟོད་པ》ཞེས་པའི་གླུ་དབྱངས་ལས་མཚོ་བྱང་གི་ལོ་བཅུའི་རིང་གི་འཕེལ་རིམ་དང་། མཚོ་བྱང་གི་རིགས་སོ་སོའི་མི་རིགས་དབུལ་ཕོངས་དང་རྗེས་ལུས་ནས་འབྱོར་ཕྱུག་དང་དཔལ་ཡོན་གྱི་འཚོ་བ་གསར་བར་བསྐྱོད་པའི་ཕུགས་འདུན་བཟང་བོ་མཚོན་འདུག སྐྱེ་ཁམས་བཟང་བ་དང་དཔལ་འབྱོར་དར་བ། མི་དམངས་བདེ་སྐྱིད་ལྡན་པ། སྤྱི་ཚོགས་འཆམ་མཐུན་ཡོང་བ་བཅས་ཀྱིས་མཚོ་སྐོར་གསར་ཁུལ་འཛུགས་སྐྲུན་བྱས་ཏེ། མཚོ་བྱང་གི་མ་འོངས་པའི་ཡར་རྒྱས་གོང་འཕེལ་ཐད་ཁ་ཕྱོགས་བསྟན། །