རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་གཏན་འབེབས་བྱེད་པའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་གཞི།(གཉིས་པ།)

ལྔ། ཡོང་འབབ་ཀྱི་ཧེ་བག་ཆུང་དུ་གཏོང་དགོས། གྲོང་མིའི་ཡོང་འབབ་འཕར་བ་དེ་དཔལ་འབྱོར་འཕར་བ་དང་དུས་མཉམ་དང་། ངལ་རྩོལ་ཐོབ་ཆ་མཐོ་རུ་གཏོང་བ་དེ་ངལ་རྩོལ་ཐོན་སྐྱེད་བྱེད་ཚད་མང་དུ་གཏོང་བ་དང་དུས་མཉམ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཡོང་འབབ་རྒྱུན་མཐུད་ངང་འཕར་སྣོན་བྱ་དགོས། རྒྱལ་དམངས་ཡོང་འབབ་ཀྱི་བགོ་བཤའ་རྒྱག་སྟངས་སྙོམ་སྒྲིག་བྱེད་པ་དང་། ཐོག་མའི་བགོ་བཤའ་རྒྱག་སྟངས་ཚད་ལྡན་བཟོས་ནས། སླར་ཡང་བགོ་བཤའ་རྒྱག་པའི་མཐུན་སྦྱོར་ནུས་ཤུགས་ཆེར་བསྐྱེད་དགོས།

  ཚན་རིག་དང་མཐུན་པའི་གླ་ཕོགས་ཚད་གཞི་གཏན་འཁེལ་གྱི་ལམ་སྲོལ་དང་། རྒྱུན་ལྡན་འཕར་སྣོན་གྱི་ལམ་སྲོལ། གཏོང་སྤྲོད་འགན་ལེན་གྱི་ལམ་སྲོལ་བཅས་འཐུས་ཚང་བཟོ་བ་དང་། ཁེ་ལས་ཀྱི་གླ་ཕོགས་ཐུན་མོང་གིས་གྲོས་མོལ་བྱེད་པའི་ལམ་ལུགས་ཁྱབ་སྤེལ་གཏོང་དགོས། མ་མཐའི་གླ་ཕོགས་འཕར་བའི་ལམ་སྲོལ་འཐུས་ཚང་བཟོ་བ་དང་། ཁྲོམ་རའི་གདེང་འཇོག་གི་རྒྱུ་རྐྱེན་ལྟར་སྐྱེས་སུ་འབུལ་བ་དང་སྐྱེས་སུ་ཕུལ་བ་ཚད་གཞིར་བཟུང་ནས་བགོ་བཤའ་རྒྱག་པའི་ལམ་སྲོལ་འཐུས་ཚང་བཟོ་བ་དང་། ལས་ཁུངས་ལས་དོན་སྡེ་ཁག་གི་ཁྱད་ཆོས་དང་མཐུན་པའི་གླ་ཕོགས་ལམ་ལུགས་འཐུས་ཚང་བཟོ་བ་བཅས་བྱ་དགོས།

  ཡོང་འབབ་ཀྱི་ཧེ་བག་ཆུང་དུ་གཏོང་བར་ཕན་པའི་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཡོང་འབབ་དམའ་བའི་ངལ་རྩོལ་བའི་ཡོང་འབབ་མངོན་གསལ་མཐོར་འདེགས་གཏོང་བ་དང་། ཡོང་འབབ་འབྲིང་བའི་བསྡུར་ཚད་ཆེར་བསྐྱེད་དགོས། ཕྱོགས་བསྡུས་དང་རིགས་དབྱེ་ཟུང་འབྲེལ་གྱི་ལམ་ནས་མི་སྒེར་གྱི་ཐོབ་ཁྲལ་ལམ་ལུགས་གང་མགྱོགས་གསར་འཛུགས་བྱ་དགོས། ཐབས་ལམ་སྣ་མང་གི་སྒོ་ནས་སྡོད་དམངས་ཀྱི་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་འཕར་སྣོན་བྱ་དགོས། ཡོང་འབབ་བགོ་བཤའ་རྒྱག་པའི་སྒྲིག་ལམ་ཚད་ལྡན་བཟོ་བ་དང་། ཁྲིམས་མཐུན་གྱི་ཡོང་འབབ་སྲུང་སྐྱོབ་དང་མི་མངོན་པའི་ཡོང་འབབ་ཚད་ལྡན་བཟོ་བ་དང་། དབང་ཆ་དང་སྲིད་འཛིན་སྒེར་སྡེམ་སོགས་ཚོང་རའི་རྒྱུ་རྐྱེན་མ་ཡིན་པའི་ཡོང་འབབ་ལེན་པ་བཀག་སྡོམ་བྱེད་རྒྱུ་མ་ཟད། ཁྲིམས་འགལ་གྱི་ཡོང་འབབ་གཏན་འགོག་བྱ་དགོས།

