རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་།གང་མང་འཚོལ་བསྡུ།བརྟག་དཔྱད་ཞིབ་འཇུག རིག་གནས་སྐྱེད་ཚལ།མཛའ་མཐུན་གླེང་བ།

  མཚོ་སྔོན་ནི་ས་རྒྱ་ཆེ་ཞིང་རི་ཆུ་མཛེས་ལ། ལོ་རྒྱུས་རིང་བ། མི་རིགས་མང་པའི་ཞིང་ཆེན་ཞིག་ཡིན། དུས་ཡུན་རིང་བོའི་ནང་རྒྱ་དང་བོད། ཧོས། སོག་པོ། ཧོར། ས་ལར་སོགས་མི་རིགས་མང་པོ་འདུས་སྡོད་བྱས་པའི་ས་ཆ་ཞིག་ཡིན་ཞིང་། མི་རིགས་འདི་དག་མཛེས་སྡུག་ལྡན་པའི་ཁྱིམ་གཞི་རུ་ཁྱིམ་ཚང་གཅིག་གི་མི་ལྟར་ཕན་ཚུན་འཆམ་མཐུན་ངང་གནས་པས། མི་རིགས་མང་པོ་འདུས་སྡོད་དང་ཆོས་ལུགས་མང་པོ་མཉམ་གནས། སྣ་མང་རིག་གནས་མཉམ་འབྲེལ་ངང་གནས་བའི་རྣམ་པ་བཟང་བོ་མངོན། ལོ་རྒྱུས་དང་ལག་ལེན་ལས་ར་སྤྲོད་བྱུང་བ་ལྟར་ན། རིགས་སོ་སོའི་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་ཡོང་བ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཚེ་སྲོག་དང་སྟོབས་ཤུགས། རེ་བ་བཅས་གནས་ས་ཡིན། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་འཛུགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་བྱེད་པ་ནི་མཚོ་སྔོན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་དགོས་ངེས་ཀྱི་བླང་བྱ་དང་། མཚོ་སྔོན་ཡུན་རིང་བདེ་འཇགས་ཡོང་བ་མངོན་འགྱུར་བྱེད་པའི་ཐབས་ཇུས་གཙོ་བོ། ཏང་གིས་མི་རིགས་ས་ཁུལ་སྲིད་སྐྱོང་ནུས་པ་མཐོར་འདེགས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། དམངས་ཀྱི་འཚོ་བ་ཁག་ཐེག་དང་ལེགས་བཅོས་བྱེད་པ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་འཛུགས་བྱེད་པའི་འདེགས་སྐྱོར་གཙོ་བོ་ཡིན། ལས་ཞུགས་ནི་དམངས་ཀྱི་འཚོ་བའི་རྩ་བ་དང་མི་སྒེར་གྱི་ཁྱིམ་ཚང་བདེ་སྐྱིད་དང་། སྤྱི་ཚོགས་ཡར་རྒྱས་དང་གཏན་འཇགས། རྒྱལ་ཁབ་ཡུན་རིང་བདེ་འཇགས་ཡོང་བར་འབྲེལ་བ་དམ་པོ་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྨང་གཞི་ཇེ་བརྟན་དང་སྤྱི་ཚོགས་དུས་ཡུན་རིང་བོར་འཆམ་མཐུན་དང་བདེ་འཇགས་ཡོང་བར་ཁག་ཐེག མི་རིགས་ས་ཁུལ་གྱི་ལས་ཞུགས་གནད་དོན་ཐག་གཅོད་བཟང་བོ་བྱེད་པ་བཅས་ནི་དགོས་གལ་ཆེ་བའི་དོན་དག་ཡིན།

  མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་འཛུགས་བྱ་འགུལ་གཏིང་ཟབ་སྒོས་སྤེལ་བ་དང་། ཁྱོན་ཡོངས་ནས་ཞིང་ཆེན་ཏང་ཨུས་ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ཁེ་ལས་དང་ཞིང་ཆེན་དུ་གཏོགས་པའི་རྒྱལ་དབང་ཁེ་ལས་ཀྱིས་བོད་ཁུལ་གྱི་ན་གཞོན་ལ་ཁ་ཕྱོགས་ནས་ལས་བཟོ་བ་བསྡུ་བའི་བཀོད་སྒྲིག་ཁྱོན་ཡོངས་ནས་དངོས་འབེབས་བྱེད་ཆེད། ན་ནིང་གི་ཟླ5བའི་ཟླ་མཇུག་ནས་བཟུང་། ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་ཡིས་སྣེ་ཁྲིད་དེ་ཞིང་ཆེན་རྒྱལ་དབང་ཐོན་ཁུངས་དོ་དམ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་དང་མཉམ་དུ་ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ཁེ་ལས་དང་ཞིང་ཆེན་ཁོངས་གཏོགས་རྒྱལ་དབང་ཁེ་ལས29ལ་སྐུལ་སློང་བྱས་ཏེ། མཚོ་ནུབ་དང་མཚོ་ལྷོ། མཚོ་བྱང་། ཡུས་ཧྲུའུ། མགོ་ལོག རྨ་ལྷོ་བཅས་ཁུལ་དྲུག་ཏུ་ལས་བཟོ་བ་བསྡུས། 2014ལོའི་ཟླ1པའི་ཟླ་མཇུག་བར་བསྡོམས་པས་ལས་བཟོ་བ500ལྷག་བསྡུས། ཐེངས་འདིའི་དམིགས་བསལ་ཅན་གྱི་ལས་ཞུགས་ཀྱིས་རང་ཞིང་གི་བོད་ཁུལ་གྱི་རྒྱ་ཆེའི་མང་ཚོགས་དང་ན་གཞོན་མཐར་ཕྱིན་སློབ་མའི་དགའ་བསུ་ཆེན་པོ་ཐོབ་པས། དེར་མང་ཚོགས་ཀྱི་འདོད་བློ་ཚིམ་པའི་བཟོ་འགོད་ཅེས་བརྗོད།

  མགོ་ཁྲིད་ཀྱིས་མཐོང་ཆེན་དང་སེམས་ཞིབ་མོས་རྩ་འཛུགས། མཉམ་དུ་ལས་བཟོ་བ་བསྡུས་པ།

  ཧྲུའུ་ཅུ་ལའོ་ཧུའེ་ཉིན་གྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་བསྟན་དོན། ང་ཚོས་ངེས་པར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་འཛུགས་བྱེད་པའི་གལ་ཆེན་རང་བཞིན་དང་མྱུར་མཁོའི་རང་བཞིན། དཀའ་ཁག་རང་བཞིན་གསལ་བོར་ཤེས་དགོས་ཤིང་། གསར་འཛུགས་བྱ་བ་དང་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པ་ཟུང་དུ་སྦྲེལ་ནས། བྱ་བའི་ཁྲོད་ཀྱི་གནད་དོན་དང་དཀའ་ཁག་ལ་དམིགས་ཏེ་དོན་དངོས་ལྟར་ཐག་གཅོད་བྱས་ཏེ། གྲུབ་འབྲས་དངོས་ལེན་པར་བརྩོན་ལེན་བྱ་དགོས། ཧྲིན་ཀྲང་ཧའོ་ཕིན་གྱིས་ཀྱང་གསལ་བོར་བསྟན་དོན། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་འཛུགས་བྱེད་པར་དམིགས་ཏེ། ད་ལོ་མུ་མཐུད་དུ་གཅིག་བསྡུས་ཀྱིས75%ཡས་མས་ཀྱི་ནོར་ཤུགས་ཀྱིས་སྤྱི་ཚོགས་ལས་དོན་འཕེལ་རྒྱས་ཇེ་མགྱོགས་དང་། སྤྱི་བའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྲོ་བར་སྐུལ་འདེད། སྤྱི་ཚོགས་དྲང་གཞག་ཡོང་བར་སྐུལ་སྤེལ་བྱས་ཏེ། དམངས་ཀྱི་འཚོ་བའི་དམིགས་ཚད་མུ་མཐུད་དུ་སྔོན་དུ་བསྐྱོད་པར་རྒྱུན་འཁྱོངས་བྱེད་པར་བརྩོན་ནས། དམངས་སེམས་འགུག་པ་དང་འཆམ་མཐུན་ལ་སྐུལ་སྤེལ་བྱ་སྲིད།

  ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ཁེ་ལས་དང་ཞིང་ཆེན་དུ་གཏོགས་པའི་རྒྱལ་དབང་ཁེ་ལས་ཀྱིས་བོད་ཁུལ་དུ་ཁ་ཕྱོགས་ནས་ལས་བཟོ་བ་བསྡུ་བའི་བྱ་བ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་འཛུགས་བྱེད་པའི་ལས་འགན་གལ་ཆེན་ཞིག་ཏུ་བཟུང་ནས། མཐོང་ཆེན་ཚད་མཐོན་པོ་གནང་སྟེ་རྩ་འཛུགས་དང་བཀོད་སྒྲིག་བཟང་བོ་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ལིན་ཅོན་གྱིས་བྱ་བ་འདི་ལེགས་པར་བསྒྲུབ་དགོས་པར་བླང་བྱ་གསལ་བོ་བཏོན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་དུས་ཐོག་ཏུ་ཞིང་ཆེན་རྒྱལ་དབང་མ་རྩ་དོ་དམ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་ལ་མཐུན་སྦྱོར་བྱས་ཏེ། ལས་བཟོ་བ་བསྡུ་བའི་བྱ་བར་སྐུལ་སློང་བྱེད་པ་དང་། དེའི་ཁྲོད་ཞུགས་པའི་ཁེ་ལས་མང་པ། མངའ་ཁོངས་རྒྱ་ཆེ་བ། བོད་ཁུལ་ན་གཞོན་གྱི་ཁེ་དབང་ལ་འབྲེལ་བ་དམ་པོ་ཡོད་པའི་དོན་དངོས་ལ་དམིགས་ཏེ། ཐུན་མོང་གིས《ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ཁེ་ལས་དང་ཞིང་ཆེན་དུ་གཏོགས་པའི་རྒྱལ་དབང་ཁེ་ལས་ཀྱིས་བོད་ཁུལ་དུ་ཁ་ཕྱོགས་ནས་ལས་བཟོ་བ་བསྡུ་པའི་བྱ་བའི་འཆར་གཞི》ལ་ཞིབ་འཇུག་དང་གཏན་འབེབས་བྱས་ཤིང་། ལས་བཟོ་བ་བསྡུ་བའི་ཁྱབ་ཁོངས་དང་མི་གྲངས། དུས་ཚོད་གོ་རིམ། རྩ་འཛུགས་ལག་བསྟར་བཅས་ཕྱོགས་གསུམ་ནས་བྱེ་བྲག་པའི་བླང་བྱ་བཏོན་པ་མ་ཟད། བཀོད་སྒྲིག་ཚོགས་འདུ་བསྡུས་ནས་ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ཁེ་ལས14དང་ཞིང་ཆེན་དུ་གཏོགས་པའི་ཁེ་ལས15ཐེངས་འདིའི་ལས་བཟོ་བ་བསྡུ་བའི་ཁྲོད་ཞུགས་པར་སྐུལ་སློང་བྱས་པས། ལས་བཟོ་བ་བསྡུ་བའི་བྱ་བ་བདེ་བླག་ངང་ལེགས་འགྲུབ་འབྱུང་བར་རྨང་གཞི་བརྟན་པོ་བཏིངས།

  ལས་བཟོ་པ་བསྡུ་བའི་བྱ་བ་དེ《ལས་བཟོ་བ་བསྡུ་བའི་འཆར་གཞི》ལྟར་ནན་ཏན་གྱིས་སྤེལ་བས་གསལ་བོ་གསུམ་བྱས། དེ་ནི་ལས་བཟོ་བ་བསྡུ་བའི་བྱ་བ་དེ་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་སྣེ་ཁྲིད་པ་དང་། ཞིང་ཆེན་རྒྱལ་དབང་མ་རྩ་དོ་དམ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་རྩ་འཛུགས་དང་ལག་བསྟར་བྱེད་དགོས་པ། ལས་བཟོ་བ་བསྡུ་མཁན་གྱི་ཁེ་ལས་ཀྱིས་ལས་བཟོ་བ་བསྡུ་བའི་འཆར་གཞི་ལྟར་རང་ཚུགས་ཀྱིས་ལས་བཟོ་བ་བསྡུ་བ་བཅས་གསལ་བོར་བསྟན། ལས་བཟོ་བ་བསྡུ་ཡུལ་གྱི་ཁྱིམ་ཐོ་རང་ཞིང་གི་བོད་ཁུལ་དྲུག་ཏུ་ཡོད་པ་དང་། ལོ་ཚད་ལོ་ཧྲིལ་བོ35མན་དང་སློབ་གནས་ཆེད་སྦྱོང་མཐར་ཕྱིན་སློབ་མ་ཡན་ཡིན་དགོས། ཆ་རྐྱེན་མཚུངས་པའི་འོག་བོད་ཁུལ་དུ་ལས་ཞུགས་མེད་པའི་ཁྱིམ་ཚང་དང་དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་། སྐྱེ་ཁམས་གནས་སྤོ་ཁྱིམ་ཚང་། རྩྭ་ས་དང་ས་ཞིང་མེད་པའི་རོང་འབྲོག་ཁྱིམ་ཚང་། འབྲོག་པ་ཁོ་ན་ཡིན་པའི་ཁྱིམ་ཚང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆེས་དམའ་བའི་འཚོ་གནས་འགན་སྲུང་ཁྱིམ་ཚང་བཅས་ཀྱི་མཐོ་རིམ་སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མ་དང་དབང་བོ་སྐྱོན་ཅན་གྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ཡིན་དགོས་པ་གསལ་བོར་བསྟན་ཡོད། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ལས་བཟོ་བ་བསྡུ་བའི་གོ་རིམ་ཡོང་ལ་མཛུབ་སྟོན་བྱེད་པ་དང་། ཞིང་ཆེན་རྒྱལ་དབང་མ་རྩ་དོ་དམ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ལས་བཟོ་བ་བསྡུ་བའི་འཆར་གཞི་ལས་འགན་ལེགས་འགྲུབ་འབྱུང་བར་དངོས་འབེབས་བྱེད་པར་ལྟ་སྐུལ་བྱ་དགོས།

  ལས་བཟོ་བ་བསྡུ་བའི་ཁྲོད་ཀྱི་བྱ་བ་ཚང་མ་དུས་ཚོད་དང་གོ་རིམ་ངེས་ཅན་ཞིག་གི་ནང་གོ་རིམ་ལྡན་པའི་ངང་བསྒྲུབ་དགོས། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་རྒྱལ་དབང་མ་རྩ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་དུས་ཐོག་ཏུ་ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ཁེ་ལས་དང་ཞིང་ཆེན་དུ་གཏོགས་པའི་རྒྱལ་དབང་ཁེ་ལས་ལ་མཐུན་སྦྱོར་དང་རྩ་འཛུགས་བྱས་ཏེ། སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ཚོགས་དགོས་ཤིང་། ལས་བཟོ་བ་བསྡུ་བའི་ཁེ་ལས་ཀྱིས་གཏན་འཁེལ་བྱས་པའི་ལས་གནས་སྟེང་ལས་བཟོ་བ་ཅི་འདྲ་དགོས་པ་དེ་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་རྒྱལ་དབང་མ་རྩ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ལ་ལས་བཟོ་བ་བསྡུ་བའི་འཆར་གཞི་ཡར་ཞུ་བྱེད་དགོས་ཤིང་། ཞིང་ཆེན་རྒྱལ་དབང་མ་རྩ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས《ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ཁེ་ལས་དང་ཞིང་ཆེན་དུ་གཏོགས་པའི་རྒྱལ་དབང་ཁེ་ལས་ཀྱིས་བོད་ཁུལ་དུ་ཁ་ཕྱོགས་ནས་ལས་བཟོ་བ་བསྡུ་བའི་འཆར་གཞི་རེའུ་མིག》ཕྱོགས་བསྡུས་བྱས་ཏེ། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཁུལ་སོ་སོའི་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་སྡེ་ཁག་བརྒྱུད་དེ《ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ཁེ་ལས་དང་ཞིང་ཆེན་དུ་གཏོགས་པའི་རྒྱལ་དབང་ཁེ་ལས་ཀྱིས་བོད་ཁུལ་དུ་ཁ་ཕྱོགས་ནས་ལས་བཟོ་བ་བསྡུ་བའི་ཆ་འཕྲིན》ཁྱབ་བསྒྲགས་བྱས། ཁུལ་དང་རྫོང་སོ་སོའི་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་གིས་དྲིལ་བསྒྲགས་དང་སྐུལ་སློང་། མིང་ཐོ་འགོད་པ་རྩ་འཛུགས་བྱེད་པ། ཁེ་ལས་སོ་སོས་མིང་ཐོ་འགོད་པའི་མིང་ཐོ་ལྟར་རང་ཚུགས་ཀྱིས་ལས་བཟོ་བ་བསྡུ་བ། ལས་བཟོ་བ་བསྡུས་ཚར་རྗེས་ལས་བཟོ་མི་སྣའི་ཆ་འཕྲིན་རེའུ་མིག་དང་ཆེད་སྒྲིག་ཕྱོགས་སྡོམ་སྙན་ཞུ་ཡིག་ཆ་ཕྱོགས་བསྡུས་བྱ་དགོས།

  ལས་བཟོ་བ་བསྡུ་བའི་བྱ་བ་རྩ་འཛུགས་དང་མཐུན་སྦྱོར་འགན་ལེན་བྱེད་པའི་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་རྒྱལ་དབང་མ་རྩ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ནན་ཏན་གྱིས་སྤྱི་ཚོགས་ཀྱི་འགན་འཁྲི་དང་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་བྱས་པ་མ་ཟད། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ཁེ་ལས་དང་ཞིང་ཆེན་དུ་གཏོགས་པའི་རྒྱལ་དབང་ཁེ་ལས་ཀྱིས་ལས་བཟོ་བ་བསྡུ་བའི་བྱ་བ་ཁྲོད་ཞུགས་ཤིང་། ལས་བཟོ་བ་བསྡུ་བའི་ཁུལ་དང་རྫོང་ཏང་ཨུ་དང་སྲིད་གཞུང་། དེ་མིན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་སྡེ་ཁག བོད་ཁུལ་གྱི་རྒྱ་ཆེའི་མང་ཚོགས་དང་ན་གཞོན་མཐར་ཕྱིན་སློབ་མ་མཐུན་སྦྱོར་དང་རྒྱབ་སྐྱོར་གང་ལེགས་བྱས་ཏེ། བོད་ཁུལ་དུ་ལས་བཟོ་བ་བསྡུ་བར་ཐུགས་ཁུར་དང་དེའི་ཁྲོད་ཞུགས་པ། དེར་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་ཆགས་པས། ལས་བཟོ་བ་བསྡུ་བའི་འགན་འཁྲི་དུས་ལྟར་བདེ་བླག་ངང་ལེགས་འགྲུབ་བྱུང་བར་ཁག་ཐེག་བྱས།

