ཕྱུགས་ལས་ཁོ་ན་གཉེར་བའི་སྡེ་བ་ཞིག་གི་འཕེལ་རྒྱས།

  གྲངས་ཉུང་མི་རིགས་ཀྱི་རིག་གནས་ནི་ཀྲུང་ཧྭ་མི་རིགས་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། གྲངས་ཉུང་མི་རིགས་ཀྱི་རིག་གནས་བྱ་བ་ནི་རིག་གནས་བྱ་བ་ཡོངས་ཀྱི་ནང་དོན་གལ་ཆེན་ཞིག་ཡིན། "བཅུ་གཅིག་ལྔ"ནས་བཟུང་ཏང་དང་རྒྱལ་ཁབ་ཀྱིས་རིག་གནས་འཛུགས་སྐྲུན་བྱ་བ་དེ་རྒྱལ་ཁབ་ཀྱི"ལྔ་ཅན་གཅིག"འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་དུ་བཟུང་ནས། སྤྱི་བའི་རིག་གནས་ལས་དོན་དང་རིག་གནས་ཐོན་ལས་ཅན་མུ་མཐུད་དུ་འཕེལ་རྒྱས་སུ་བཏང་བ་དང་། གྲངས་ཉུང་མི་རིགས་ཀྱི་རིག་གནས་པར་སྐྲུན་ལས་དོན་མུ་མཐུད་དུ་འཕེལ་རྒྱས་བྱུང་བའི་རྣམ་པ་གསར་བ་བསྐྲུན། ལྷག་པར་དུ་ལོ་འགའ་རིང་གི་འབད་པ་བརྒྱུད་དེ་རང་ཞིང་གི་གྲངས་ཉུང་མི་རིགས་རིག་གནས་པར་བསྐྲུན་ལས་དོན་ཐད་འཕེལ་རྒྱས་ཆེན་པོ་བྱུང་།

  གཅིག ཡང་དག་པའི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱས་ཏེ་སྤྱི་ཚོགས་ཕན་འབྲས་དེ་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས།

  མི་རིགས་འཁྲབ་སྟོན་སྒྱུ་རྩལ་ཐད་ནས་མིག་སྔར་རང་ཞིང་གི་གྲངས་ཉུང་མི་རིགས་ཆེད་ལས་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ6ཡོད་པ་དང་། མི་རིགས་རང་སྐྱོང་རྫོང་སོ་སོར་རྫོང་རིམ་པའི་ལས་ཞོར་གླུ་གར་ཚོགས་པ་ཡོད། སྔ་གཞུག་ཏུ་མ་དངུལ་སྒོར་ཁྲི2000བཏང་ནས། མི་རིགས་ཀྱི་ཟློས་གར་ལས་གཞི་བརྩམས། གྲངས་ཉུང་མི་རིགས་ཀྱི་ཐོན་སྐྱེད་འཚོ་བ་དང་བཅོས་བསྒྱུར་འཕེལ་རྒྱས་མཚོན་པའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བརྩམས་ཆོས་སྐོར་ཞིག་སྤེལ། དཔེར་ན། མི་རིགས་ཡུལ་སྲོལ་ཀྱི་གླུ་གར《རེབ་གོང་གི་གསོན་ཉམས》དང《ཀྲུང་གོ་ས་ལར》། བྱིས་པའི་ཅིན་ཅུས་ཟློས་གར《རི་དྭགས་གཙོད》། གེ་སེར་གླུ་གར《རྟ་རྒྱུག་རྒྱལ་འཇོག》། མི་རིགས་བྲོ་གར《གངས་ལྗོངས་ཀྱི་དཔའ་ཐུལ་རྒྱལ་ཚྭ》སོགས། དེའི་ཁྲོད《རེབ་གོང་གི་གསོན་ཉམས》དང《རི་དྭགས་གཙོད》ལ་རྒྱལ་ཡོངས་ནས་བྱ་དགའ་ཐེངས་གང་མང་ཐོབ་པ་མ་ཟད། སྐབས་བཞི་བའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རིག་རྩལ་འཁྲབ་སྟོན་མཉམ་འཁྲབ་ཁྲོད་ཆེས་མཐོ་བའི་བྱ་དགའ་སྟེ་ཟློས་གར་རྣམ་གྲངས་ཀྱི་གསེར་གྱི་རྟགས་མའི་བྱ་དགའ་ཐོབ། བོད་ཀྱི་ཟློས་གར《སྐལ་བཟང་མེ་ཏོག་བཞད་དུས་སུ》སོགས་ཟློས་གར་རྣམ་གྲངས་དག་ལ་འགྲན་བསྡུར་སྣ་ཚོགས་ཁྲོད་བྱ་འགའ་ཐོབ། མི་རིགས་གླུ་གར《ཡུས་ཧྲུའུ་ཡིས་བརྗེད་མི་སྲིད》དེ་རྒྱལ་ཁབ་གར་སྟེགས་སྒྱུ་རྩལ་བརྩམས་ཆོས་ལེགས་ཤོས་བཟོ་འགོད་རོགས་སྐྱོར་ཟློས་གར་རྣམ་གྲངས་སུ་བདམས། རང་ཞིང་དུ་རིག་གནས་པུའུ་ཡིས"ཀྲུང་གོ་དམངས་ཁྲོད་རིག་གནས་སྒྱུ་རྩལ་ཕ་ཡུལ"ཞེས་མིང་བཏགས་པ། བསྡོམས་པས11ཡོད། དེའི་ཁྲོད་མི་རིགས་ས་ཁུལ་དུ8ཡོད། དམངས་ཁྲོད་མི་རིགས་འཁྲབ་སྟོན་ཚོགས་པ་འདི་དག་གིས་གྲོང་ཁྱེར་དང་གྲོང་གསེབ་ཏུ་རིག་རྩལ་འཁྲབ་སྟོན་སྣ་ཚོགས་འཁྲབ་བཞིན་འདུག