  གཞན་ཕན་གྱི་བྱ་གཞག་གོང་འཕེལ་ཡོང་བར་རྒྱབ་སྐྱོར་བྱེད་པ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་རྒྱ་ཆེར་བྱས་ནས་སྤྱི་ཚོགས་རྒུད་སྐྱོབ་དང་། སྤྱི་ཚོགས་སྐུལ་སྤེལ། དང་བླངས་ཞབས་ཞུ་བཅས་ཀྱི་བྱེད་སྒོ་སྤེལ་དགོས། སྤྱི་ཚོགས་ལ་ཕྱིར་འབུལ་བ་དང་དབུལ་སྐྱོར་རོགས་རམ་བྱེད་པར་སྐུལ་ལྕག་གཏོང་བའི་ཁྲལ་བསྡུའི་སྲིད་ཇུས་འཐུས་ཚང་བཟོ་དགོས།

  དྲུག སྔར་བས་དྲང་བདེན་དང་སྔར་བས་རྒྱུན་མཐུད་ཐུབ་པའི་སྤྱི་ཚོགས་འགན་སྲུང་ལམ་ལུགས་གསར་འཛུགས་བྱ་དགོས། དམངས་ཡོངས་འགན་སྲུང་ནང་ཞུགས་པའི་འཆར་གཞི་ལག་བསྟར་བྱེད་པ་དང་། གཞི་རྩའི་ཆ་ནས་ཁྲིམས་བཀོད་མི་སྣ་ཕྱོགས་ཡོངས་ལ་ཁྱབ་པར་བྱ་དགོས། རྩིས་ཞིབ་དོ་མཉམ་མཐའ་འཁྱོངས་དང་མ་དངུལ་གྲབས་གསོག་གི་ལམ་སྲོལ་འཐུས་ཚང་བཟོ་བ་དང་། སྲིད་གཞུང་དང་། ཁེ་ལས། མི་སྒེར་སོགས་ཀྱི་འགན་འཁྲི་གསལ་པོར་འབྱེད་དགོས། སྤྱི་ཚོགས་ཀྱི་འགན་བཅོལ་གྲོན་དངུལ་གྱི་ཚད་འོས་འཚམ་གྱིས་དམའ་རུ་གཏོང་བ་དང་། སྤྱི་ཚོགས་ཀྱི་འགན་བཅོལ་མ་ལག་འཐུས་ཚང་བཟོ་དགོས།

  ལས་བཟོ་བའི་རྒན་གསོ་འགན་ལེན་ཐད་མི་སྒེར་གྱི་རྩིས་ཁྲ་ལམ་ལུགས་འཐུས་ཚང་བཟོ་བ་དང་། མང་སྤྲོད་མང་ཐོབ་ཀྱི་སྐུལ་སློང་ལམ་སྲོལ་ཆ་ཚང་བཟོ་དགོས། ལས་བཟོ་བའི་རྨང་གཞིའི་རྒན་གསོའི་འཚོ་དངུལ་རྒྱལ་ཡོངས་སུ་གཅིག་གྱུར་འཆར་འགོད་བྱེད་པ་དང་། གཞི་རྩའི་རྒན་གསོའི་འཚོ་དངུལ་བབ་བསྟུན་སྙོམ་སྒྲིག་གྱི་ལམ་སྲོལ་གསར་འཛུགས་བྱ་དགོས། སྤྱི་ཚོགས་ཀྱི་འགན་བཅོལ་ཐེབས་རྩར་མ་འཇོག་བྱེད་སྟངས་རྒྱ་སྐྱེད་གཏོང་བ་དང་། ཉེན་ཟོན་དོ་དམ་ཤུགས་སྣོན་བརྒྱབ་ནས་མ་དངུལ་བཞག་པའི་ཕན་འབྲས་ཐོབ་ཚད་ཇེ་མཐོར་གཏོང་དགོས། གཞུང་དབང་མ་རྩའི་ཁེ་བཟང་དེ་སྤྱི་པའི་ནོར་སྲིད་ནང་སྤྲོད་པའི་བསྡུར་ཚད་རིམ་བཞིན་ཇེ་མཐོར་གཏོང་བ་དང་། གཞུང་དབང་མ་རྩ་ཁག་ཅིག་སྤྱི་ཚོགས་འགན་ལེན་གྱི་ཐེབས་རྩའི་ནང་དུ་སྒྱུར་སྤྲོད་བྱ་དགོས། ལས་འཁྱུར་ངལ་གསོའི་ལོ་ཚད་རིམ་བཞིན་ཕྱིར་འགྱང་བྱེད་པའི་སྲིད་ཇུས་འདོན་དགོས། ལས་རིགས་ཀྱི་ལོ་ཕོགས་དང་། ཁེ་ལས་ཀྱི་ལོ་ཕོགས། ཚོང་ལས་ཀྱི་རྒན་གསོའི་འགན་བཅོལ་སོགས་གོང་འཕེལ་གཏོང་དགོས།

