ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྙན་ཞུ་ལས" སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་བྱེད་དགོས"པར་བསྟན།

  ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྙན་ཞུ་ལས"འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། རང་དབང་། འདྲ་མཉམ། དྲང་གཞག ཁྲིམས་སྐྱོང་། རྒྱལ་གཅེས། ལས་བཀུར། དྲང་བདེན། མཛའ་མཐུན་བཅས་དར་སྤེལ་དུ་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་བྱེད་དགོས"པར་བསྟན། དེའི་ཁྲོད་སྤྱི་དམངས་ཀྱི་ཕྱོགས་ནས། རྒྱལ་གཅེས་དང་ལས་བཀུར། དྲང་བདེན། མཛའ་མཐུན་བཅས་མིང་ཚིག་བཞི་ཡོད། མིང་ཚིག་བཞི་པོ་འདི་ནང་དོན་འདུས་ཤིང་བརྗོད་དོན་གསལ་བ། "རྒྱལ་གཅེས"ནི་སྤྱི་དམངས་ཐད་ཀྱི་ནང་དོན་གལ་ཆེན་ཞིག་ཡིན།

  རྒྱལ་གཅེས་ནི་སྤྱི་དམངས་ཀྱིས་ངེས་པར་དུ་སྲུང་དགོས་པའི་ཀུན་སྤྱོད་ཀྱི་ཚད་གཞི་གལ་ཆེན་དང་སྤྱི་དམངས་ཀྱི་ཀུན་སྤྱོད་ཚད་གཞི་ལ་གདེང་འཇོག་བྱེད་སྐབས་གདམ་གསེས་བྱེད་པའི་ཆེས་གཞི་རྩའི་རིན་ཐང་གི་ཚད་གཞི་ཡིན། མི་དམངས་མང་ཚོགས་ཀྱིས་རང་གི་མེས་རྒྱལ་ལ་བཅངས་པའི་བརྩེ་སེམས་ཟབ་མོ་མཚོན་ཞིང་། མི་སྒེར་དང་མེས་རྒྱལ་ལ་འབྲེལ་བ་དམ་པོ་ཡོད་པ་མཚོན། མི་རྣམས་ཀྱིས་རང་གི་ཕ་ཡུལ་དང་རིགས་རྒྱུད། རིག་གནས་ལ་བཅངས་པའི་བརྩེ་སེམས་དང་ཁས་ལེན། གཟི་རྔམ་བཅས་ཀྱི་གཅིག་གྱུར་ཡིན། རྒྱལ་གཅེས་ནི་མི་རེ་རེས་ཕྲག་དུ་ལེན་དགོས་པའི་ལས་འགན་དང་འོས་འགན་ཡིན།