  མི་རིགས་ཡི་གེ་པར་སྐྲུན་གྱི་ཐད་ནས་བསྡོམས་པས་མ་དངུལ་སྒོར་ཁྲི2200ལྷག་བཏང་ནས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ལེགས་འགྲུབ་བྱུང་བ་དང་ལག་བསྟར་བྱེད་བཞིན་པའི་བོད་ཡིག་དཔེ་དེབ་པར་སྐྲུན་ལས་གཞི་ལ《བོད་ཀྱི་རིག་གནས་བཅུའི་དཔེ་ཚོགས》དེབ80དང《བོད་ཀྱི་རྩོམ་ཡིག་དཔེ་ཚོགས》དེབ20། 《བོད་ཀྱི་བྱིས་པའི་ཤེས་བྱ་བང་མཛོད》དེབ60སོགས་ཞིང་ཆེན་རིམ་པའི་ལས་གཞི་20ལྷག་ཡོད། ཨ་རུ་བོད་སྨན་ཚོགས་པས་མ་དངུལ་སྒོར་ཁྲི3000ལྷག་བཏང་ནས《བོད་ཀྱི་གསོ་རིག་ཀུན་འདུས》དེབ60ལེགས་སྒྲིག་དང་པར་སྐྲུན་བྱས། 《སྦྲང་ཆར》བོད་ཡིག་དུས་དེབ་རྒྱལ་ཡོངས་ཀྱི་དུས་དེབ་གཙོ་བོ་རིགས་བརྒྱའི་གྲས་སུ་བདམས། བོད་ཡིག་གི《གངས་རྒྱན་ན་ཆུང་ཚགས་པར》ཀྲུང་གོའི་བྱིས་པའི་དུས་དེབ་དང་ཚགས་པར་གྱི་གསེར་གྱི་རྟགས་མ་ཐོབ། 《མཚོ་སྔོན་བོད་ཡིག་གསར་འགྱུར》སོགས་བོད་ཡིག་ཚགས་པར་ཁང6ཡོད། 《ཏང་གི་འཚོ་བ(བོད་ཡིག་པར་གཞི)》དང《མང་ཚོགས་སྒྱུ་རྩལ》སོགས་བོད་ཡིག་གི་དུས་དེབ་ཀྱིས་རང་དུས་དེབ་ཀྱི་དམིགས་ཡུལ་དང་བླང་བྱ་ལྟར་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་དྲིལ་བསྒྲགས་བྱེད་བཞིན་པས་རིགས་སོ་སོའི་མང་ཚོགས་ལ་ཞབས་ཞུ་སྒྲུབ་བཞིན་འདུག