  སྨན་བཅོས་འགན་བཅོལ་གཏན་འཇགས་རྒྱུན་མཐུད་ཀྱིས་མ་དངུལ་གྲབས་གསོག་བྱེད་པ་དང་འགྲོ་སོང་རྩིས་ཞུའི་བསྡུར་ཚད་སྙོམ་སྒྲིག་བྱེད་པའི་ལམ་སྲོལ་ཆ་ཚང་བཟོ་རྒྱུ་དང་། ལས་བཟོ་པའི་ལས་འཁྱུར་མི་སྣས་སྨན་བཅོས་འགན་བཅོལ་རིན་དངུལ་སྤྲད་དེ་འགན་བཅོལ་ནང་ཞུགས་པའི་སྲིད་ཇུས་ལ་ཞིབ་འཇུག་དང་ལག་ལེན་བསྟར་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ནད་ཆེན་འགན་བཅོལ་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་དགོས། སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་སྤྲོད་སྟངས་བསྒྱུར་བཅོས་བྱེད་པ་དང་། སྨན་བཅོས་འགན་བཅོལ་ཐད་ལ་འགྲོ་གྲོན་ཚོད་འཛིན་ནུས་པ་འདོན་སྤེལ་བྱ་དགོས། མི་སྒེར་གྱི་རྩིས་ཁྲ་ལེགས་བཅོས་བྱེད་པ་དང་སྒོ་བསྟེན་གྲོན་དངུལ་གཅིག་གྱུར་འཆར་འགོད་བྱ་དགོས། ཞིང་ཆེན་དང་ས་ཁུལ་བརྒལ་ནས་བདེ་འགོད་བྱས་པའི་ལས་འཁྱུར་མི་སྣ་སྨན་ཁང་ནང་བསྡད་པའི་སྨན་རིན་ཐད་ཀར་རྩིས་རྒྱག་ཐུབ་པ་མངོན་འགྱུར་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་དང་གཉེར་སྐྱོང་དོ་དམ་སྡེབ་འདྲེས་བྱ་དགོས། ཁ་གསབ་སྨན་བཅོས་ཀྱི་འགན་བཅོལ་དང་ཚོང་ལས་བདེ་ཐང་གི་འགན་བཅོལ་གོང་འཕེལ་ཡོང་བར་སྐུལ་མ་གཏོང་དགོས། ཚོང་ལས་འགན་བཅོལ་གྱི་ལས་ཁུངས་དེ་སྨན་བཅོས་འགན་བཅོལ་གཉེར་སྐྱོང་ནང་ཞུགས་པར་སྐུལ་མ་གཏོང་དགོས། ཕྲུ་གུ་བཙའ་བའི་འགན་བཅོལ་དང་གཞི་རྩའི་སྨན་བཅོས་འགན་བཅོལ་ཟླ་སྒྲིལ་བཏང་ནས་ལག་ལེན་བསྟར་དགོས། རོགས་སྐྱོར་མ་ལག་གཅིག་གྱུར་འཆར་འགོད་དང་། སྲིད་ཇུས་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས། ལམ་ལུགས་ཟླ་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་། དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ཁག་ཐེག་བྱ་དགོས།

  བདུན། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། སྨན་བཅོས་འཕྲོད་བསྟེན་ལམ་ལུགས་བསྒྱུར་བཅོས་ཟབ་སྤེལ་བྱེད་པ་སྟེ། སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་རྫས་དང་སྨན་བཅོས་བཅས་མཉམ་འགུལ་བྱེད་པ་ལག་ལེན་བསྟར་ནས། སྨན་རྫས་དང་སྨན་བཅོས་སོ་སོར་འབྱེད་པ་དང་། རིམ་པ་དབྱེ་སྟེ་སྨན་བཅོས་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཏུ་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་དང་དེང་རབས་སྨན་ཁང་གི་དོ་ལམ་ལམ་ལུགས་ཡོངས་སུ་ཁྱབ་བརྡལ་གཏོང་དགོས།

