དཔལ་འབྱོར་ཉིད་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་ཁྲིམས་སྐྱོང་གི་འགན་སྲུང་སྟོབས་ལྡན་འདོན་སྤྲོད་བྱེད་དགོས།

  དཔལ་འབྱོར་ཉིད་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་ཁྲིམས་སྐྱོང་གི་འགན་སྲུང་སྟོབས་ལྡན་འདོན་སྤྲོད་བྱེད་དགོས།

  ཚའོ་ཅན་མིང་།

  ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་འགོ་ཁྲིད་སྟོབས་ལྡན་བྱས་འོག་ཏུ་རང་རྒྱལ་གྱི་དཔལ་འབྱོར་ཉིད་བརྟན་ལ་ཅུང་མགྱོགས་པའི་ངང་གོང་འཕེལ་འབྱུང་བཞིན་ཡོད་པ་དང་། སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་བྱུང་ཡོད་ཅིང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་ལ་གྲུབ་འབྲས་གལ་ཆེན་གསར་པ་ཐོབ་ཡོད། དེ་དང་ལྷན་དུ་དཔལ་འབྱོར་གོང་འཕེལ་ཡོང་རིམ་ནང་དུ་མྱུར་ཚད་ཀྱི་འགྱུར་ལྡོག་དང་། གྲུབ་ཚུལ་གྱི་ལེགས་འགྱུར། སྒུལ་ཤུགས་ཀྱི་འཕོ་འགྱུར་སོགས་འཕེལ་ཕྱོགས་རང་བཞིན་གྱི་ཁྱད་ཆོས་གསར་པ་བྱུང་ཡོད། དེ་ལ་ཇི་ལྟར་བྱས་ནས་ཞིབ་དཔྱོད་འགན་ནུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དཔལ་འབྱོར་ཉིད་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུ་ཁག་ཐེག་བྱེད་དགོས་པ་དེ་ནི་ཞིབ་དཔྱོད་ལས་ཁུངས་ཀྱི་མདུན་དུ་ལྷགས་པའི་བསླབ་གཞི་གནད་ཆེན་ཞིག་རེད།

  དཔལ་འབྱོར་གོང་འཕེལ་གྱི་བདེ་འཇགས་འགན་སྲུང་བྱེད་པའི་འགན་འཁྲི་གལ་ཆེན་དང་དུ་ལེན་དགོས།

  ད་ལོ་ནས་བཟུང་རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་སྤྱི་ཆ་ནས་བརྟན་ལྷིང་ཡིན་པ་དང་། དཔལ་འབྱོར་འཁོར་རྒྱུག་ཡོང་ཚུལ་དེ་ལུགས་མཐུན་གྱི་བར་མཚམས་ན་གནས་ཤིང་། གྲུབ་ཚུལ་ལེགས་སྒྱུར་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་སོང་ཡོད་ལ། སྒུལ་ཤུགས་གསར་པ་སྐྱེ་འཚར་ཡོང་གི་ཡོད། དེ་དང་ལྷན་དུ་དཔལ་འབྱོར་མར་ཆག་པའི་གནོན་ཤུགས་ཅུང་ཆེ་བ་དང་། ཁེ་ལས་ལ་ལ་ཞིག་ཚོང་གཉེར་གྱི་དཀའ་ཁག་ལ་ཐུག་ཡོད་ཅིང་། དཔལ་འབྱོར་འཕར་སྣོན་ཡོང་བའི་སྒུལ་ཤུགས་གསར་པས་འདང་གི་མེད་ལ་སྒུལ་ཤུགས་རྙིང་ཞན་དུ་འགྲོ་བའི་གྲུབ་ཚུལ་རང་བཞིན་གྱི་འགལ་བ་སྔར་བཞིན་འབུར་དུ་ཐོན་ཡོད་པ་རེད། རྒྱལ་སྤྱིའི་དཔལ་འབྱོར་གྱི་ཁོར་ཡུག་ལ་གནས་ཚུལ་གསར་པ་ཁག་ཅིག་བྱུང་ཡོད་པ་དང་། “ཀྲུང་གོ་ཧ་ལོག་སྨྲ་བ་”དེ་སྐྱུར་ལངས་འགོ་ཚུགས་ཡོད་ཅིང་། དེ་དང་སྦྲགས་ནས་“ཀྲུང་གོའི་དཔལ་འབྱོར་ཟུར་དུ་འབུད་པ་”དང་། “ཀྲུང་གོའི་དཔལ་འབྱོར་བཀག་སྡོམ་དང་ལོགས་བཀར་བྱེད་པ་”སོགས་ཀྱི་གཏམ་གླེང་བྱུང་ཡོད། འཛམ་གླིང་ཁྱབ་ཁོངས་ཀྱི་དཔལ་འབྱོར་ནང་དུ་ཀྲུང་གོའི་དཔལ་འབྱོར་ལ་འགྲན་སློང་དང་ཉམས་སད་གསར་པར་ཐུག་ཡོད། དེ་ལ་ང་ཚོས་ངེས་པར་དུ་ཀྲུང་དབྱང་གི་བླང་བྱ་ལྟར་བསྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པ། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་དུ་འཕེལ་བར་འགན་སྲུང་དང་སྐུལ་འདེད་གཏོང་བ་བཅས་ཀྱི་རང་རྟོགས་དང་། ཡིད་ཆེས། ཡིད་བརྟན་བཅས་བློ་རྩ་བརྟན་པོས་འཛིན་སྐྱོང་བྱེད་དགོས།

  ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་“ལོ་ལྔ་ཚན་བཅུ་གསུམ་པའི་”དུས་སྐབས་ཀྱི་རང་རྒྱལ་གྱི་དཔལ་འབྱོར་གོང་འཕེལ་ཡོང་བའི་ཁོར་ཡུག་གི་གཞི་རྩའི་ཁྱད་ཆོས་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། རང་རྒྱལ་གྱི་གོང་འཕེལ་དེ་སྔར་བཞིན་གྲུབ་འབྲས་ཆེན་པོ་ལེན་ཐུབ་པའི་འཐབ་ཇུས་ཀྱི་གོ་སྐབས་ལྡན་དུས་གལ་ཆེན་པོའི་དུས་སུ་གནས་ཡོད་ལ། འགལ་བ་མང་པོ་བསྣོལ་བརྩེགས་བྱུང་བ་དང་ཉེན་ཁ་དང་འགོག་རྐྱེན་མང་དུ་འགྲོ་བའི་ཛ་དྲག་ཆེ་བའི་འགྲན་སློང་ལ་ཡང་འཕྲད་ཡོད་པར་འདོད། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཁོག་ལ་གོང་བཀུར་དང་ཞབས་ཞུ་སྒྲུབ་རྒྱུ་ནི་ཞིབ་དཔྱོད་ལས་ཁུངས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་པོ་ཡིན། རིམ་པ་ཁག་གི་ཞིབ་དཔྱོད་ལས་ཁུངས་ཀྱིས་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་ཉིད་ཀྲུང་དབྱང་གིས་གནས་བབས་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་པ་དང་ཇུས་གཞི་བཀོད་སྒྲིག་བྱས་པའི་སྟེང་དུ་གཅིག་གྱུར་བྱས་ཏེ། གོང་འཕེལ་གྱི་ཆོས་ཉིད་སྐོར་གྱི་ངོས་འཛིན་ཟབ་ཏུ་གཏོང་དགོས་པ་དང་། ཡང་དག་པའི་སྒོ་ནས་གོང་འཕེལ་ཁྲོད་ཀྱི་འབྲེལ་བ་གལ་ཆེན་པོ་ཤེས་རྟོགས་དང་ཐག་གཅོད་བྱེད་དགོས་ཤིང་། སྤྱི་ཚོགས་དང་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་མིན་དེ་ཁྲིམས་འཛིན་གྱོད་གཅོད་བྱེད་པའི་ཚད་གཞི་གལ་ཆེན་པོ་ལ་རྩིས་དགོས་པ་དང་། ཞིབ་དཔྱོད་ཀྱི་འགན་ནུས་ལ་གཞི་བཅོལ་ནས་བར་མཚམས་མེད་པར་འཕར་སྣོན་འགན་ལེན་དང་། བསྒྱུར་བཅོས་སྐུལ་འདེད། གྲུབ་ཚུལ་སྙོམ་སྒྲིག དམངས་འཚོ་འགན་ལེན་བཅས་བྱེད་དགོས་པས་མི་ཚད། ད་དུང་ཁྲིམས་འཛིན་གྱོད་གཅོད་ཀྱི་ཁྲོད་དུ་དཔལ་འབྱོར་མར་ཆག་པ་ལས་བྱུང་བའི་གནད་དོན་དང་ཉེན་ཁ་ལ་ཁ་གཏད་འོས་འཚམ་ཡང་འཇལ་བར་བྱས་ཏེ། ཡང་དག་པའི་སྒོ་ནས་བཅའ་ཁྲིམས་དང་སྲིད་ཇུས་ཀྱི་མཐའ་དང་། ཉེས་ཡོད་དང་ཉེས་མེད་ཀྱི་མཐའ། བྱས་ཉེས་འདི་དང་དེའི་མཐའ། ཉེས་ཡང་དང་ཉེས་ལྗིད་ཀྱི་མཐའ་བཅས་ཤེས་རྟོགས་བྱེད་དགོས་པ་དང་། ཁྲིམས་འཛིན་གྱི་བྱ་སྤྱོད་དང་གྱོད་གཅོད་ཀྱི་ཐབས་ཤེས་དང་བྱེད་སྟངས་ཚད་ལྡན་བཟོ་རྒྱུར་དོ་སྣང་ཚད་མཐོན་པོ་བྱས་ཏེ། སྔར་ལས་སྟོབས་ལྡན་གྱི་སྒོ་ནས་དཔལ་འབྱོར་ཉིད་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུ་འགན་སྲུང་དང་སྐུལ་འདེད་གཏོང་དགོས་པ་དང་། ཁྲིམས་ལྟར་མི་དམངས་ཀྱི་ཁེ་དབང་ཁག་འགན་སྲུང་བྱེད་དགོས།

  ཞིབ་དཔྱོད་ལས་ཁུངས་ནི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ངོས་ཀྱི་ལྟ་སྐུལ་ཚན་པ་དང་ཁྲིམས་འཛིན་ལས་ཁུངས་ཡིན་པའི་ཆ་ནས། ཆེས་གཞི་རྩར་གྱུར་པའི་ཐབས་ལམ་ནི་ཞིབ་དཔྱོད་ཀྱི་འགན་ནུས་འཁྲི་སྒྲུབ་བྱེད་རྒྱུ་དང་། ཆེས་གཙོ་བོར་གྱུར་པའི་ལས་འགན་ནི་ཁྲིམས་འཛིན་གྱོད་གཅོད་བྱེད་པ་བརྒྱུད་དེ་ཁྲིམས་སྐྱོང་གི་ཁོར་ཡུག་ཡག་པོ་ཞིག་སྐྲུན་རྒྱུ་དེ་རེད། ནོར་འཁྲུལ་གྱི་ཕྱོགས་ལྷུང་གཉིས་བག་ཟོན་དང་ཁྱད་གསོད་བྱེད་དགོས་པ་སྟེ། གཅིག་ནི་འགན་ནུས་འཁྲི་སྒྲུབ་དང་སྤྱི་ཁོག་ལ་ཞབས་ཞུ་སྒྲུབ་རྒྱུ་འགལ་ཟླར་བཞག་ནས། སྤྱི་ཁོག་ལ་ཞབས་ཞུ་སྒྲུབ་ཟེར་དུས་དོ་སྣང་མི་བྱེད་པ་དང་། ཞིབ་དཔྱོད་ལས་ཁུངས་ནི་ཁྲིམས་ལྟར་གྱོད་གཅོད་བྱེད་མཁན་དང་གྱོད་ལ་གཞིགས་ཏེ་གྱོད་ཐག་གཅོད་མཁན་ཡིན་པར་འདོད་པ་དེ་རེད། ཅིག་ཤོས་ནི་ཞིབ་དཔྱོད་ཀྱི་འགན་ནུས་རྒྱབ་ཏུ་བསྐྱུར་བ་དང་ཐ་ན་ཚོད་མེད་དུ་སྤྱད་དེ་ཞབས་ཞུ་སྒྲུབ་པ་སྟེ། དཔེར་ན་དཔལ་འབྱོར་གྱི་རྩོད་གཞི་ལ་ཐེ་ཇུས་བྱེད་པ་དང་། སྲིད་གཞུང་གི་ཚོང་འགུག་དངུལ་འདྲེན་བྱེད་སྒོར་ཐེ་ཞུགས་བྱེད་པ། ཁྲིམས་འཛིན་གྱོད་གཅོད་བྱེད་རིང་ས་གནས་སྲུང་སྐྱོབ་རིང་ལུགས་སྤེལ་བ་སོགས་ལྟ་བུ་རེད། དེ་ཡང་རྡུང་རྡེག་དང་། ལྟ་སྐུལ། སློབ་གསོ། སྲུང་སྐྱོབ་སོགས་བཅའ་ཁྲིམས་ཀྱི་ལྟ་སྐུལ་ཐབས་ཤེས་ཕྱོགས་བསྡུས་སུ་སྤྱོད་མཁས་པོ་བྱེད་པ་དང་། ཁྲིམས་འཛིན་གྱོད་གཅོད་ཁྲོད་དུ་ཁྲིམས་སྐྱོང་གི་བསམ་གཞིགས་སྤྱད་དེ་བདེན་རྫུན་བརྡར་ཤ་གཅོད་མཁས་པོ་བྱེད་པ། ཁྲིམས་སྐྱོང་གི་བྱེད་སྟངས་སྤྱད་དེ་དཔལ་འབྱོར་འབྲེལ་བའི་ནང་གི་འགལ་བ་དང་རྩོད་པ་ཐག་གཅོད་བྱེད་པ་བཅས་བྱུང་ན་ད་གཟོད་དཔལ་འབྱོར་ཉིད་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུ་འགན་སྲུང་བྱེད་པའི་དམིགས་གཏད་རང་བཞིན་དང་ཕན་སྐྱེད་རང་བཞིན་ཆེ་རུ་གཏོང་ཐུབ་པ་རེད།