  གཉིས།རྨང་གཞིའི་སྒྲིག་ཆས་ཇེ་བཟང་དུ་བཏང་ནས་སྤྱི་བའི་རིག་གནས་ཞབས་ཞུ་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱས།

  ལོ་གང་མང་རིང་ལ་རང་ཞིང་གིས་མི་རིགས་ས་ཁུལ་གྱི་སྤྱི་བའི་རིག་གནས་ཞབས་ཞུ་འདོན་སྤྲོད་ནུས་པ་ཇེ་དྲག་ཏུ་གཏོང་བ་གཙོ་གནད་དུ་བཟུང་ནས། རིག་གནས་དང་པར་སྐྲུན་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཤིང་། ཧུར་བརྩོན་གྱིས་རིག་གནས་དམངས་ཕན་བཟོ་འགོད་ལག་བསྟར་བྱས། རྫོང་རིམ་པ46གི"དངོས་མང་བཤམས་སྟོན་ཁང་དང་དཔེ་མཛོད་ཁང"གི་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་བཟོ་འགོད་རྩ་འཛུགས་དང་ལག་བསྟར་བྱས་ཏེ་ལེགས་འགྲུབ་བྱུང་། དེའི་ཁྲོད་མི་རིགས་ས་ཁུལ་གྱི་རྫོང(གྲོང་ཁྱེར)38ཡོད་པ་དེས82.6%ཟིན། ཁུལ་དང་རྫོང48གྱི་དཔེ་མཛོད་ཁང་དུ་དཔེ་དེབ་བཀོད་སྒྲིག་བྱེད་པའི་ལས་གཞི་ལེགས་འགྲུབ་བྱུང་བ་དང་། དེའི་ཁྲོད་མི་རིགས་ས་ཁུལ་དུ35ཡོད། དེ72%ཟིན། ཤང་གྲོང346རིག་གནས་ས་ཚིགས་འཛུགས་སྐྲུན་དང་སྒྲིག་ཆས་བཀོད་སྒྲིག་ལེགས་འགྲུབ་བྱུང་། དེའི་ཁྲོད་མི་རིགས་ས་ཁུལ་དུ240ཡོད། དེས70%ཟིན། སྡེ་བ4169ཡི་སྡེ་བ་རིམ་པའི་རོང་འབྲོག་ཁུལ་གྱི་དཔེ་མཛོད་ཁང་འཛུགས་སྐྲུན་བྱས་ཤིང་། དེའི་ཁྲོད་མི་རིགས་ས་ཁུལ་དུ3234ཡོད། དེས77.6%ཟིན། མི་རིགས་ཡི་གེ་པར་སྐྲུན་ཁེ་ལས6གི་སྒྲིག་ཆས་ལེགས་བཅོས་དང་བོད་ཁུལ་གྱི་རྫོང21གི་རྫོང་རིམ་པའི་ཞིན་ཧྭ་དཔེ་ཚོང་ཁང་གསར་འཛུགས་བྱས་ཤིང་། བོད་ཁུལ་གྱི་རྫོང33གྱི་ཞིན་ཧྭ་དཔེ་ཚོང་ཁང་ལ་རླངས་འཁོར་བཀོད་སྒྲིག་བྱས་ཏེ་འཁོར་སྐྱོད་དང་དཔེ་ཆ་བཙོང་པར་བྱས། བོད་བརྒྱུད་ནང་བསྟན་དགོན་པ745རུ་དགོན་པའི་དཔེ་ཁང་ལས། མི་རིགས་རིག་རྩལ་ཚོགས་པར་རླངས་འཁོར12བཀོད་སྒྲིག་བྱས། ལག་བསྟར་བྱེད་བཞིན་པའི་ལས་གཞི་ལ་རིག་གནས་ཁང་དངོས་མང་བཤམས་སྟོན་ཁང་། དཔེ་མཛོད་ཁང་དང་གྲངས་ཀའི་དཔེ་མཛོད་ཁང་། བོད་ཁུལ་གྱི་རྫོང་རིམ་པའི་དངོས་མང་བཤམས་སྟོན་ཁང་དང་དཔེ་མཛོད་ཁང་། ཤང་གྲོང་གློག་རྡུལ་དཔེ་ཀློག་ཁང་། རིག་གནས་སྡེ་བ་རུ་སྐྱེལ་བ་སོགས་ཡོད། དུས་མཚུངས་སུ་རིག་གནས་ཁང་དང་དངོས་མང་བཤམས་སྟོན་ཁང་། དཔེ་མཛོད་ཁང་སོགས་རིན་མི་དགོས་པར་ཕྱི་ལ་སྒོ་འབྱེད་པ། སྡེ་བ་རིམ་པའི་རིག་གནས་བྱ་འགུལ་ཐད་ལོ་རེར་ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱེད་བཞིན་ཡོད། "ལྔ་བཅུ་གཅིག"ནས་བཟུང་ཀྲུང་དབྱང་དང་རང་ཞིང་གིས་རིག་གནས་དང་པར་སྐྲུན་གྱི་རྨང་གཞིའི་སྒྲིག་ཆས་ཐད་སྤྱིའི་མ་དངུལ་སྒོར་དུང་ཕྱིར8﹒41བཏང་། དེའི་ཁྲོད་མི་རིགས་ས་ཁུལ་དུ་མ་དངུལ་སྒོར་དུང་ཕྱུར5﹒88བཏང་། དེས70%ཟིན། ལོ་གང་མང་རིང་ལ་ཧུར་བརྩོན་བྱས་ཏེ་སྣ་ཁ་མང་བ་དང་ཁེབས་རྒྱ་ཆེ་བའི་ཁུལ་དང་རྫོང་། ཤང་། སྡེ་བའི་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་སྤྱི་བའི་རིག་གནས་ཞབས་ཞུ་དྲ་རྒྱ་མ་ལག་གྲུབ།

