ཏང་ཀྲི་པུའུ་བྱ་བའི་མཛུབ་སྟོན།

  དཔྱད་གཏམ།

  གདང་ལ་རི་བོ་ཞེས་ཡིག་འབྲི་འདིས་བདག་ལ་བག་ཆགས་ཟབ་མོ་བཞག་པའི་གནས་ནི་ཟི་ལིང་གྲོང་ཁྱེར་གྱི་ཤར་ཕྱོགས་ཉེ་འཁོར་ལིག་ཅ་ཝན་རླངས་འཁོར་ཚོགས་པའི་དམག་སྒར་དུ་ཡིན། ལོ་དེར་བདག་ལོ་ན19ཡིན། དམག་ལྭ་གྱོན་ནས་དེ་འདྲ་འགོར་མེད་པའི་དམག་མི་གསར་བ་ཞིག་ཡིན། མཚོ་ངོས་ལས་མཐོ་ཚད་ལ་སྨི5300ཡོད་པའི་གདང་ལ་རི་བོར་གྲང་ངར་ཆེ། གདང་ལ་རི་བོ་བརྗིད་ཉམས་ངང་འགྱངས་འདུག་ལ། ང་ཚོ་དམག་ནང་དུ་མ་ཞུགས་པའི་ལོ་གཅིག་གི་སྔོན་དུ་བདག་ཡོད་པའི་རླངས་འཁོར་ཚོགས་པའི་དབྱིན་གཅིག་གི་རླངས་འཁོར100ལྷག་གློ་བུར་དུ་བབས་པའི་བུ་ཡུག་ཅིག་གི་ཁྲོད་ཉིན་མཚན25རིང་ལ་ལུས། ཡིན་ཡང་ཆེས་མཇུག་མཐར་བཀོད་འཐབ་པ་དག་གི་དཀའ་སྤྱད་ལ་བརྟེན་ནས་གངས་ལྷག་གྲང་ངར་དང་དབྱང་དབུགས་དཀོན་པ་སོགས་ཀྱི་དཀའ་ཁག་ལས་རྣམ་པར་རྒྱལ་ནས་བོད་ལྗོངས་ལ་ཐོན། རླངས་འཁོར་དང་མི་སྣར་གྱོང་གུན་ཆེན་པོ་ཐེབས།