  དཔལ་འབྱོར་ཉིད་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་བའི་འཇུག་སྒོ་དང་ཤུགས་རྒྱག་ས་གནད་ལ་འཁེལ་བར་འཚོལ་དགོས།

  རིམ་པ་ཁག་གི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་གི་རང་རྒྱལ་གྱི་དཔལ་འབྱོར་གོང་འཕེལ་སྐོར་གྱི་རྒྱུན་རྣམ་གསར་པ་ཞེས་པའི་འཐབ་ཇུས་ཀྱི་གཏན་འཁེལ་གནད་ཆེན་དང་“ལོ་ལྔ་ཚན་བཅུ་གསུམ་པའི་”དུས་སྐབས་ཀྱི་རང་རྒྱལ་གྱི་གོང་འཕེལ་སྐོར་གྱི་ཇུས་གཞི་བཀོད་སྒྲིག་ཤེས་རྟོགས་གཏིང་ཟབ་མོ་དང་། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་གོང་འཕེལ་གྱི་འདུ་ཤེས་ཤེས་རྟོགས་གཏིང་ཟབ་མོ་བྱས་ཏེ། གོམ་གང་མདུན་སྤོས་ཀྱིས་ཁྲིམས་འཛིན་གྱོད་གཅོད་ཀྱི་གནད་ཆེ་ས་སྙོམ་སྒྲིག་བྱེད་དགོས་པ་དང་། བཅའ་ཁྲིམས་ཀྱི་ལྟ་སྐུལ་ཤུགས་ཆེ་རུ་གཏོང་དགོས་ལ། ཁྲིམས་ལྟར་དཔལ་འབྱོར་ཉིད་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུ་འགན་ལེན་བྱེད་དགོས།

  དང་པོ། ཚོང་རའི་དཔལ་འབྱོར་གྱི་སྒྲིག་ལམ་ལ་གཏོར་བརླག་བྱེད་པའི་ཉེས་གསོག་ལ་བློ་ཐག་རྦད་ཆོད་ཀྱིས་རྡུང་རྡེག་བྱེད་དགོས། དཔལ་འབྱོར་ཉིད་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་བྱེད་དགོས་ན་ཐོག་མར་ཁྲིམས་ལྟར་བློ་ཐག་རྦད་ཆོད་ཀྱིས་དཔལ་འབྱོར་གྱི་ཉེས་གསོག་སྣ་ཚོགས་ལ་ཆད་གཅོད་བཅོས་སྐྱོང་བྱེད་དགོས། མིག་སྔར་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བ་སོགས་མི་མང་ལ་ཐུག་པ་ཅན་དང་། མི་ཚོགས་རང་བཞིན་གྱི་དོན་རྐྱེན་དང་། དྲག་ཤུགས་ཀྱི་གྱོད་དོན། མཐར་བསྐྱལ་དོན་རྐྱེན་བཅས་སློང་སླ་བའི་དཔལ་འབྱོར་གྱི་ཉེས་གསོག་གཞན་དག་ལ་གཙིགས་ཆེན་གྱིས་ཏེ་རྡུང་རྡེག་བྱས་ཏེ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་པ་དང་། གབ་གནས་དངུལ་ཁང་དང་། བུན་གཡོ་ལེན་བྱེད་པ། སྐྱེད་མཐོའི་བུན་གཏོང་བ། དངུལ་ལོར་རྫུན་བཟོ་བྱེད་པ་སོགས་ཀྱི་ཉེས་གསོག་ལ་གཙིགས་ཆེན་གྱིས་རྡུང་རྡེག་བྱས་ནས། དངུལ་རྩའི་དོ་དམ་གྱི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས་པ། ནང་འདུན་ཉོ་འཚོང་དང་། སྒྲོག་སྦྱངས་མ་བྱས་པའི་ཆ་འཕྲིན་སྤྱད་དེ་ཉོ་འཚོང་བྱེད་པ། དངུལ་འཛིན་དང་དུས་ཚོང་གི་ཚོང་ར་ཁ་ལོ་སྒྱུར་བ་སོགས་དངུལ་འཛིན་དུས་ཚོང་གི་ཉེས་གསོག་ལ་གཙིགས་ཆེན་གྱིས་རྡུང་རྡེག་བྱས་ནས། མ་དངུལ་གྱི་ཚོང་རའི་སྒྲིག་ལམ་དང་དངུལ་རྩའི་བདེ་འཇགས་སྲུང་སྐྱོང་བྱེད་དགོས་པ། ཕྱིར་གཏོང་ཁྲལ་སློག་གཡོ་ལེན་བྱེད་པ་དང་། རིན་འཕར་ཆེད་སྤྱོད་འཛིན་ཡིག་གཡོ་འབྲི་བྱེད་པ་སོགས་ཁྲལ་འབྲེལ་ཉེས་གསོག་ལ་གཙིགས་ཆེན་གྱིས་རྡུང་རྡེག་བྱས་ནས། རྒྱལ་ཁབ་ཀྱི་ནོར་སྲིད་དང་ཁྲལ་བསྡུའི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས་པ། གན་རྒྱའི་མགོ་སྐོར་དང་ཁྲིམས་འགལ་གྱི་ཚོང་གཉེར་ཚོང་རའི་སྒྲིག་ལམ་ལ་བར་ཆད་གཏོང་བའི་ཉེས་གསོག་ལ་གཙིགས་ཆེན་གྱིས་རྡུང་རྡེག་བྱས་ནས། སྐྱོན་བྲལ་གྱི་ཚོང་རའི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས་པ། ཤེས་བྱའི་རྒྱུ་དབང་ལ་བཙན་གནོད་བྱེད་པ་དང་རྫུན་རྫུས་ངན་གསུམ་གྱི་ཚོང་རྫས་ཐོན་སྐྱེད་དང་འཚོང་བའི་ཉེས་གསོག་ལ་གཙིགས་ཆེན་གྱིས་རྡུང་རྡེག་བྱས་ནས། གསར་གཏོད་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་བྱེད་པའི་འཐབ་ཇུས་གཏིང་ཟབ་མོར་དོན་འཁྱོལ་ཡོང་རྒྱུ་འགན་སྲུང་བྱེད་དགོས་པ། ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བྱེད་པའི་ཉེས་གསོག་ལ་གཙིགས་ཆེན་གྱིས་རྡུང་རྡེག་བྱས་ནས། ཁོར་ཡུག་ཐད་ཀྱི་ཁྲིམས་འཛིན་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་རྒྱུ་སྐུལ་སྤེལ་བྱེད་དགོས་པ་བཅས་ཡིན། དཔལ་འབྱོར་ཐད་ཀྱི་ཉེས་གསོག་ལ་རྡུང་རྡེག་བྱེད་པའི་ཕྱོགས་སུ། སྤྱི་བདེ་ལས་ཁུངས་དང་། མི་དམངས་ཁྲིམས་ཁང་ལ་ལས་སྣ་སྦྲེལ་མཐུད་དང་རོགས་འདེགས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས། ཁྲིམས་ལྟར་འཛིན་བཟུང་ཆོག་མཆན་སྤྲོད་པ་དང་ཞུ་གཏུགས་བྱེད་པའི་འགན་ནུས་ཤུགས་ཆེ་རུ་གཏོང་དགོས་པར་མ་ཟད། ད་དུང་གྱོད་ཐོ་འགོད་པའི་ལྟ་སྐུལ་དང་འདྲི་གཅོད་བྱེད་པའི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས། དཔལ་འབྱོར་ཁྱབ་ཁོངས་ཀྱི་ཉེས་གསོག་ལ་ཞིབ་འཇུག་ཟབ་མོ་བྱེད་རྒྱུར་མཐོང་ཆེན་བྱས་ཏེ། ཆེད་ལས་ཅན་གྱི་འཛུགས་སྐྲུན་དང་བྱང་ཚད་དང་འཇོན་ཐང་གི་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་དགོས།