  ཧུར་ཐག་གིས་མིང་ཐོ་འགོད་པ་དང་ཤེས་ཡོན་གྱི་ནུས་པ་འདོན་པ། མཐུན་སྒྲིལ་དང་ཡར་ཐོན་ཡོང་བར་མཐུན་རྐྱེན་བསྐྲུན།

  《ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ཁེ་ལས་དང་ཞིང་ཆེན་དུ་གཏོགས་པའི་རྒྱལ་དབང་ཁེ་ལས་ཀྱིས་བོད་ཁུལ་དུ་ཁ་ཕྱོགས་ནས་ལས་བཟོ་བ་བསྡུ་བའི་ཆ་འཕྲིན》ཁྱབ་བསྒྲགས་བྱས་རྗེས། ཞིང་ཆེན་ཕྱི་ནང་དུ་སློབ་གཉེར་བྱེད་པ་དང་ཞོར་ལས་བྱེད་བཞིན་པའི་བོད་ཁུལ་གྱི་ན་གཞོན་པ་དག་གིས་སྔ་གཞུག་ཏུ་བློ་འདྲི་དང་མིང་ཐོ་བཀོད། ཁྲང་ཁྲོན་སློབ་ཆེན་གྱི་དབྱང་ཡོན་ཞི་དང་ནུབ་བྱང་དགེ་ཐོན་སློབ་ཆེན་གྱི་ཀྲའོ་གའོ་མིན། མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཀའོ་ཧྲི་ཆིང་སོགས་ཀྱིས་དུས་ཐོག་ཏུ་བློ་འདྲི་མིང་ཐོ་བཀོད།

  ཕ་ཡུལ་ཡུས་ཧྲུའུ་ཡིན་པའི་བོད་རིགས་སློབ་མ་ལྕང་ཡོན་ལྷ་མོས་དྲ་བ་བརྒྱུད་དེ་མིང་ཐོ་འགོད་པ་དང་། ཡིག་རྒྱུགས་ལེན་པ། ཐེངས་གཉིས་ལ་ངོ་རྒྱུགས་སྤྲད་ནས་མཚོ་སྔོན་དངུལ་ཁང་དུ་རྒྱུགས་སྤྲད། ལྷག་པར་དུ་ཐེངས་གཉིས་པའི་ངོ་རྒྱུགས་དེ་ཚན་ཆུང་གིས་རྩོད་གླེང་བྱེད་པའི་རྣམ་པ་ཡིན་ཞིང་། མོ་ལ་མཚོན་ན་དེ་ནི་སྦྱོང་བརྡར་བཟང་བོ་ཞིག་ཡིན་པར་འདོད། མོས་བཤད་རྒྱུར་ཆེད་ལས་མི་གཅིག་པས་ལས་གནས་སྟེང་ལ་ཞུགས་མ་ཐག་ཏུ་བྱ་བའི་ཁྲོད་དཀའ་ཁག་ལ་འཕྲད་པར་བསམ། འོན་ཀྱང་རང་ཉིད་ཀྱི་འབད་བརྩོན་དང་ལས་གྲོགས་དག་གིས་རོགས་རམ་བྱས་པས་མི་འགྱངས་པར་བྱ་བར་གོམས།

  ལས་གནས་སྟེང་ལ་གསར་དུ་ཞུགས་པའི་ཁེ་ལས་ལས་བཟོ་བའི་བོད་ཁུལ་ན་གཞོན་དང་མི་རིགས་མི་འདྲ་བའི་ཁེ་ལས་ལས་བཟོ་བ་མཛའ་མཐུན་མཉམ་གནས་བྱེད་པ་དེ་རང་སྟེང་གི་རིན་ཐང་ཕྱིར་མངོན་པའི་སྟེགས་བུ་ཞིག་ཡིན་པ་མ་ཟད། གཏན་འཇགས་ཀྱི་ཡོང་སྒོ་ཡོད་པས་ཁྱིམ་ཚང་དབུལ་ཕོངས་ལས་མཐར་བས། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བར་སྐུལ་འདེད་བཟང་བོ་བྱས།