  གདང་ལ་རི་བོ་ནི་འདི་འདྲའི་རི་བོ་ཞིག་ཡིན་ཞིང་། དེ་ནི་མཚོ་བོད་གཞུང་ལམ་གྱི་ཆེས་མཐོ་ས་དང་། ནང་ལོག་ནས་བོད་ལྗོངས་ལ་འགྲོ་སྐབས་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཡིན། ང་ཚོ་རླངས་འཁོར་དམག་རྗེས་ཕྱོགས་སུ་དུས་རྒྱུན་དུ་གདང་ལ་རི་བོར་བརྒལ་དགོས། རླངས་འཁོར་དམག་གང་ཞིག་ལ་མཚོན་ན་ཡང་གདང་ལ་རི་བོར་བརྒྱུད་པའི་ལམ་བུ་དེ་བཅག་བཅག་བྱས་ཏེ་ཕར་བརྒལ་འདོད་པ་ཡིན། ཐེངས་དང་པོར་གདང་ལ་རི་བོ་རྒལ་དུས་འཇིགས་སྣང་སྣ་ཚོགས་སྐྱེས་སྲིད་ལ། ཕྱིར་ལོག་པའི་བསམ་པའང་སྐྱེས་སྲིད། ལྷག་པར་དབྱང་དབུགས་དཀོན་པ་དེ་ཡིན་ཞིང་སྐབས་དེར་དབྱང་དབུགས་གླེང་སྐབས་ངོ་མདོག་འགྱུར་བའི་ཚད་ལ་ཐོན། སྐབས་དེར་དབྱང་དབུགས་ཞེས་པའི་ཡིག་འབྲི་འདི་གཉིས་ཐོས་རྗེས་དེས་ང་ཚོར་ཇི་འདྲའི་རྡོག་བརྫིས་བྱེད་པ་ཡིད་ལ་དྲན་མ་བྱུང་། ང་ཚོ་ལམ་ལ་མ་ཆས་པའི་མཚན་མོར་དེར་དམག་མི་རྒན་པ་དག་གིས་གདང་ལ་རི་བོར་རྒལ་བ་དེ་ཇི་འདྲའི་འཇིགས་སྣང་ཆེ་ཞིང་དཀའ་སྡུག་ཇི་འདྲ་ཡོད་པ་ང་ཚོ་དམག་མི་གསར་བ་དག་གི་རྣ་ལམ་དུ་གླེང་འདུག ང་ཚོ་དམག་མི་གསར་བ་དག་ལ་མཚོན་ན་དེ་ནི་འཇིགས་སྣང་སྐྱེས་པ་ཞིག་ཡིན་པས། ཉན་མི་འདོད་རུང་རྣ་བ་བླགས་ཏེ་ཉན། དམག་མི་རྒན་པ་དག་གིས་བཤད་རྒྱུར་དབྱང་དབུགས་དཀོན་པ་དེ་ལྟོག་སྐོམ་ལས་ཀྱང་བཟོད་དཀའ་བ་སོགས་གང་མང་བཤད། མི་ལ་ལ་རི་བོ་རྒལ་མ་ཐུབ་པར་ཚེ་སྲོག་ཤོར་བ་ཡང་ཡོད།ཡིན་ཡང་དེ་ནི་ཁ་ཤས་ཡིན། དམག་མི་གསར་བས་འདི་འདྲའི་འཇིགས་སྣང་སྐྱེས་པའི་སྐད་ཆ་ལ་ཉན་འདོད་མཁན་གཅིག་ཀྱང་མེད། ཡིན་ཡང་རྣ་བ་བླགས་ཏེ་མི་ཉན་ག་མེད་བྱུང་། སུ་ཡང་བདེ་འཇགས་ངང་གདང་ལ་རི་བོར་བརྒལ་འདོད་པ་ཡིན། དེ་བས་སེམས་ཁུར་བྱེད་བཞིན་ཁ་གཏོད་དགོས་པ་ཡིན། ངའི་དགེ་རྒན་དང་ང་ཚོའི་འཛིན་དཔོན་གཞོན་པ་ཡུས་ཁྲིན་ཞིན་ལ་སྤོབས་པས་ཁེངས། ཁོས་དམག་མི་པ་དག་གིས་ང་ཚོར་བཤད་པའི་སྐད་ཆ་དེ་དག་ལ་ཉན་རྗེས། ང་ཚོ་རླངས་འཁོར་འཇོག་སར་བོས་ཏེ་བཤད་རྒྱུར། གནས་ཚུལ་ནི་དེ་འདྲ་ཞིག་ཡིན་ལ་གཡོལ་ཡང་གཡོལ་མི་ཐུབ། སྔ་མོ་ནས་རི་བོ་ལ་རྒྱུས་ལོན་བྱས་ན་མི་བཟང་རྒྱུ་མེད། གདང་ལ་རི་བོར་བརྒལ་དགོས་པ་དང་ང་ཚོས་ལས་དགོས་པའི་བྱ་བ་ང་ཚོས་ནམ་ཡང་ལས་དགོས་པས་ང་ཚོས་གཡོལ་ཐབས་མེད། ཁོས་ཆུ་ཟོ་ཞིག་བདག་གི་གམ་དུ་ཁྱེར་ཡོང་ནས་བདག་འགྲོ་སྐབས་ཆུ་ཟོ་འདི་ཁྱེར་ཞེས་བརྗོད། བདག་གིས་འདང་མི་ཕོག་པར་ཆུ་ཟོ་སྟོང་བ་ཞིག་གིས་ཅི་བྱེད་ཅེས་དྲིས། ཁོས་བཤད་རྒྱུར། ཆུ་ཟོའི་ནང་དུ་ཆུ་བླངས་ནས་རི་འགོར་ཡོད་པའི་བོད་རིགས་ཨ་མ་རྒན་མོ་ཞིག་ལ་འཁྱེར་དགོས་ཟེར།