  ཕྱོགས་ཡོངས་ནས་གཞུང་བཙུགས་སྨན་ཁང་ཕྱོགས་བསྡུས་བསྒྱུར་བཅོས་ལ་སྐུལ་འདེད་བྱེད་པ་དང་། སྤྱི་ཕན་རང་བཞིན་མཐའ་འཁྱོངས་དང་། ཁེ་བཟང་ཧམ་གཉེར་གྱི་ལམ་སྲོལ་མེད་པར་བཟོས་ནས། སྨན་བཅོས་ལས་རིགས་ཀྱི་ཁྱད་ཆོས་དང་འཚམ་པའི་མི་དོན་གླ་ཕོགས་ལམ་ལུགས་འཛུགས་དགོས། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་བཀོད་སྒྲིག་བྱེད་ཚུལ་ལེགས་སྒྱུར་དང་། གོང་འོག་མཉམ་འགུལ་དང་སྦྲེལ་མཐུད་གསབ་རེས་ཀྱི་སྨན་བཅོས་ཞབས་ཞུའི་མ་ལག་ཆ་ཚང་བཟོས་ཏེ། གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་དཔེ་རྣམ་འཐུས་ཚང་བཟོ་བ་དང་། རྒྱང་སྦྲེལ་སྨན་བཅོས་གོང་འཕེལ་གཏོང་དགོས། སྨན་བཅོས་ཐོན་ཁུངས་དེ་གཞི་རིམ་དང་གྲོང་གསེབ་ཏུ་འགྲོ་སྐྱོད་བྱེད་པར་སྐུལ་སྤེལ་གཏོང་བ་དང་། སྤྱི་ཚན་སྨན་པ་དང་། ཁྱིམ་ཚང་གི་སྨན་པ། མྱུར་མཁོའི་ཁྱབ་ཁོངས་ཀྱི་སྨན་བཅོས་ཞབས་ཞུའི་ནུས་པ་མཐོར་འདེགས་དང་། གློག་རྡུལ་བདེ་ཐང་ཡིག་ཚགས་སོགས་ཀྱི་ལས་དོན་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བདེ་ཐང་ཞབས་ཞུའི་ལས་རིགས་སྐྲུན་པར་སྐུལ་མ་གཏོང་བ་དང་། ཁེ་གཉེར་མིན་པའི་དམངས་གཉེར་སྨན་ཁང་དང་གཞུང་བཙུགས་སྨན་ཁང་ལ་ཐོབ་ཐང་འདྲ་མཚུངས་སྤྲོད་པར་སྐུལ་འདེད་གཏོང་དགོས། སྨན་བཅོས་ཀྱི་རྒྱུ་སྤུས་ཐད་ལྟ་སྐྱོང་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། རྩོད་གཞི་འདུམ་འགྲིག་གི་ལམ་སྲོལ་འཐུས་ཚང་བཟོས་ཏེ་སྨན་པ་དང་ནད་པའི་འབྲེལ་བ་འཆམ་མཐུན་བཟོ་དགོས།