  ང་ཚོའི་རླབས་ཆེན་གྱི་མེས་རྒྱལ་ནི་གནའ་ནས་བཟུང་མི་རིགས་སོ་སོས་བསྐྲུན་པའི་གཅིག་གྱུར་གྱི་མི་རིགས་མང་པོའི་རྒྱལ་ཁབ་ཅིག་ཡིན། དུས་ཡུན་རིང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་མི་རིགས་མང་པོ་འདུས་སྡོད་དང་ཆོས་ལུགས་མང་པོ་མཉམ་གནས། རིག་གནས་སྣ་མང་ཡོད་པ། རིགས་སོ་སོའི་མི་དམངས་ཀྱིས"རྒྱལ་བོའི་རྒྱལ་ས་མ་བདེ་ན་སྤྲང་བོའི་ཉལ་ས་མི་བདེ་བའི"གནས་ལུགས་དེ་གསལ་བོར་རྟོགས། ཀྲུང་ཧྭ་མི་རིགས་དར་རྒྱས་དང་རྒྱལ་ཁབ་སྟོབས་འབྱོར་ལྡན་ན་ད་གཟོད་རིགས་སོ་སོའི་མི་རིགས་ཀྱི་ཁེ་དབང་དང་འཕེལ་རྒྱས་ལ་ཁག་ཐེག་ཡོད། རྒྱལ་གཅེས་དེ་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་ནང་དུ་ནང་དོན་ཡང་མི་འདྲ་མོད། འོན་ཀྱང་གཞི་རྩའི་རིན་ཐང་གི་ལྟ་ཚུལ་ནི་མེས་རྒྱལ་ལ་དགའ་བ་ནི་འགྱུར་མེད་དམ་བཅའ་ཡིན་པ། རྒྱལ་ཁབ་དར་རྒུད་ཇི་ཡོང་དེ། སྐྱེ་བོ་ཀུན་ལ་འགན་འཁྲི་ཡོད། གཅིག་གྱུར་ལ་སྲུང་སྐྱོང་དང་ཁ་བྲལ་ལ་ངོ་རྒོལ་བྱེད་པ། དགྲ་ལ་མཉམ་སྡང་དང་ཕྱི་རྒྱལ་གྱི་བཙན་གནོད་འགོག་པ་བཅས་ཡིན། ལོ་ངོ་སྟོང་ཕྲག་རིང་། རྒྱལ་གཅེས་རིང་ལུགས་ནི་རླབས་རྒྱུན་མི་ཆད་པའི་ཆུ་བོ་ཞིག་དང་འདྲ་བར་ཀྲུང་ཧྭའི་བུ་དང་བུ་མོའི་སེམས་ཁུང་དུ་བཞུར་བ་དང་། ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཡར་བརྩོན་ཐད་སྐུལ་སློང་བྱེད་པས། སྤྱི་ཚོགས་མདུན་བསྐྱོད་ལ་སྐུལ་འདེད་བྱེད་པའི་བསམ་པའི་འདེགས་སྐྱོར་དང་སྟོབས་ཤུགས་ཆེན་པོ་ཞིག་ཏུ་གྱུར་འདུག རྒྱལ་གཅེས་ཀྱི་རིན་ཐང་གི་ཚད་གཞི་འདི་སྐྱེད་སྲིང་དང་ལག་ལེན་བྱེད་པར་སྤྱི་དམངས་རེ་རེས་སེམས་སྟེང་དུ་རྒྱལ་ཁབ་ལ་གཅེས་པའི་བརྩེ་སེམས་བཅངས་དགོས་ཤིང་། སྒྲིག་ཁྲིམས་བརྩི་སྲུང་དང་ཡིད་ཆེས་ཡོད་པ། བློ་གྲོས་ལྡན་པའི་དེང་རབས་ཀྱི་སྤྱི་དམངས་ཤིག་བྱ་དགོས། རྒྱལ་གཅེས་ལ་ང་ཚོས་སློབ་སྦྱོང་བཟང་བོ་དང་བྱ་བར་བརྩོན་པ། ལྷག་པར་དུ་མི་སྒེར་གྱི་མདུན་ལམ་དེ་མེས་རྒྱལ་དར་རྒྱས་དང་འབྱོར་ཕྱུག་ལྡན་པ། མི་དམངས་ཀྱི་བདེ་སྐྱིད་དང་ཟུང་དུ་སྦྲེལ་ནས། མེས་རྒྱལ་ཀྱིས་བླངས་པའི་ཡར་རྒྱས་དང་གྲུབ་འབྲས་ལ་རྟེན་འབྲེལ་དང་། མེས་རྒྱལ་ལ་འཕྲད་པའི་དཀའ་ཁག་དང་འགྲན་སློང་ལ་སེམས་ཁུར། དམངས་ཀྱི་འཚོ་བ་དང་བདེ་སྐྱིད་ལ་འབད་བརྩོན་བྱ་དགོས།

  རྒྱལ་གཅེས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་ཡར་རྒྱས་སུ་འགྲོ་བའི་སྒུལ་ཤུགས་ཡིན། ལོ་རྒྱུས་ཀྱི་དུས་སྐབས་གསར་བའི་ནང་། མཚོ་སྔོན་གྱི་རིགས་སོ་སོའི་བུ་དང་བུ་མོ་ཁྲི560ལྷག་གིས་ཀྲུང་ཧྭ་མི་རིགས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ། མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་དུ་བཏང་ནས། "ཁ་བྲལ་མི་ཐུབ་པ་གསུམ"གྱི་བསམ་བློ་དང་"ཁས་ལེན་བཞིའི"འདུ་ཤེས་ཇེ་བརྟན་དུ་བཏང་ནས། མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པའི་བསམ་བློ་ཇེ་བརྟན་དུ་གཏོང་བ་དང་། རྒྱལ་གཅེས་ཀྱི་བརྩེ་སེམས་དང་རྒྱལ་ཁབ་ལ་དྲིན་ལེན་འཇལ་བའི་འདུན་པ་དེ་རྒྱལ་ཁབ་འཛུགས་བསྐྲུན་བྱེད་པའི་བྱ་སྤྱོད་དུ་བསྒྱུར་ནས། རྒྱལ་གཅེས་རིང་ལུགས་རྣལ་མ་ཞིག་བྱས་ཏེ། རང་ཞིང་གི"ཁུལ་གསུམ"འཛུགས་བསྐྲུན་ལ་སྐུལ་འདེད་དང་། "ལོ་ངོ་བརྒྱ་ཕྲག་གཉིས"ཀྱི་འབད་བརྩོན་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པར་སྒུལ་ཤུགས་འདོན་སྤྲོད་བྱ་དགོས།

            

རྟ་མགྲིན་མཚོ་བསྒྱུར། 

2014 ལོའི་དུས་དེབ་བཞི་བ།