  གཅན་ཚ་རྫོང་ཚོ་དྲུག་ཤང་སྔོ་སྐྱ་སྡེ་བའི་འགན་སྲུང་དམའ་བའི་ཁྱིམ་ཚང་གི་དབང་རྒྱལ་ཚེ་བརྟན་དང་། གཏེར་ལེན་ཁ་གྲོང་ཁྱེར་གྱི་སྐྱེ་ཁམས་ཅན་གྱི་གནས་སྤོ་ཁྱིམ་ཚང་ངམ་དབང་བོ་སྐྱོན་ཅན་ཁྱིམ་ཚང་གི་ཀྲའོ་གའོ་མིན། ཀོས་ནན་རྫོང་ཁུག་དྲུག་སྡེ་བའི་ལས་ཞུགས་མི་གཅིག་ཀྱང་མེད་པའི་ཁྱིམ་ཚང་གི་འབྲུག་སྐྱིད་འཚོ་བཅས་ལ་བཅར་འདྲི་བྱེད་སྐབས་བཤད་རྒྱུར། ཁོ་ཚོའི་ལས་ཞུགས་ཐག་གཅོད་བྱས་རྗེས་ཁྱིམ་ཚང་ཡོངས་ཀྱི་འཚོ་བའི་ཆ་རྐྱེན་སྔར་ལས་ཇེ་ལེགས་སུ་སོང་། དབང་རྒྱལ་ཚེ་བརྟན་གྱིས་ཚོར་སྣང་ཟབ་མོས་ངང་བཤད་རྒྱུར། བདག་ནི་བོད་ཁུལ་གྱི་དབུལ་ཕོངས་ཁྱིམ་ཚང་ཞིག་གི་ཡིན། ན་ནིང་བདག་ལ་ཁང་དབྱང་ཡིད་རྟོན་ཁང་དུ་བྱ་བ་བཀོད་སྒྲིག་བྱས་རྗེས་ཁྱིམ་ཚང་གི་དཔལ་འབྱོར་དཀའ་ཁག་སེལ་བ་དང་། ཏང་དང་སྲིད་གཞུང་གིས་བོད་ཁུལ་གྱི་ང་དང་ང་ལྟ་བུའི་ན་གཞོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།

  མཚོ་སྔོན་མི་རིགས་སློབ་ཆེན་ནས་མཐར་ཕྱིན་ཞིང་ཕ་ཡུལ་མདོ་ལ་རྫོང་གི་བོད་རིགས་ན་གཞོན་ཀའོ་ཧྲི་ཆིང་ནི་མཚོ་སྔོན་ཚྭ་མཚེའུ་མའེ་ལས་རིགསPVCབཟོ་གྲྭའི་ལག་རྩལ་པ་ཞིག་ཡིན། ཁོས་དགའ་སྤྲོ་ངང་བཤད་རྒྱུར། བཟོ་གྲྭ་ནི་འཛུགས་བསྐྲུན་བྱེད་བཞིན་པའི་སྒང་ཡིན། བདག་ལྟ་བུ་སློབ་མཐར་ཕྱིན་མ་ཐག་པའི་ན་གཞོན་ལ་མཚོན་ན་དེ་ནི་འགྲན་སློང་དང་གོ་སྐབས་ཤིག་ཡིན། ལྷག་པར་དུ་བོད་ཁུལ་གྱི་ན་གཞོན་དངོས་སུ་རང་ཞིང་གི་ཐོན་ཁུངས་གསར་སྤེལ་འཛུགས་སྐྲུན་བྱེད་པའི་ཁྲོད་ཞུགས་ཐུབ་པ་ལས་རང་གི་ལས་དོན་བསྒྲུབ་པར་བརྩོན་ལེན་དང་ཕ་ཡུལ་ལ་བྱས་རྗེས་འཇོག་པའི་འདུན་མ་དྲག་པོ་ཡོད་ཟེར།

  ཕ་ཡུལ་གཅན་ཚ་དང་མགོ་ལོག་གློག་འདོན་ཀུང་སི་རུ་བྱ་བ་སྒྲུབ་བཞིན་པའི་ཆི་ཀའོ་ཕིན་ནི་ན་ནིང་ཁྲོན་ཆིན་སློབ་གྲྭ་ཆེན་མོའི་ཚན་རྩལ་སློབ་གླིང་ནས་མཐར་ཕྱིན་ནས་བསྡུས་པའི་བོད་རིགས་ལས་བཟོ་བ་ཡིན། ཁོས་བཤད་རྒྱུར་ཕ་ཡུལ་དང་ཁ་ཐག་རིང་ཡང་། གནས་འདིར་ལས་གྲོགས་དག་གི་ཐུགས་ཁུར་དང་རྒྱབ་སྐྱོར་ཐོབ་པས་ཁེར་རྐྱང་གི་སུན་སྣང་སྤུ་ཙམ་ཡང་མེད་ཟེར།