  ཁོས་དེའི་རྒྱུ་མཚན་བཤད། གདང་ལ་རི་བོའི་ཁོར་ཡུག་ཐབ་ཆག་ཡིན་པས་ཆུ་ཧ་ཅང་དཀོན། དུས་རྒྱུན་དུ་རླངས་འཁོར་རི་བོར་མ་རྒལ་གོང་ཁ་ལོ་པ་དག་གིས་དམག་སྤྱོད་ཆུ་དམ་ནང་དུ་ཆུ་གང་བླུགས་ནས་ཁྱེར་ལ། དེ་འདྲ་བྱས་རུང་མིའི་བཏུང་ཆུ་དང་རླངས་འཁོར་ནང་དུ་ལྡུག་རྒྱུའི་ཆུ་དཀོན་པའི་གནས་ཚུལ་ནམ་ཡང་འབྱུང་སྲིད། རི་འགོར་ཨ་མ་རྒན་མོ་ཞིག་བསྡད་ཡོད་ཅིང་། བཅིངས་འགྲོལ་དམག་ལ་ཆུ་དཀོན་པའི་དོན་དག་དེས་མོ་ལ་སེམས་ཁྲལ་བཟོས་པ་དང་། རྒན་མོས་ཕ་མོས་ཡང་མེས་ནས་བརྒྱུད་ཡོང་བའི་ཆུ་ཟོ་ནང་དུ་ཆུ་ཁུར་ནས་ང་ཚོར་ཆུ་སྐྱེལ་བྱུང་། ཆུ་ཟོ་ནང་གི་ཆུ་དེ་མོས་སྤྱི་ལེ་བཞི་ལྔ་རིང་གི་ལམ་བུ་ཀྱག་ཀྱོག་བརྒྱུད་ནས་ཁུར་ཡོང་བ་ཡིན། རླངས་འཁོར་དམག་ལ་ཆུ་དཀོན་དུས་ཨ་མ་རྒན་མོས་བརྩེ་སེམས་ཀྱི་ལག་པ་བསྲིངས་བྱུང་། འཐབ་འཛིང་པ་དག་གིས་རྒྱུན་དུ་ཨ་མ་རྒན་མོས་སྦྱིན་པའི་ཆུ་འཐུང་བར་སེར་སྣ་སྐྱེས་རུང་མོས་ང་ཚོར་ཡིན་གཅིག་མིན་གཉིས་འཐུང་དུ་འཇུག་པ་ཡིན།

  སྐབས་དེར་འཛིན་དཔོན་གཞོན་པས་བདག་ལ་བཤད་རྒྱུར། ཁྱོད་ནི་ཐེངས་དང་པོར་གདང་ལ་རི་བོར་རྒལ་བ་ཡིན་པས་ཐེངས་དང་པོར་ཨ་མ་རྒན་མོ་མཐོང་སྲིད། མོ་ལ་འབུལ་བའི་ལག་ཁྱེར་ཆུ་ལས་ལ་བཟང་བ་མེད། ཆུ་ཟོ་འདི་དག་ཁྱོད་ལ་སྤྲད་པ་ཡིན། སང་ཉིན་ང་ཚོ་ཁུ་ནི་རི་བོའི་ཆུ་མིག་བརྒྱུད་དུས་ཆུ་ཟོ་ནང་དུ་ཆུ་བླུགས་ནས་ཁྱེར་ཚེ། ཁུ་ནི་རི་བོའི་ཆུ་མིག་ནི་དེ་སྔ་རྒྱ་བཟའ་ཀོང་ཇོ་བོད་ཡུལ་དུ་འགྲོ་སྐབས་བཞག་པ་ཡིན་པས་དོན་སྙིང་ལྡན། འདི་ནི་ངག་རྒྱུན་ཞིག་ཡིན་རུང་ཆུ་མིག་དེའི་ཆུ་ཧ་ཅང་ཞིམ་ཟེར།