  གཉིས་པ། རྒྱལ་དབང་ཁེ་ལས་དང་དམངས་གཉེར་ཁེ་ལས་སོགས་ཚོང་རའི་བྱེད་པོ་ཁག་གི་ཁྲིམས་མཐུན་གྱི་ཁེ་དབང་འདྲ་མཉམ་སྒོས་སྲུང་སྐྱོབ་བྱས་ཏེ། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་ནི་ངོ་བོའི་སྟེང་ནས་བཤད་ན་ཁྲིམས་སྐྱོང་གི་དཔལ་འབྱོར་ཡིན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་དྲང་སྙོམ་ངང་འགྲན་རྩོད་བྱེད་རྒྱུ་དེ་གཞི་རྩར་གྱུར་པའི་ཁྲིད་ཕྱོགས་ཤིག་ལ་བརྩིས་ཏེ། དྲང་སྙོམ་ཉིད་སྲོག་ཤིང་རྩ་དོན་ཡིན་པའི་ཐོན་དབང་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་བཟོས་ནས་དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་རང་བྱུང་སྐྱེ་བོའི་རྒྱུ་དབང་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། ཞིང་དཔྱོད་ལས་ཁུངས་ནས་ནན་ཏན་གྱིས་ཀྲུང་དབྱང་གི་བླང་བྱ་ལག་བསྟར་བྱས་ཏེ། ཁྲིམས་འཛིན་གྱོད་གཅོད་ཀྱི་ཁྲོད་དུ་ཅི་ལྟར་བྱས་ནས་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་རྒྱུ་དབང་ལ་བཙན་གནོད་བྱེད་མི་རུང་བ་དང་། སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་གྱི་རྒྱུ་དབང་ལ་ཡང་དེ་བཞིན་དུ་བཙན་གནོད་བྱེད་མི་རུང་བའི་རྩ་དོན་ལག་བསྟར་བྱེད་རྒྱུར་བསམ་བློ་གཏོང་དགོས་པ་དང་། ཚོང་རའི་བྱེད་པོ་སྣ་ཚོགས་ལ་གཅིག་གྱུར་དང་། སྒོ་འབྱེད། འགྲན་རྩོད་ལུགས་ལྡན་བཅས་ཅན་གྱི་ཚོང་རའི་ཁོར་ཡུག་ཅིག་གསར་སྐྲུན་བྱེད་དགོས་ལ། ཚོང་རའི་སྐྱེ་སྟོབས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་ཆེ་རུ་གཏོང་བར་སྐུལ་འདེད་བྱེད་དགོས།

  རྒྱལ་དབང་ཁེ་ལས་ཀྱི་བསྒྱུར་བཅོས་དང་དང་གོང་འཕེལ་ལ་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་པའི་ཕྱོགས་སུ། འགག་རྩ་ནི་ཁྲིམས་ལྟར་རྒྱལ་དབང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་བྱེད་རྒྱུ་དེ་རེད། ད་ལོའི་ཟླ་8པའི་ཚེས་24ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《རྒྱལ་དབང་ཁེ་ལས་བསྒྱུར་བཅོས་བྱེད་ཕྱོགས་སྐོར་གྱི་མཛུབ་སྟོན་བསམ་འཆར་》ཞེས་པ་སྤེལ་ཡོད་པ་དང་། ཟླ་9པའི་ཚེས་23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སླར་ཡང་《རྒྱལ་དབང་ཁེ་ལས་ཀྱིས་དབང་བའི་ལམ་ལུགས་བསྲེས་མའི་དཔལ་འབྱོར་གོང་སྤེལ་གཏོང་ཕྱོགས་སྐོར་གྱི་བསམ་འཆར་》ཞེས་པ་སྤེལ་ཡོད་པ་རེད། ཞིབ་དཔྱོད་ལས་ཁུངས་ཀྱིས་དེ་དོན་ནན་ཏན་གྱིས་སློབ་སྦྱོང་གིས་གོ་བ་བླངས་ནས་དེང་རབས་ཀྱི་ཁེ་ལས་ལམ་ལུགས་སྐུལ་སྤེལ་གཏོང་བ་དང་། རྒྱལ་དབང་རྒྱུ་ནོར་གྱི་དོ་དམ་སྒྲིག་སྲོལ་འཐུས་ཚང་བཟོ་བ། དབང་བའི་ལམ་ལུགས་བསྲེས་མའི་དཔལ་འབྱོར་གོང་སྤེལ་གཏོང་བ་སོགས་རྒྱལ་དབང་ཁེ་ལས་བསྒྱུར་བཅོས་བྱེད་པའི་གནད་ཚིགས་ལ་གཞིགས་ནས། ཞིབ་དཔྱོད་ཀྱི་འགན་ནུས་འཁྲི་སྒྲུབ་སྒོ་ཀུན་ནས་བྱེད་དགོས་པ་སྟེ། རྒྱལ་དབང་ཁེ་ལས་བསྒྱུར་བཅོས་བྱེད་སྐབས་དང་བསྟུན་ནས་དཔོན་ཚོང་ངན་འབྲེལ་གྱིས་སྒེར་གྱི་ཁེ་ཕན་ཟ་བ་དང་། ལས་འཛོལ་གྱིས་རྒྱལ་དབང་རྒྱུ་ནོར་གྱོང་གུད་ཚབས་ཆེན་ཤོར་དུ་འཇུག་པའི་ལས་གནས་ཀྱི་ཉེས་གསོག་ལ་ཁྲིམས་ལྟར་རྩད་ཞིབ་ཐག་གཅོད་བྱེད་དགོས་པ་དང་ལྷན་དུ། ས་གནས་ཏང་ཨུ་དང་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་ཀྱིས་ལས་གནས་ཀྱི་ཉེས་གསོག་སྔོན་འགོག་བྱེད་ཤུགས་ཆེ་རུ་གཏོང་བར་རམ་འདེགས་གང་ལེགས་དང་། འབྲེལ་ཡོད་ལས་ཁུངས་ལ་སྐུལ་མ་བཏང་ནས་ལྟ་སྐུལ་དོ་དམ་གྱི་འགན་ནུས་འཁྲི་སྒྲུབ་བྱེད་པ། བློ་ཐག་རྦད་ཆོད་ཀྱིས་རྒྱལ་དབང་རྒྱུ་ནོར་ཤོར་སའི་ལྐོག་ལམ་བཀག་འགོག་བྱེད་པ་བཅས་ཀྱང་བྱས་ཏེ། རྒྱལ་དབང་ཁེ་ལས་ཀྱི་བསྒྱུར་བཅོས་བདེ་བླག་ཡོང་རྒྱུ་འགན་སྲུང་བྱེད་དགོས།