  ནུབ་ལུགས་གསོ་རིག་དང་རྒྱ་ལུགས་གསོ་རིག་མཉམ་དུ་གལ་ཆེན་དུ་འཛིན་པ་མཐའ་འཁྱོངས་བྱེད་པ་དང་། རྒྱ་ལུགས་གསོ་རིག་དང་མི་རིགས་གསོ་རིག་གོང་འཕེལ་ཡོང་བར་སྐུལ་སྤེལ་གཏོང་དགོས། གཞི་རྩའི་སྨན་རྫས་ལམ་ལུགས་འཐུས་ཚང་བཟོ་བ་དང་། སྨན་རྫས་མཁོ་འདོན་འགན་སྲུང་གི་ལམ་སྲོལ་ཆ་ཚང་བཟོ་བ། སྨན་རྫས་ཀྱི་རིན་གོང་ལེགས་འགོད་བྱེད་པ། ཨེ་ཙི་ནད་འགོག་བྱེད་པ་སོགས་དམིགས་བསལ་སྨན་རྫས་རིན་གོང་རྩ་ཆག་བཏང་ནས་མཁོ་སྤྲོད་བྱེད་ཚད་ཇེ་མང་དུ་གཏོང་བ་བཅས་བྱ་དགོས། སྨན་རྫས་ཀྱི་རྒྱུ་སྤུས་མཐོར་འདེགས་བྱེད་པ་དང་། སྨན་སྤྱོད་སྟངས་ཀྱི་བདེ་འཇགས་ཁག་ཐེག་བྱ་དགོས། འགོས་ནད་དང་རྒྱུན་ནད། ས་གནས་ནད་སོགས་ནད་ཡམས་ཚབས་ཆེན་རིགས་ཕྱོགས་བསྡུས་བཅོས་སྐྱོང་དང་ལས་རིགས་ནད་ཀྱི་གནོད་འཚེ་སྔོན་འགོག་བཅོས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་པ་དང་། བྱེད་ཐབས་སྣ་མང་ལ་བརྟེན་ནས་ནད་གཞི་ལྕི་མོ་དང་རྒྱུན་ནད་སྨན་བཅོས་བྱེད་པའི་འགྲོ་སོང་དམའ་རུ་གཏོང་དགོས། བདེ་ཐང་གི་འཚོ་ཐབས་དར་སྤེལ་བྱེད་པ་དང་། སེམས་ཁམས་བདེ་ཐང་གི་ཞབས་ཞུར་ཤུགས་སྣོན་རྒྱག་དགོས།

  ཟས་རིགས་བདེ་འཇགས་ཀྱི་འཐབ་ཇུས་ལག་ལེན་བསྟར་ནས། དམ་ནན་ནུས་མཐོ་དང་སྤྱི་ཚོགས་ཐུན་མོང་གིས་བཅོས་སྐྱོང་བྱེད་པའི་ཟས་རིགས་བདེ་འཇགས་བཅོས་སྐྱོང་མ་ལག་ཆགས་པར་བྱས་ནས། མི་དམངས་ཟས་རིགས་ལ་བློ་བདེ་པོ་ཡོང་བར་བྱ་དགོས།

  བརྒྱད། མི་འབོར་དོ་མཉམ་གྱིས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བྱ་དགོས། འཆར་ལྡན་བུ་བཙའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་བྱེད་པ་དང་། མི་འབོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་འཐུས་ཚང་བཟོ་དགོས། བཟའ་ཟླ་གཉིས་ལ་ཕྲུ་གུ་གཉིས་སྐྱེས་ཆོག་པའི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་དགོས། སྐྱེ་འཕེལ་བདེ་ཐང་དང་མ་བུ་བདེ་འཚམ། བུ་བཅོལ་སོགས་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་དགོས། དམིགས་བསལ་དཀའ་ཁག་ཡོད་པའི་འཆར་ལྡན་བུ་བཙའི་ཁྱིམ་ཚང་ལ་རོགས་སྐྱོར་བྱ་དགོས། ཁྱིམ་ཚང་གི་འཕེལ་རྒྱས་ལ་མཐོང་ཆེན་བྱ་དགོས།

  མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཁ་གཏད་འཇལ་བའི་བྱ་སྤྱོད་ཧུར་ཐག་གིས་སྤེལ་རྒྱུ་སྟེ། རྒན་བཀུར་དང་། རྒན་གསོ། རྒན་རོགས་བཅས་བྱེད་པའི་སྤྱི་ཚོགས་ཀྱི་སྲོལ་བཟང་དར་སྤེལ་དང་། ཁྱིམ་ནང་སྡོད་པ་གཞིར་བཞག་ཐོག་སྡེ་ཁུལ་ལ་བརྟེན་པ་དང་ལས་ཁུངས་ནས་ཁ་གསབ་བྱེད་པ་བཅས་ཀྱི་རིམ་པ་མང་བའི་རྒན་གསོའི་ཞབས་ཞུའི་མ་ལག་སྐྲུན་ཐབས་བྱེད་རྒྱུ་དང་། སྨན་བཅོས་འཕྲོད་བསྟེན་དང་རྒན་གསོའི་ཞབས་ཞུ་ཕན་ཚུན་ཟུང་འབྲེལ་བྱེད་པར་སྐུལ་འདེད་བཏང་ནས། རྒྱུན་རིང་གི་ནད་སྐྱོང་འགན་སྲུང་ལམ་ལུགས་གསར་འཛུགས་བྱེད་པར་འཚོལ་ཞིབ་བྱ་དགོས། རྒན་གསོའི་ཞབས་ཞུའི་ཁྲོམ་ར་ཕྱོགས་ཡོངས་ནས་གློད་པ་དང་། ཞབས་ཞུ་ཉོ་སྒྲུབ་དང་། རྐང་དབང་མཉམ་ལས་སོགས་བྱེད་ཐབས་སྤྱད་ནས་ཚོང་རའི་གྲུབ་ཆ་གཙོ་བོར་རྒན་གསོའི་ཞབས་ཞུ་དང་ཐོན་རྫས་མཁོ་འདོན་བྱེད་ཚད་ཇེ་མང་དུ་གཏོང་བར་རྒྱབ་སྐྱོར་བྱ་དགོས།