  འགན་འཁྲི་ཕྲག་ཏུ་ལེན་པ་དང་ཧུར་བརྩོན་གྱིས་ལས་བཟོ་བ་བསྡུས་ཏེ་སྐྱེད་སྲིང་ལ་དོ་སྣང་བྱེད་པ།

  ལས་བཟོ་བ་བསྡུས་པའི་བྱ་བ་ཁྲོད་ཞུགས་པའི་ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ཁེ་ལས་དང་ཞིང་ཆེན་དུ་གཏོགས་པའི་རྒྱལ་དབང་ཁེ་ལས29ཡིས་ཐེངས་འདིའི་ལས་བཟོ་བ་བསྡུ་བའི་བྱ་བ་དེ་ཁེ་ལས་ཀྱིས་ཆབ་སྲིད་དང་སྤྱི་ཚོགས་ཀྱི་འགན་འཁྲི་དང་དུ་ལེན་པའི་ལག་ལེན་དུ་བཟུང་ནས། ཆབ་སྲིད་ཀྱི་མཐོ་ཚད་ནས་བོད་ཁུལ་དུ་ཁ་ཕྱོགས་ནས་ལས་བཟོ་བ་བསྡུ་བའི་དོན་སྙིང་གལ་ཆེན་ལ་ངེས་འཛིན་གསལ་བོ་དང་། རྒྱབ་སྐྱོར་གང་ལེགས་བྱས། བྱ་སྤྱོད་དངོས་ལས་རྒྱལ་དབང་ཁེ་ལས་ཀྱི་བྱས་རྗེས་སྙིང་སྟོབས་དང་སྤྱི་ཚོགས་ཀྱི་འགན་འཁྲི་དང་དུ་ལེན་པའི་བདག་པོའི་སྙིང་སྟོབས་མཚོན།