  གསུམ། བྱེད་ཐབས་གང་མང་མཉམ་གནས་རྒྱུན་འཁྱོངས་བྱས་ནས། མི་རིགས་སྲོལ་རྒྱུན་གྱི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་གྱི་ཤུགས་ཚད་ཇེ་ཆེར་བཏང་།

  རྒྱལ་ཁབ་ཀྱིས་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་སྲུང་སྐྱོབ་བཟོ་འགོད་ལག་བསྟར་བྱས་པ་ནས་བཟུང་། རྒྱལ་ཁབ་དང་ཞིང་ཆེན་ནོར་སྲིད་ཀྱིས་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཐད་མ་དངུལ་སྒོར་དུང་ཕྱུར1﹒7བཏང་། མིག་སྔར་རང་ཞིང་དུ་རྒྱལ་ཁབ་རིམ་པའི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ལས་གཞིར་བདམས་པ་བསྡོམས་པས64ཡོད། དེའི་ཁྲོད་མི་རིགས་ལས་གཞི54ཡོད། དེས་སྤྱིའི་གྲངས་ཀ84%ཟིན། ཞིང་ཆེན་རིམ་པའི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས145ཡོད། དེའི་ཁྲོད་མི་རིགས་ལས་གཞི100ཡོད། དེས་སྤྱིའི་གྲངས་ཀ69%ཟིན། རྒྱལ་ཁབ་རིམ་པའི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་རྒྱུན་འཛིན་བྱེད་མཁན57ཡོད། དེའི་ཁྲོད་གྲངས་ཉུང་མི་རིགས་ཀྱི་རྒྱུན་འཛིན་པ44ཡོད། དེས་སྤྱིའི་གྲངས་ཀ77%ཟིན། རྒྱལ་ཁབ་ཀྱིས་ལོ་རེར་མཚོ་སྔོན་གྱི་རྒྱལ་ཁབ་རིམ་པའི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལས་གཞི་ཐད་མ་དངུལ་ཕལ་ཆེར་སྒོར་ཁྲི3000ཡས་མས་གཏོང་བཞིན་པ་དང་། རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་རེ་ལ་སྒོར་ཁྲི1ཁ་གསབ་བྱེད་བཞིན་འདུག ཞིང་ཆེན་རིམ་པའི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་རྒྱུན་འཛིན་བྱེད་མཁན142ཡོད། དེའི་ཁྲོད་མི་རིགས་ཀྱི་རྒྱུན་འཛིན་པ98ཡོད། དེས་སྤྱིའི་གྲངས་ཀའི69%ཟིན། ཞིང་ཆེན་ནོར་སྲིད་ཀྱིས་ལོ་རེར་ཞིང་ཆེན་རིམ་པའི་རྒྱུན་འཛིན་པར་སྒོར5000ཁ་གསབ་བྱེད་བཞིན་འདུག ཞིང་ཆེན་ཡོངས་སུ་ཤུལ་བཞག་རྒྱུན་འཛིན་བྱེད་ས18ཡོད། དེའི་ཁྲོད་མི་རིགས་ཤུལ་བཞག་རྒྱུན་འཛིན་བྱེད་ས15ཡོད། སྤྱིའི་གྲངས་ཀའི83%ཟིན། ཉེ་བའི་ལོ་འགའི་རིང་། རེབ་གོང་སྒྱུ་རྩལ་དང་རྒྱ་ཡའི་བོད་ལུགས་ས་གདན། བོད་སྨན་ལས་སྣོན་སོགས་སྲོལ་རྒྱུན་གྱི་མཛེས་རྩལ་དང་སྲོལ་རྒྱུན་གྱི་ལག་རྩལ་ལས་གཞི་དེ་ཚོང་རའི་དགོས་མཁོ་དང་འབྲེལ་བ་དམ་པོ་བྱས་ཏེ། རྒྱུན་མཐུད་སྲུང་སྐྱོང་དང་རྒྱུན་འཛིན་གཉིས་ལྡན་གྱི་ལམ་དུ་བསྐྱོད།