  ཕོ་མོ་འདྲ་མཉམ་ཡིན་པའི་རྩ་བའི་རྒྱལ་ཇུས་མཐའ་འཁྱོངས་བྱེད་པ་དང་། བུད་མེད་དང་ལོ་ན་མ་སོན་པའི་སྐྱེ་བོའི་ཁེ་དབང་འགན་སྲུང་བྱ་དགོས། དབང་པོ་སྐྱོན་ཅན་གྱི་བྱ་གཞག་གོང་འཕེལ་གཏོང་བར་རྒྱབ་སྐྱོར་དང་། དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་དང་རོགས་རམ་བྱེད་པའི་ཞབས་ཞུའི་མ་ལག་ཆ་ཚང་བཟོ་དགོས།

  བརྒྱད། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱས་ཏེ།“ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་མངོན་འགྱུར་བྱེད་པར་འགན་ལེན་སྲ་བརྟན་འདོན་སྤྲོད་བྱ་དགོས།

  འཕེལ་རྒྱས་ནི་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་འགན་འཁྲི་ཨང་དང་པོ་ཡིན། རིམ་པ་ཁག་གི་ཏང་ཨུས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ངེས་པར་དུ་ངོས་འཛིན་གཏིང་ཟབ་དང་། འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་ནུས་དང་ཆུ་ཚད་མཐོར་འདེགས། རྒྱལ་ཁབ་ཀྱི་བདག་སྐྱོང་མ་ལག་དང་བདག་སྐྱོང་བྱེད་ནུས་དེང་རབས་ཅན་དུ་ཕྱོགས་པར་སྐུལ་སྤེལ་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་སྔར་ལས་ལྷག་པར་གོང་དུ་སྤེལ་བར་སྐུལ་འདེད་གཏོང་དགོས།

  གཅིག ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་ལས་ཀའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཏང་གིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་བྱེད་པ་དང་། ཕྱོགས་སོ་སོ་མཐུན་སྦྱོར་ཡོང་བར་བྱེད་པ་རྒྱུན་འཁྱོངས་དང་། རིམ་པ་ཁག་གི་ཏང་ཨུ་(ཏང་ཙུའུ་)འགོ་ཁྲིད་སྲོག་ཤིང་ཡིན་པའི་ནུས་པ་འདོན་སྤེལ་བྱེད་པ། ལམ་ལུགས་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་སྒྲིག་སྲོལ་ལམ་སྲོལ་དང་བྱེད་ཐབས་རྣམ་པ་ལེགས་བཅོས་བྱེད་པ། ཚང་འཛོམས་ཨུ་ཡོན་ལྷན་ཁང་གི་ཇུས་གཅོད་དང་ལྟ་སྐུལ་བྱེད་ནུས་ལ་ཤུགས་སྣོན་རྒྱག་དགོས། ཇུས་གཅོད་ཀྱི་ཚན་རིག་རང་བཞིན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ཏང་ཨུས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་ཞིབ་འཇུག་དང་། དུས་བཀག་ལྟར་དཔལ་འབྱོར་གྱི་གནས་བབ་ལ་དབྱེ་ཞིབ། བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་ཞིབ་འཇུག་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཇུས་གཅོད་ཀྱི་འདྲི་རྩད་ལམ་སྲོལ་འཐུས་སྒོ་ཚང་བར་བཟོ་བ་བཅས་བྱ་དགོས། ཆ་འཕྲིན་ཁྱབ་བསྒྲགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།