  སྤྱི་ལ་དབང་བ་མ་ཡིན་པའི་དཔལ་འབྱོར་སྐྱོན་བྲལ་ངང་གོང་དུ་སྤེལ་བར་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་པའི་ཕྱོགས་སུ། འགག་རྩ་ནི་འདྲ་མཉམ་སྒོས་སྲུང་སྐྱོབ་བྱེད་དགོས་པའི་བླང་བྱ་དོན་འཁྱོལ་བྱེད་རྒྱུ་དང་། དྲང་སྙོམ་དྲང་བདེན་གྱི་ཁྲིམས་སྐྱོང་གི་ཁོར་ཡུག་སྐྲུན་དགོས། རིམ་པ་ཁག་གི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ལ་དབང་བ་མ་ཡིན་པའི་ཁེ་ལས་ཀྱི་བཅའ་ཁྲིམས་ཞབས་ཞུ་སྐོར་གྱི་བསམ་འཆར་ནན་ཏན་གྱིས་ཉན་ནས། མགོ་སྐོར་དང་། རྐུ་བ། ལས་གནས་ཀྱིས་བཙན་འཛིན་སོགས་སྤྱི་ལ་དབང་བ་མ་ཡིན་པའི་ཁེ་ལས་ཀྱི་ཐོན་སྐྱེད་དང་ཚོང་གཉེར་ལ་གཏོར་བརླག་བྱེད་པའི་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་ཚོང་རའི་ལྟ་སྐུལ་དོ་དམ་དང་། སྤྱི་ཚོགས་དོ་དམ། སྤྱི་པའི་ཞབས་ཞུ་སོགས་ལས་གནས་ཀྱི་སྟབས་བདེ་སྤྱད་དེ་སྤྱི་ལ་དབང་བ་མ་ཡིན་པའི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་ལས་གནས་ཉེས་གསོག་གི་གྱོད་དོན་གཅུན་དགོས། སྤྱི་ལ་དབང་བ་མ་ཡིན་པའི་ཁེ་ལས་དང་འབྲེལ་བའི་གྱོད་དོན་ཐག་གཅོད་བྱེད་དུས། ཐབས་དང་བཀོད་པར་དོ་སྣང་མི་བྱེད་པ་དང་། གང་དགར་ཁྲིམས་འཛིན་བྱེད་པ། གདམ་ག་ཡོད་པའི་ཁྲིམས་འཛིན་བྱེད་པ་སོགས་ཀྱི་གནད་དོན་བློ་ཐག་རྦད་ཆོད་ཀྱིས་བཟློག་དགོས། ཚོང་རར་ཞུགས་འཐུས་དང་ལུགས་མེད་འགྲན་རྩོད་སོགས་ལ་ཐུག་པའི་གནད་དོན་ལ་བཅའ་ཁྲིམས་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། དྲང་སྙོམ་སྒོ་འབྱེད་ཡོངས་གྲགས་བཅས་ཡིན་པའི་ཚོང་རའི་སྒྲིག་ལམ་འཛུགས་པར་སྐུལ་འདེད་གཏོང་དགོས།

  གསུམ་པ། སྤྱི་པའི་བདེ་འཇགས་འགན་སྲུང་བྱེད་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་སྤྱི་ཁོག་གི་ནང་དུ་བཞག་སྟེ་བཀོད་པ་གཏོང་དགོས། སྤྱི་པའི་བདེ་འཇགས་སྐོར་གྱི་དོན་རྐྱེན་གྱིས་མི་དམངས་མང་ཚོགས་ཀྱི་བདེ་འཇགས་བསམ་པ་ལ་ཤན་ཤུགས་ཚབས་ཆེན་ཐེབས་ཀྱི་ཡོད་པར་མ་ཟད། དཔལ་འབྱོར་ཉིད་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་ཡང་ཤན་ཤུགས་ཚབས་ཆེན་ཐེབས་ཀྱི་ཡོད། ཏང་ཀྲུང་དབྱང་གིས་སྤྱི་པའི་བདེ་འཇགས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག བདེ་འཇགས་ཐོན་སྐྱེད་ཀྱི་འདུ་ཤེས་བརྟན་པོར་བསྐྱེད་དེ་མི་དམངས་ཀྱི་ཁེ་ཕན་དེ་གནས་དང་པོར་འཇོག་དགོས་པ་དང་། སྤྱི་པའི་བདེ་འཇགས་ཀྱི་མ་ལག་འཐུས་ཚང་བཟོ་དགོས་ཞེས་གསལ་སྟོན་བྱས་ཡོད། ད་ལོའི་ཟླ་9པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་པའི་བདེ་འཇགས་ལས་ཀའི་སྐོར་ལ་ཆེད་མངག་མཛུབ་སྟོན་གལ་ཆེན་གནང་ནས། སྤྱི་པའི་བདེ་འཇགས་ལས་ཀ་ཉིད་དཔལ་འབྱོར་དང་སྤྱི་གོང་དུ་སྤེལ་བའི་སྤྱི་ཁོག་གི་ནང་དུ་བཞག་ནས་བཀོད་པ་གཏོང་དགོས་པའི་བླང་བྱ་བཏོན་གནང་ཡོད། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བློ་མཐུན་མེང་ཅན་ཀྲུའུ་ཡིས་རྒྱལ་ཡོངས་ཀྱི་སྤྱི་ཚོགས་བདེ་སྐྱོང་གི་འགོག་ཟོན་མ་ལག་འཛུགས་སྐྲུན་བྱེད་པའི་ལས་ཀའི་ཚོགས་འདུའི་སྟེང་དུ་སྤྱི་པའི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བའི་ཐད་དུ་བཀོད་སྒྲིག་མཛད་ཡོད། རིམ་པ་ཁག་གི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཀྲུང་དབྱང་གི་བླང་བྱ་ལག་བསྟར་ནན་ཏན་བྱས་ཏེ། ཧུར་བརྩོན་གྱིས་སྤྱི་པའི་བདེ་འཇགས་མ་ལག་འཛུགས་སྐྲུན་ལ་ཐེ་ཞུགས་བྱས་ནས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་སྲུང་སྐྱོབ་གནད་ལ་འཁེལ་བ་བྱེད་དགོས། མིག་སྔར། ཐོན་སྐྱེད་བདེ་འཇགས་ཁྲིམས་ལྟར་འགན་སྲུང་དང་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་ལས་ཁུངས་ཀྱིས་“ཁྲིམས་མེད་ལ་རྡུང་རྡེག་དང་ཁྲིམས་འགལ་བཅོས་སྐྱོང་བྱེད་པའི་”ཆེད་དོན་བྱ་སྤྱོད་ལ་རམ་འདེགས་བྱས་ནས། བདེ་འཇགས་ཐོན་སྐྱེད་ལ་གནོད་འཚེ་གཏོང་བའི་ཉེས་དོན་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་དགོས། སྤྱི་བདེ་དང་འགྲིམ་འགྲུལ་དང་བདེ་སྐུལ་སོགས་ལས་ཁུངས་དང་རང་འགུལ་གྱིས་སྤེལ་རེས་བྱེད་པར་ཤུགས་བསྣན་ནས། འགྲོས་གཅིག་གིས་བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་ལ་བརྟག་དཔྱད་བྱེད་པའི་ལམ་ལུགས་འཐུས་ཚང་བཟོ་དགོས་པ་དང་། དོན་རྐྱེན་གྱི་བག་ལ་གབ་པའི་ལས་འཛོལ་ཤོར་བ་སོགས་ཉེས་གསོག་རྩད་ཞིབ་དང་ཐག་གཅོད་མཐར་ཕྱིན་པ་བྱེད་དགོས།