  བཞི། ཕྱི་ཕྱོགས་ལ་འབྲེལ་བ་བྱེད་པ་རྒྱུན་འཁྱོངས་བྱས་ནས། གྲངས་ཉུང་མི་རིགས་རིག་གནས་ཀྱི་མཚན་སྙན་ཇེ་་གྲགས་མཐོར་བཏང་།

  ལོ་གང་མང་རིང་ལ་རྒྱལ་ཁབ་ཀྱིས་རང་ཞིང་གི་གྲངས་ཉུང་མི་རིགས་སྒྱུ་རྩལ་ཚོགས་པ་ཕྱི་ལ་སོང་ནས་འཁྲབ་སྟོན་བྱེད་པའི་ལས་འགན་བཀོད་སྒྲིག་བྱས་ཏེ། ཕྱི་རྒྱལ་ནས་བསྡུས་པའི་ཀྲུང་གོ་རིག་གནས་ལོ་ཞེས་པའི་བྱ་འགུལ་ལ་ཞུགས། རང་ཞིང་གིས་སྔ་གཞུག་ཏུ"མཚོ་སྔོན་གྱི་གསོན་ཉམས་སྟེ་མཚོ་སྔོན་མི་རིགས་དམངས་ཁྲོད་རིག་གནས་འགྲེམ་སྟོན"ཞེས་པ་ཁོ་རེ་ཡ་ལྷོ་མར་སོང་ནས"སྤྲོ་སེམས་ཀྱི་ལོ་སར་ཞེས་ཀྲུང་ཁོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རིག་གནས་དུས་ཆེན"ཞེས་པར་ཞུགས་ཤིང་། དེའི་སྐབས་སུ་ཐང་ག་དང་བོད་ལུགས་ས་གདན་སོགས་མི་རིགས་དམངས་ཁྲོད་གྱི་སྒྱུ་རྩལ་ཁོ་ཆས་ཀྱང་འགྲེམ་སྟོན་བྱས། སྔོན་ཆད་ཀྱི་ཞིང་ཆེན་མི་རིགས་གླུ་གར་ཚོགས་པ་དང་ཡུས་ཧྲུའུ་ཡུལ་སྲོལ་གླུ་གར་ཚོགས་པ་རྩ་འཛུགས་བྱས་ནས། ཞང་ཀང་དང་ཨའོ་མིན་དུ་སོང་ནས། རིག་གནས་པུའུ་དང་ཞིང་ཆེན་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི"རབ་མཛེས་མཚོ་སྔོན་སྟེ་ཡུས་ཧྲུའུ་རྟག་གཏན"ཞེས་པ་ཞང་ཀང་དང་ཨའོ་མིན་གྱི་སྤུན་ཟླ་ལ་བཀའ་དྲིན་ཞུ་བའི་རིག་རྩལ་འཁྲབ་སྟོན་གྱི་བྱ་གུལ་ཁྲོད་ཞུགས། ཐེངས་གཉིས་ལ་ཞིང་ཆེན་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི"ཐའེ་ཝན་དང་མཚོ་སྔོན་གྱི་རིག་གནས་གཟའ་འཁོར"ཞེས་པའི་བྱ་འགུལ་ཁྲོད་ཞུགས། ཚོགས་པ་རྩ་འཛུགས་བྱས་ཏེ་ཧི་ལན་དུ་སོང་ནས"ངོ་མཚར་གྱི་ཀྲུང་གོ རབ་མཛེས་ཀྱི་མཚོ་སྔོན"ཞེས་པའི་རིག་གནས་བརྗེ་རེས་ཀྱི་བྱ་འགུལ་སྤེལ། མཚོ་བྱང་ཁུལ་མི་རིགས་གླུ་གར་ཚོགས་པ་རྩ་འཛུགས་བྱས་ཏེ། དུ་སོང་ནས"རྒྱལ་སྤྱིའི་ཇའི་རིག་གནས་དུས་ཆེན"གྱི་འཁྲབ་སྟོན་བྱ་འགུལ་ཁྲོད་ཞུགས། རྨ་ལྷོ་མི་རིགས་གླུ་གར་ཚོགས་པ་རྩ་འཛུགས་བྱས་ཏེ་ཐེ་ལན་དུ་སོང་ནས"སྤྲོ་སེམས་ཀྱི་ལོ་སར"ཞེས་པའི་རིག་གནས་བྱ་འགུལ་ཁྲོད་ཞུགས། མཚོ་ལྷོ་མི་རིགས་གླུ་གར་ཚོགས་པ་རྩ་འཛུགས་བྱས་ཏེ་ཁོ་རེ་ཡ་ལྷོ་མར་སོང་ནས"རབ་མཛེས་མཚོ་སྔོན་ཁོ་རེ་ཡ་ལྷོ་མར་བསྐྱོད་པ"ཞེས་པའི་བྱ་འགུལ་ལ་ཞུགས། རང་ཞིང་གི་མི་རིགས་གླུ་གར་སྒྱུ་རྩལ་དང་མི་རིགས་དམངས་ཁྲོད་རིག་གནས་སྒྱུ་རྩལ་ཐོན་རྫས་དེ་ཕྱི་ཕྱོགས་ལ་རིག་གནས་བརྗེ་རེས་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་གྱུར་པ་མ་ཟད། མཚན་སྙན་གྲགས་ཀྱང་རྒྱས་ཡོད། ལོ་གང་མང་རིང་ལ་པེ་ཅིན་རིག་གནས་ཐོན་ལས་གསར་སྐྲུན་དངོས་མང་སྟོན་ཚོགས་སུ་ཞུགས་པ་རྒྱུན་འཁྱོངས་བྱས། དུས་མཚུངས་སུ《བོད་བྲོ་བརྩམས་ཆོས་ལེགས་ཤོས》དང《ལྐོག་གྱུར་གྱི་མཚོ་སྔོན》སོགས་ཟློས་གར་འཁྲབ་གཞུང་རྒྱལ་ཡོངས་སུ་སྐོར་སྐྱོད་ངང་འཁྲབ་སྟོན་བྱས་ནས། རིག་གནས་བརྗེ་རེས་ལ་ཤུགས་སྣོན་བྱས་པས། མཚོ་སྔོན་གྱི་མི་རིགས་མང་པའི་རིག་གནས་དྲིལ་བསྒྲགས་བྱེད་པའི་ཐད་ནུས་པ་གལ་ཆེན་ཐོན། འདས་སོང་ལ་ཕྱིར་དྲན་བྱས་ཚེ། རང་ཞིང་གི་གྲངས་ཉུང་མི་རིགས་རིག་གནས་ཀྱི་པར་བསྐྲུན་ལས་དོན་ཐད་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། མ་འོངས་པར་གཟིགས་ན་རང་ཞིང་གི་གྲངས་ཉུང་མི་རིགས་ཀྱི་རིག་གནས་སྔར་ལས་འཕེལ་རྒྱས་སུ་འགྲོ་སྲིད་པ་ནི་གདོན་མི་ཟ་བ་རེད། (རྩོམ་པ་པོ་ནི་ཞིང་ཆེན་རིག་གནས་གསར་འགྱུར་པར་སྐྲུན་ཐིན་གྱི་ཐིན་ཀྲང་གཞོན་པ་ཡིན)

ཨ་ཏན་གྱིས་བསྒྱུར།

2014ལོའི་དུས་དེབ་བཞི་བ།