  འགོ་ཁྲིད་ཚན་པའི་ཤེས་བྱའི་གྲུབ་ཚུལ་དང་ཆེད་ལས་གྲུབ་ཚུལ་ལེགས་སྒྲིག་དང་། ཆབ་སྲིད་ཀྱི་བློ་རྩ་བརྟན་ཞིང་། ཆེད་ལས་རྟོགས་པ། བདག་སྐྱོང་མཁས་པ། ཁག་འཁུར་ཕོད་པ། སྤྱོད་ཚུལ་བཟང་པའི་འགོ་ཁྲིད་ལས་བྱེད་པ་གསོ་སྐྱོང་དང་འདེམས་བསྐོ་བྱེད་པ་གཙིགས་ཆེར་འཛིན་པ། ཆེད་ལས་རང་བཞིན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱ་དགོས། ལས་བྱེད་པའི་མི་དོན་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་དང་། སྲིད་དོན་བྱས་རྗེས་དཔྱད་ཞིབ་དང་གདེང་འཇོག་གི་མ་ལག་དང་བྱ་དགའ་ཆད་གཅོད་ཀྱི་ལམ་སྲོལ་འཐུས་ཚང་གཏོང་བ། རིམ་པ་ཁག་གི་ལས་བྱེད་མི་སྣའི་ལས་ཀའི་བརྩོན་སེམས་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སྤེལ་བྱ་དགོས།

  ཏང་གི་རིམ་པ་ཁག་གི་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་། གཞི་རིམ་གྱི་ཏང་གི་རྩ་འཛུགས་ཀྱི་སྤྱི་ཡོངས་ཀྱི་མཐུ་ནུས་ཤུགས་ཆེ་རུ་གཏོང་བ། འཐབ་འཛིང་གི་བཙན་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་པ། རྒྱ་ཆེའི་ལས་བྱེད་པ་ཚོའི་གསར་གཏོད་ཡར་བརྩོན་དང་། འགག་གནད་ལས་སྒྲོལ་བའི་སྤོབས་སེམས་སྐུལ་སློང་བཅས་བྱས་ཐོག སྔར་ལས་ལེགས་པར་མང་ཚོགས་ཀྱི་སྣེ་ཁྲིད་དེ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་ལེགས་གྲུབ་བྱ་དགོས།

  རུལ་རྒོལ་གཙང་སྤེལ་གྱི་འཛུགས་སྐྱོང་དེ་ནམ་ཡང་སྤེལ་བཞིན་པའི་སྒང་ཡིན། རུལ་རྒོལ་གྱི་གོམ་མཚམས་འཇོག་མི་རུང་ལ་ལྷོད་གཡེང་ཡང་བྱེད་མི་རུང་། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་རྒྱུན་འཁྱོངས་དང་། “ནན་གསུམ་དྲང་གསུམ་”གྱི་བླང་བྱ་དོན་འཁྱོལ། ཏང་གི་སྒྲིག་ཁྲིམས་དང་སྒྲིག་སྲོལ་དམ་པོ་བཟོ་བ། ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་དོན་འཁྱོལ། སྤྱོད་ཚུལ་ལེགས་སྒྱུར་གྱི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དབང་ཆ་བེད་སྤྱོད་བྱེད་པར་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། རུལ་སུངས་ཀྱི་གྲུབ་འབྲས་བརྟན་པོ་བཟོ་བ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་བསམ་པ་བཅས་ཀྱི་ནུས་ལྡན་ལམ་སྲོལ་འཛུགས་པ། ལས་བྱེད་པའི་ཀུན་སྤྱོད་ལེགས་པ་དང་། སྲིད་གཞུང་སྤྱོད་གཙང་ཡིན་པ། ཆབ་སྲིད་དྭངས་གསལ་ཡིན་པ་བཅས་མངོན་འགྱུར་བྱེད་པར་ཧུར་བརྩོན་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བར་ཆབ་སྲིད་ཀྱི་ཁོར་ཡུག་གཙང་མ་ཞིག་བསྐྲུན་དགོས།

  གཉིས། མི་དམངས་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འབུངས་བྱེད་པར་སྐུལ་སློང་བྱ་དགོས། དམངས་གཙོ་དར་སྤེལ་གང་ལེགས་དང་། ཏང་གི་མང་ཚོགས་ལམ་ཕྱོགས་དོན་འཁྱོལ། མང་ཚོགས་ལ་དྲིལ་སྒྲོག་དང་མང་ཚོགས་རྩ་འཛུགས་བྱེད་པའི་ནུས་པ་མཐོར་འདེགས་གཏོང་བ། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་གནད་དོན་འགངས་ཆེན་དང་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བའི་གནད་དོན་གྲོས་མོལ་བྱེད་པར་ཤུགས་སྣོན་པ། ཁྲིམས་ལྟར་མི་དམངས་ཀྱི་ཁེ་དབང་ཐམས་ཅད་འགན་སྲུང་། རིགས་སོ་སོའི་མི་དམངས་ཀྱི་མེས་རྒྱལ་འཛུགས་སྐྲུན་བྱེད་པའི་བདག་པོའི་འདུ་ཤེས་སྐུལ་སློང་བཅས་བྱ་དགོས།