  འདི་ལྟར་བདག་གི་སེམས་ནང་དུ་ནམ་ཡང་ཆུ་ཟོ་ནང་གི་ཆུ་བཅངས་ཏེ་ལམ་གང་བོར་གུས་པར་འོས་པའི་ཨ་མ་རྒན་མོ་མཐོང་བ་དྲན་པས་གདང་ལ་རི་བོར་བརྒལ་བའི་འཇིགས་སྣང་སེལ། སྐབས་ལ་ལར་འཛིན་དཔོན་ལ་དུས་ནམ་ཞིག་ལ་རི་བོར་བརྒལ་སྲིད་ཅེས་དྲིས་ཚེ། ཁོས་དགོད་ཞོར་དུ་སྐབས་དེར་ཐོན་ན་བདག་གིས་ཁྱོད་ལ་བཤད་སྲིད། ལམ་བུར་དུ་འཛིན་དཔོན་གྱིས་ཨ་མ་རྒན་མོས་ཁོ་ཚོར་ཆུ་སྦྱིན་པའི་དོན་དག་གང་མང་བདག་ལ་བཤད། བདག་གིས་སྤྲོ་སེམས་འཁོལ་བའི་ངང་གཏམ་རྒྱུད་དེ་དག་ལ་ཉན་ཞོར་དུ་ཨ་མ་རྒན་མོས་བཅིངས་འགྲོལ་དམག་ལ་བཅངས་པའི་བརྩེ་སེམས་བསྐྱར་དྲན་བྱས། ཉིན་གུང་གི་སྐབས་སུ་ཉི་འོད་ལྷམ་མེར་འཕྲོས་ཤིང་། བདག་གི་སེམས་ཀྱང་དེ་ལས་སྐྱིད། ཡང་བསྐྱར་འཛིན་དཔོན་ལ་དུས་ནམ་ཞིག་ལ་རི་བོར་བརྒལ་ངེས་ཞེས་དྲིས་ཚེ། ཁོས་རླངས་འཁོར་བསྐོར་མཚམས་བཞག་ནས་ང་ཚོ་བདེ་བླག་ངང་རི་བོར་བརྒལ་སོང་། ཁྱོད་ལ་རྫ་སྡུག་ཕོག་ཨེ་བྱུང་ཞེས་བརྗོད། བདག་གློ་བུར་དུ་རྨོངས་གཉིད་ལས་སད། འཛིན་དཔོན་གྱིས་བདག་གི་བློ་ཁ་བསྒྱུར་བར་བརྟེན་ནས་བདག་གིས་གདང་ལ་རི་བོར་བཅངས་པའི་འཇིགས་སྣང་སེལ་བར་བཅུག དོན་དངོས་ཀྱི་འཚོ་བའི་ཁྲོད་སྐབས་ལ་ལར་རང་གིས་རང་ལ་འཇིགས་སྣང་སྐྱེས་སུ་འཇུག་པ་ཡིན། འཛིན་དཔོན་གཞོན་པས་ཐག་མི་རིང་བའི་གནས་ལ་སྦྲ་ནག་ཞིག་ཡོད་པ་བདག་ལ་བསྟན་ནས་དེ་ནི་ཨ་མ་རྒན་མོའི་ཁྱིམ་རེད་ཅེས་བརྗོད་བྱུང་། བདག་གིས་ཆུ་ཟོ་ནང་གི་ཆུ་ཁྱེར་ནས་སྦྲ་ནག་གི་གམ་དུ་རྒྱུག །

2014ལོའི་དེབ་བཞི་བ།