  དཔལ་འབྱོར་ཁྱབ་ཁོངས་ཀྱི་ལས་གནས་ཉེས་གསོག་རྩད་ཞིབ་ཐག་གཅོད་བྱ་རྒྱུར་དེ་བས་དོ་སྣང་བྱེད་དགོས།

  མིག་སྔར། དཔལ་འབྱོར་ཁྱབ་ཁོངས་ཀྱི་ལས་གནས་ཉེས་གསོག་ནི་སྔར་བཞིན་འབྱུང་སླ་ལ་འབྱུང་མང་བ་དང་། དབང་ཆ་གཅིག་བསྡུས་དང་། མ་དངུལ་གཅིག་བསྡུས། ཐོན་ཁུངས་དཀོན་པོ། འགྲན་རྩོད་ཛ་དྲག ལྟ་སྐུལ་ཞན་པོ་བཅས་ཅན་གྱི་ལས་རིགས་དང་ཁྱབ་ཁོངས་དག་རིམ་གྱིས་འབྱུང་ཤུགས་ཆེ་ས་ཆགས་བཞིན་ཡོད། དཔལ་འབྱོར་ཁྱབ་ཁོངས་ཀྱི་ལས་གནས་ཉེས་གསོག་ལ་ཆད་པ་ནན་མོ་གཅོད་པ་དང་སྔོན་ཟོན་ཡག་པོ་བྱ་རྒྱུ་དེ་ནི་དཔལ་འབྱོར་ཉིད་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་འགན་སྲུང་བྱེད་རྒྱུར་ཆ་མཚོན་ན་ནུས་པ་ཧ་ཅང་གལ་ཆེན་པོ་ལྡན་ཡོད་པ་རེད། ད་ལོའི་ཟླ་8པའི་ཚེས་19ཉིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་《ལས་གནས་ཉེས་གསོག་རྩད་གཅོད་དང་སྔོན་ཟོན་བྱེད་པའི་ཞིབ་དཔྱོད་ལས་ཁུངས་ཀྱིས་ནུས་པ་གོམ་གང་མདུན་སྤོས་ཀྱིས་འདོན་སྤེལ་བྱེད་དགོས་པ་དང་། དཔལ་འབྱོར་གོང་འཕེལ་གྱི་རྒྱུན་རྣམ་གསར་པ་ལ་ཞབས་ཞུ་ཧུར་ཐག་དང་དོན་ལྡན་བྱེད་དགོས་པའི་སྐོར་གྱི་བསམ་འཆར་》ཞེས་པ་སྤེལ་ཡོད། རིམ་པ་ཁག་གི་ཞིབ་དཔྱོད་ལས་ཁུངས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱེད་དགོས།

  དང་པོ། དཔལ་འབྱོར་ཁྱབ་ཁོངས་ཀྱི་ལས་གནས་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་དགོས། དཔལ་འབྱོར་གོང་འཕེལ་གྱི་རྒྱུན་རྣམ་གསར་པའི་ནང་བྱུང་བའི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ལ་ཞིབ་འཇུག་གཏིང་ཟབ་མོ་བྱས་ཏེ། དཔལ་འབྱོར་གོང་འཕེལ་ཡོང་བའི་ཁོར་ཡུག་ལ་གནོད་འཚེ་གཏོང་བ་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་སྲིད་ཇུས་གནད་ཆེན་ལག་བསྟར་བྱེད་པར་ཤན་ཤུགས་བཟོ་བའི་ལས་གནས་ཀྱི་ཉེས་གསོག་ཚབས་ཆེན་ལ་ཁྲིམས་ལྟར་རྡུང་རྡེག་བྱེད་དགོས། ལྷག་པར་དུ་རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་གྱི་འཐབ་ཇུས་གནད་ཆེན་ལག་བསྟར་བྱེད་པར་འགོག་རྐྱེན་བཟོ་བ་དང་། བསྒྱུར་བཅོས་ཐབས་བཀོད་གནད་ཆེན་ལག་བསྟར་བྱེད་པར་ཤན་ཤུགས་བཟོ་བ། ཚོང་རའི་དཔལ་འབྱོར་གྱི་སྒྲིག་ལམ་ལ་གཏོར་བརླག་བྱེད་པ། མི་དམངས་ཀྱི་འཚོ་བ་དང་ཁེ་ཕན་ལ་གནོད་འཚེ་གཏོང་བ་བཅས་ཀྱི་ལས་གནས་ཉེས་གསོག་རྩད་ཞིབ་དང་ཐག་གཅོད་ནན་པོ་བྱེད་དགོས། རྒྱལ་ཁབ་ཀྱི་མ་རྩ་འཇོག་པའི་ཁྱབ་ཁོངས་གནད་ཆེན་དུས་ཐོག་ཏུ་རྗེས་སྙེག་བྱས་ཏེ། ཚོང་འགུག་ཚོང་ལེན་དང་། གྲོན་དངུལ་རྩིས་སྤྲོད་དང་དོ་དམ་བེད་སྤྱོད། སྲིད་གཞུང་གི་ཉོ་སྒྲུབ་སོགས་གནད་ཆེའི་ཆ་དང་འགག་རྩའི་ལྷུ་ཚིགས་དམ་པོར་ཟིན་དགོས་པ་དང་། རྒྱལ་ཁབ་ཀྱི་མ་རྩ་འཇོག་སྒོའི་གྲོན་དངུལ་ཧམ་ཟ་དང་། རྐུ་ཟ། གཡོ་ཟ། སྤོ་སྤྱོད་བཅས་བྱེད་པ་དང་། དེ་བཞིན་ལས་འཛོལ་ཤོར་ནས་རྒྱལ་ཁབ་ལ་དཔལ་འབྱོར་གྱི་གྱོང་གུན་ཚབས་ཆེན་བཟོ་བའི་ཉེས་གསོག་ལ་བློ་ཐག་རྦད་ཆོད་ཀྱིས་ཆད་པ་གཅོད་དགོས་ལ། སྲིད་གཞུང་གི་མ་རྩའི་བདེ་འཇགས་འགན་སྲུང་བྱེད་དགོས།