  ཁེ་ལས་སོ་སོས"ནང་ལ་བསྡུ་བ་དང་འདུག་ཏུ་འཇོག་ཐུབ་པ། གོང་འཕེལ་འབྱུང་ཐུབ་པ"དེ་མི་རིགས་ས་ཁུལ་གྱི་ན་གཞོན་ལས་ཞུགས་ཐག་གཅོད་པ་དང་། ཁེ་ལས་འཆམ་མཐུན་ངང་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་བྱེད་པའི་ཆབ་སྲིད་ལས་འགན་གལ་ཆེན་དུ་བཟུང་ནས། གཅིག་བསྡུས་ཀྱིས་གསོ་སྦྱོང་དང་དགེ་རྒན་གྱིས་སློབ་མ་སྐྱེད་སྲིང་བྱེད་པ་སོགས་ཀྱི་རྣམ་པ་མང་པོ་སྤྱད་དེ་བོད་ཁུལ་གྱི་ན་གཞོན་ལས་གནས་སྟེང་ལ་ཞུགས་པ་དང་གོམས་པར་བྱས་པ་མ་ཟད། གླ་ཕོགས་དང་འཚོ་བའི་ཐད་ལའང་རྒྱབ་སྐྱོར་གང་ལེགས་གནང་། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་མི་ཤུགས་ཐོན་ཁུངས་སྡེ་ཁག་གི་ཀྲུའུ་རིན་གཞོན་པ་ཧྲང་ལའི་ཞ་ཡིས་བཤད་རྒྱུར། "ཀྲུང་དབྱང་གི་ཁེ་ལས་ཤིག་ཡིན་པའི་ཆ་ནས་བོད་ཁུལ་གྱི་ན་གཞོན་ལས་སུ་ཞུགས་པའི་གནད་དོན་ཐག་གཅོད་བྱེད་པར་འགན་འཁྲི་དང་འོས་འགན་ཡོད་པ་མ་ཟད། དེར་བྱས་རྗེས་འཇོག་པའི་བསམ་པའང་ཡོད། ཀུང་སིས་ལས་བཟོ་བ་གསར་བ་སྐྱེད་སྲིང་བྱེད་པར་མཐོང་ཆེན་དང་ལྷག་ཏུ་ཆེད་ལས་ཐད་ཀྱི་གསོ་སྦྱོང་དང་། དགེ་རྒན་གྱིས་སློབ་མ་སྐྱེད་སྲིང་བྱེད་པ། ལས་རིགས་ཐད་ཀྱི་འཆར་འགོད་བཅས་ཕྱོགས་གསུམ་ནས་ན་གཞོན་ལས་བཟོ་བ་འཚར་ལོངས་འབྱུང་བར་རམ་འདེགས་གང་ལེགས་བྱེད་བཞིན་འདུག "མཚོ་སྔོན་ཚྭ་མཚེའུ་བཟོ་ལས་མ་རྐང་ཀུང་སི་སོགས་ཁེ་ལས་ཀྱིས་བོད་ཁུལ་གྱི་མཐོ་རིམ་མཐར་ཕྱིན་སློབ་མར་ལས་ཞུགས་རྒྱ་བསྐྱེད་པའི་དུས་མཚུངས་སུ། ཆེད་ལས་ལས་རིགས་ལག་རྩལ་དང་འབྲེལ་ནས་གསོ་སྦྱོང་བྱེད་པ་དེ་ལས་ཞུགས་ཐད་གསོན་ཤུགས་གསར་བ་དང་ཐབས་ལམ་གསར་བ་ཞིག་བཏོན། ཞིང་ཆེན་ཞིང་སྡེ་ཡིད་རྟོན་ཁང་མི་ཤུགས་ཐོན་ཁུངས་སྡེ་ཁག་གི་སྤྱི་གཉེར་བ་ལིའུ་ཧུའེ་ཡེ་ཡིས་བཤད་རྒྱུར། "ལས་བཟོ་བ་བསྡུ་བའི་གོ་རིམ་ཁྲོད་ང་ཚོས་ཕྱོགས་གསུམ་གྱི་རྩ་དོན་རྒྱུན་འཁྱོངས་བྱས། ཁ་གཏད་ནས་ལས་བཟོ་བ་བསྡུ་བའི་རྩ་དོན། བོད་ཁུལ་དུ་བསྡུ་བའི་མི་གྲངས་ཚང་མ་བོད་ཁུལ་དུ་ཁ་ཕྱོགས་ནས་མི་གྲངས་བཀོད་སྒྲིག་བྱས་པ་དང་གཅིག སློབ་གནས་ཚད་ཇེ་དམའ་རུ་བཏང་བའི་རྩ་དོན། བོད་ཁུལ་དུ་བསྡུས་པའི་སློབ་མ་མང་ཤས་ཆེད་སྦྱོང་སློབ་གནས་ཡིན་པ་དང་ཆེད་ལས་ཐད་ནས་ཀྱང་དམིགས་བསལ་བྱས་པ་དང་གཉིས། དམིགས་བསལ་གྱིས་བསྡུ་བའི་རྩ་དོན། ས་གནས་དེའི་མཐར་ཕྱིན་སློབ་མའམ་ལྷག་པར་དུ་རྒྱ་བོད་སྐད་གཉིས་ཤེས་པའི་སློབ་མ་དམིགས་བསལ་གྱིས་བསྡུ་བ་དང་གསུམ། རྗེས་ཕྱོགས་སུ་ང་ཚོས་བོད་ཁུལ་དུ་ལས་བཟོ་བ་བསྡུ་བའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། སྤྱི་ཚོགས་ཀྱི་འོས་འགན་ལག་བསྟར་བཟང་བོ་བྱས་ཏེ། བོད་ཁུལ་གྱི་དབུལ་ཕོངས་ཁྱིམ་ཚང་དབུལ་མཐར་ཕྱུག་འགྱུར་བྱེད་པར་སྐུལ་འདེད་དང་། ང་ཚོའི་ཡིད་རྟོན་ཁང་གི་རང་སྟེང་འཕེལ་རྒྱས་ཐད་འབད་བརྩོན་བྱ་རྒྱུ་ཡིན"ཟེར།

  མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་བདེ་འཇགས་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ་དེ་ཁྱོན་ཡོངས་དང་ཡུན་རིང་ལ་འབྲེལ་བ་དམ་པོ་ཡོད། དེ་ནི་རིགས་སོ་སོའི་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་ཆེས་ཆེ་བའི་དམངས་ཀྱི་འཚོ་བ་ཡིན། བོད་ཁུལ་དུ་ཁ་ཕྱོགས་ནས་ལས་བཟོ་བ་བསྡུ་བའི་བྱ་བ་དེ་བོད་ཁུལ་གྱི་མང་ཚོགས་ལ་བསྒྲུབ་པའི་དོན་དངོས་ཤིག་ཡིན། སློབ་གནས་དང་ལོ་ཚོད་ཐད་དམིགས་བསལ་དང་། ལྷག་ཏུ་དཀའ་ཁག་ཆེ་བའི་ཁྱིམ་ཚང་ལ་ཐུགས་ཁུར་བྱེད་པ་སོགས་ཀྱི་དམིགས་བསལ་སྲིད་ཇུས་ལས་མི་རིགས་ས་ཁུལ་གྱི་ན་གཞོན་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཤིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བར་སྐུལ་འདེད་བྱེད་པའི་ཐད་བྱས་རྗེས་མི་དམན་པ་བཞག།

  (ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་འདོན་སྤྲོད་བྱས།)

  རྟ་མགྲིན་མཚོས་བསྒྱུར།

2014ལོའི་དུས་དེབ་བཞི་བ།