  གཉིས་པ། ལས་གནས་ཉེས་གསོག་འགོག་ཟོན་བྱེད་པ་དེས་དཔལ་འབྱོར་ཉིད་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་བའི་ནང་དུ་ཐོན་པའི་ནུས་པ་ཆེན་པོ་སྒོ་ཀུན་ནས་འདོན་སྤེལ་བྱེད་དགོས། དཔལ་འབྱོར་ཁྱབ་ཁོངས་ཀྱི་ལས་གནས་ཉེས་གསོག་ལ་གནོད་འཚེ་ཆེན་པོ་ལྡན་ཡོད་པ་དང་། ལས་གནས་ཉེས་གསོག་འགོག་ཟོན་བྱེད་པ་དེ་ཡང་ཐོན་སྐྱེད་ནུས་ཤུགས་ཡིན། ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་འཛིན་གྱོད་གཅོད་ལ་ཟུང་འབྲེལ་དམ་པོ་བྱས་ཏེ། ལས་གནས་ཉེས་གསོག་འགོག་ཟོན་བྱེད་རྒྱུ་དེ་སྔར་ལས་གལ་ཆེ་སར་བཞག་ནས་འཛིན་དགོས། དཔལ་འབྱོར་གོང་སྤེལ་གྱི་འཐབ་ཇུས་གནད་ཆེན་དང་མ་རྩ་འཇོག་པའི་ལས་གཞི་གནད་ཆེན་ལ་ཉེ་བར་གཞིགས་ནས་འགོག་ཟོན་བྱེད་དགོས་པ་དང་། དཔལ་འབྱོར་དོ་དམ་ལས་ཁུངས་དང་ལྷག་པར་དུ་སྤྱི་ཁོག་གི་དཔལ་འབྱོར་སྲིད་ཇུས་གཏན་འབེབས་དང་དོ་དམ་དང་། ཚོང་ར་སྙོམ་སྒྲིག སྤྱི་པའི་ཞབས་ཞུ་སོགས་ཀྱི་ཕྲག་འགན་འཁུར་མཁན་ལས་ཁུངས་ལ་ཉེ་བར་གཏུགས་ནས་འགོག་ཟོན་བྱེད་དགོས་ལ། རྒྱལ་གཉེར་ཁེ་ལས་ཀྱི་ཐོན་སྐྱེད་དང་ཚོང་གཉེར་བྱེད་སྒོ་ལ་ཉེ་བར་དམིགས་ནས་འགོག་ཟོན་བྱེད་དགོས། འགོག་ཟོན་གྱི་ཐབས་དང་བཀོད་པ་གསར་གཏོད་བྱས་ཏེ། འགོག་ཟོན་གྱི་ཞིབ་དཔྱོད་གྲོས་འགོ་འདོན་པ་དང་། ཆེད་དོན་སྙན་སེང་སྒྲོག་པ་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་སུ་སྤྱོད་པ་དང་། སྒྲིག་ལམ་དང་ལམ་ལུགས་འཛུགས་པ་དང་། འཐུས་ཤོར་བྱུང་ས་སྐོང་བ། ནང་ཁུལ་གྱི་དོ་དམ་ལམ་སྲོལ་འཐུས་ཚང་བཟོ་བ་བཅས་ལ་རོགས་རམ་བྱེད་པའི་ཐོག་ནས། དཔལ་འབྱོར་ཁྱབ་ཁོངས་ཀྱི་ལས་གནས་ཉེས་གསོག་དེ་མགོ་ཁུངས་སུ་ཉུང་འཕྲི་གཏོང་དགོས་པ་དང་། བྱས་ཉེས་བསགས་པའི་དབང་གིས་རྩད་གཅོད་དང་ཐག་གཅོད་བྱེད་ཁོངས་སུ་ཚུད་པ་དེ་དངོས་འབྲེལ་ཧ་ཅང་ཉུང་ཤས་སུ་ཆགས་པར་བྱེད་དགོས།

  གསུམ་པ། བཅའ་ཁྲིམས་དང་སྲིད་ཇུས་ཀྱི་མཐའ་གསལ་འབྱེད་དང་། གུ་ཡངས་དང་གཟབ་ནན་གང་འཚམ་སྤྱོད་པའི་སྲིད་ཇུས་ཡང་དག་པར་བེད་སྤྱོད་བྱས་ཏེ། གྱོད་གཅོད་བྱེད་པའི་ཐབས་དང་བཀོད་པ་ལེགས་བཅོས་གནད་འཁེལ་བྱེད་དགོས། རིམ་པ་ཁག་གི་ཞིབ་དཔྱོད་ལས་ཁུངས་ཀྱིས་གྱོད་ཐག་གཅོད་རིང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་“བསྒྱུར་བཅོས་ཚོད་ལྟ་བྱེད་གནས་གནད་ཆེན་གྱི་ལས་ཀར་ཤུགས་སྣོན་བརྒྱབ་ནས་དུས་ཐོག་ཏུ་ཉམས་མྱོང་སྤྱི་བསྡོམས་བྱེད་དགོས་པ་དང་། བསྒྱུར་བཅོས་ཀྱི་ནོར་འཛོལ་བཟོད་སྒོམ་བྱེད་དགོས་”ཞེས་པའི་དགོངས་དོན་གནད་ལ་འཁེལ་བར་གོ་བ་དང་གདེང་ཚོད་བླངས་ཏེ། བསྒྱུར་བཅོས་དང་འཚོལ་ཞིབ་བྱེད་རིང་བྱུང་བའི་ནོར་འཛོལ་ལ་ཁ་གཏད་གཟབ་ནན་འཇལ་དགོས་པ་དང་། གཟབ་ནན་གྱིས་བྱས་ཉེས་ཡིན་མིན་གྱི་མཐའ་གསལ་པོར་འབྱེད་དགོས། དེ་ཡང་བསྒྱུར་བཅོས་བྱེད་རིང་བྱུང་བའི་གནས་ཚུལ་གསར་པ་ཡིན་ནམ། ཡང་ན་བསྒྱུར་བཅོས་ཀྱི་སྐབས་གླགས་ལ་བསྟུན་ནས་རྒྱལ་ཁབ་དང་ཐུན་མོང་གི་ཁེ་ཕན་ཟ་བ་ཡིན་པ་དང་། བཅའ་ཁྲིམས་དང་སྲིད་ཇུས་འཐུས་ཤོར་བྱུང་ནས་བསྐྱེད་པའི་ཁྲིམས་འགལ་ལུགས་འགལ་དང་ལས་རིགས་ཀྱི་ཚུལ་མིན་སྤྱོད་པ་ཡིན་ནམ། ཡང་ན་ལྐོག་ཟ་བརྔན་ལེན་དང་ལས་འཛོལ་ལས་ཉེས་ཡིན་ནམ། ཚོང་གཉེར་དོ་དམ་འཐུས་ཤོར་བྱུང་ནས་བཟོས་པའི་གྱོང་གུན་ཡིན་ནམ་ཡང་ན་སྤྱི་གནོད་སྒེར་ཕན་དང་དབང་རྒྱུའི་ཉོ་འཚོང་ཡིན་ནམ། ལས་ཀ་མ་འཇོན་པ་ཡིན་ནམ་ཡང་ན་ལས་ཀ་མ་སྒྲུབ་པ་ཡིན་ནམ། ལས་ཁུངས་ཀྱི་ཁྲིམས་འགལ་ལུགས་འགལ་ཡིན་ནམ་ཡང་ན་མི་སྒེར་གྱི་བྱས་ཉེས་ཡིན་པ་སོགས་ཤན་འབྱེད་གསལ་པོ་བྱས་ཏེ། ཁྲིམས་ལྟར་བྱས་ཉེས་གསོག་མཁན་ལ་ཆད་གཅོད་དང་། བསྒྱུར་བཅོས་བྱེད་མཁན་ལ་རྒྱབ་སྐྱོར། ལས་འབྱེད་བྱེད་མཁན་ལ་སྲུང་སྐྱོབ། ནོར་འཛོལ་ཤོར་མཁན་ལ་སློབ་གསོ་བཅས་བྱེད་དགོས། བཅའ་ཁྲིམས་དང་སྲིད་ཇུས་ཀྱི་མཐའ་གསལ་པོ་མེད་པ་དང་བྱས་ཉེས་ཡིན་མིན་གྱི་མཐའ་གསལ་པོ་མེད་རིགས་དང་། ལྷག་པར་དུ་ལས་འཛོལ་གྱི་བྱས་ཉེས་ལ་འབྲེལ་རིགས་ཡིན་ན་གཟབ་ནན་དང་འོས་འཚམ་སྒོས་ཐག་གཅོད་བྱེད་དགོས་ལ། དགོས་པ་ཡོད་ན་འབྲེལ་ཡོད་ལས་རིགས་གཙོ་སྐྱོང་མཁན་དང་ལྟ་སྐུལ་དོ་དམ་ཚན་པའི་བསམ་འཆར་ཉན་དགོས། དེ་དང་ལྷན་དུ་བཅའ་ཁྲིམས་ལག་བསྟར་བྱེད་པ་དང་ཉེས་དོན་སྲིད་ཇུས་ལག་བསྟར་བྱེད་པ་གཉིས་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་དོ་དམ་ཚན་པའམ་ཁེ་ལས་ཀྱི་ནང་དུ་གྱོད་འབྲེལ་མི་འབོར་མང་བའི་ལས་གནས་ཀྱི་ཉེས་གསོག་གང་དེ་ཚོགས་གྱོད་དང་འགབ་གྱོད་ཡིན་ན། ལས་གནས་ཀྱི་རིམ་པ་མཐོ་བ་དང་། རང་སྣང་གི་གནག་ཚབས་ཆེ་བ། གྱོད་འབྲེལ་དངུལ་འབོར་ཆེ་བ། ཉེས་གསོག་གི་གནས་ཚབས་ཆེ་བ་བཅས་ཀྱི་ཉེས་ཅན་གཙོ་གནད་དུ་བཟུང་ནས་ཆད་པ་གཅོད་དགོས། གྱོད་འབྲེལ་དངུལ་འབོར་མི་ཆེ་བ་དང་། གནས་ཚབས་ཆུང་ལ་ཡང་བ། འགྱོད་བཤགས་ཀྱི་བསམ་པ་དྲང་བ་བཅས་ཡིན་རིགས་ནི། དུས་ཐོག་ཏུ་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་བཤེར་ལས་ཁུངས་སམ་ཡང་ན་ལས་རིགས་གཙོ་སྐྱོང་དང་ལྟ་སྐུལ་ལས་ཁུངས་ལ་སྤོ་སྐྱེལ་བྱས་ནས་ཐག་གཅོད་བྱེད་དུ་འཇུག་དགོས།

  གྱོད་གཅོད་བྱེད་རིང་ད་དུང་ཐབས་དང་བཀོད་པ་ལེགས་བཅོས་བྱེད་རྒྱུར་དེ་བས་དོ་སྣང་བྱེད་དགོས། དཔལ་འབྱོར་མར་ཆག་པའི་གནོན་ཤུགས་ཇི་ལྟར་ཆེ་རུ་སོང་ན་གྱོད་ཐག་གཅོད་པ་དེས་དཔལ་འབྱོར་གོང་འཕེལ་ལ་ཐེབས་སྲིད་པའི་ངན་ཕྱོགས་ཀྱི་ཤུགས་རྐྱེན་ལ་དེ་ལྟར་སྔོན་ཟོན་བྱེད་དགོས་པ་དང་། རྗེས་དཔག་འཇམ་མཐུན་ཚུལ་ལྡན་ཚད་ལྡན་བཞི་ལྡན་གྱིས་ཁྲིམས་འཛིན་བྱེད་རྒྱུ་དེ་ལྟར་རྒྱུན་འཁྱོངས་བྱེད་དགོས་པ་རེད། རིམ་པ་ཁག་གི་ཞིབ་དཔྱོད་ལས་ཁུངས་ཀྱིས་ངེས་པར་དུ་དེ་བས་ནན་ཏན་གྱིས་གྱོད་དོན་རྩད་ཞིབ་ཐག་གཅོད་ཟབ་མོ་བྱེད་རྒྱུ་དང་རང་སྟེང་གི་ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་བཟོ་རྒྱུ་གཉིས་ཀར་གཙིགས་ཆེན་དང་། བཙན་ཤུགས་ཀྱི་ཐབས་དང་མྱུལ་ཞིབ་ཀྱི་ཐབས་སྤྱོད་རྒྱུ་དང་ཁེ་ལས་ཀྱི་རྒྱུན་ལྡན་ཚོང་གཉེར་སྒྲིག་ལམ་དང་ཁྲིམས་མཐུན་ཁེ་དབང་སྲོང་སྐྱོང་བྱེད་རྒྱུ་གཉིས་ཀར་གཙིགས་ཆེན། དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་དང་ལས་གནས་ཀྱི་ཉེས་གསོག་ལ་ཆད་པ་གཅོད་རྒྱུ་དང་དཔལ་འབྱོར་གྱི་གྱོང་གུན་སོར་ཆུད་བྱེད་རྒྱུ་གཉིས་ཀར་གཙིགས་ཆེན། གཟབ་ནན་དྲང་སྙོམ་སྤྱོད་གཙང་གིས་ཁྲིམས་འཛིན་བྱེད་རྒྱུ་དང་རྗེས་དཔག་འཇམ་མཐུན་ཚུལ་ལྡན་ཚད་ལྡན་བཞི་ལྡན་གྱིས་ཁྲིམས་འཛིན་བྱེད་རྒྱུ་གཉིས་ཀར་གཙིགས་ཆེན་བཅས་བྱེད་དགོས་པ་དང་། མུ་མཐུད་ནས་ཚད་ལྡན་སྒོས་ཁྲིམས་འཛིན་བྱེད་པའི་ཆེད་དོན་བཅོས་སྐྱོང་ལས་ཀ་ཟབ་སྤེལ་བྱས་ཏེ། རང་སྟེང་གི་ཁྲིམས་འཛིན་ཚད་ལྡན་མིན་པའི་གནད་དོན་འབུར་ཐོན་ཅན་རྩད་ཞིབ་ཐག་གཅོད་དང་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས་ཐོག དོན་ངོ་མའི་ཐོག་ནས་དཔལ་འབྱོར་ཉིད་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུ་འགན་སྲུང་བྱེད་པའི་ནང་དུ་ཞིབ་དཔྱོད་ལས་ཁུངས་ལ་སྤྱི་པའི་ཡིད་རྟོན་ཐོབ་ཤུགས་ཆེ་རུ་གཏོང་དགོས།

  (རྩོམ་པ་པོ་ནི་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུའི་ཧྲུའུ་ཅི་དང་ཞིབ་དཔྱོད་དཔོན་པོ་ཡིན།)

2016ལོའི་དུས་དེབ་དང་བོ།

  རྟ་རྡོས་བསྒྱུར།