  བསམ་བློའི་ཆབ་སྲིད་བྱ་བར་ཤུགས་སྣོན་རྒྱག་པ་དང་། མང་ཚོགས་ཀྱི་བྱ་བའི་སྒྲིག་སྲོལ་ལམ་སྲོལ་དང་བྱེད་ཐབས་རྣམ་པ་གསར་གཏོད། བཟོ་ཚོགས་དང་། གུང་གཞོན་ཚོགས་པ། བུད་མེད་ལྷན་ཚོགས་སོགས་ཚོགས་པའི་རྩ་འཛུགས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ། མི་དམངས་ནང་ཁུལ་གྱི་འགལ་བ་ཐག་གཅོད་ཡང་དག་དང་། རང་ནུས་ཅི་ལྕོགས་ཀྱིས་སྤྱི་ཚོགས་ཧྲིལ་པོའི་སྟོབས་ཤུགས་གཅིག་བསྡུས་བྱས་ནས་བསྒྱུར་བཅོས་གོང་སྤེལ་ལ་སྐུལ་འདེད་དང་། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཐད་ཀྱི་ངོས་འཛིན་གཅིག་མཐུན་ཅན་དང་སྟོབས་ཤུགས་ལ་སྲུང་སྐྱོང་བྱ་དགོས། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ལས་ཀ་ལེགས་པོ་སྒྲུབ་པར་མཐོང་ཆེན་བྱེད་པ་དང་། འདུ་ཤེས་འཛིན་སྟངས་ཐད་ཀྱི་བདེ་འཇགས་འགན་སྲུང་ཏན་ཏིག་བྱ་དགོས།

  གཞི་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་གོང་དུ་སྤེལ་བ་དང་། ཏང་གི་ཤེས་ལྡན་མི་སྣ་དང་། མི་རིགས། ཆོས་ལུགས། ཕྱིར་སྡོད་རང་མིའི་ལས་དོན་སོགས་ཀྱི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་དགོས། དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ཚོགས་པ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་སྤེལ་བ་དང་། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་ཁྲིད། སྲིད་ཏང་གི་འབྲེལ་བ་དང་། མི་རིགས་ཀྱི་འབྲེལ་བ། ཆོས་ལུགས་ཀྱི་འབྲེལ་བ། རིམ་གྲས་ཀྱི་འབྲེལ་བ། རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླ་བར་གྱི་འབྲེལ་བ་བཅས་འཆམ་མཐུན་ཡོང་བར་སྐུལ་སྤེལ་གཏོང་བ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བར་གྱི་མཐུན་སྒྲིལ་ཆེན་པོ་སྲ་བརྟན་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཚོའི་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱ་དགོས།

  གསུམ། ཤེས་ལྡན་རྒྱལ་དྲག་འཛུགས་སྐྱོང་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། ཤེས་ལྡན་པ་དམིགས་སུ་བཀར་ནས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་དང་། ཤེས་ལྡན་པ་གོང་སྤེལ་གྱི་སྒྲིག་སྲོལ་བསྒྱུར་བཅོས་དང་སྲིད་ཇུས་གསར་གཏོད་བྱེད་པར་སྐུལ་འདེད་བཏང་ནས། རྒྱལ་སྤྱིའི་ཐོག་འགྲན་རྩོད་བྱེད་ནུས་ལྡན་པའི་ཤེས་ལྡན་པའི་ལམ་ལུགས་ལེགས་པོ་ཆགས་པར་བྱ་དགོས།

  ཤེས་ལྡན་པའི་གྲུབ་ཚུལ་ལ་འཐབ་ཇུས་རང་བཞིན་གྱི་ལེགས་སྒྲིག་བྱེད་པར་སྐུལ་འདེད་དང་། “སྤུས་ལེགས་ཞིབ་ཚགས་རྩེ་གྲ་དཀོན་པ་”བཅས་ཀྱི་སྟོན་ཕྱོགས་འབུར་ཐོན་ཡོང་བ། ཤེས་ལྡན་པའི་ལས་གཞི་གལ་ཆེན་ལག་བསྟར་བཅས་བྱེད་པ་དང་། འཐབ་ཇུས་རང་བཞིན་ལྡན་པའི་ཚན་རིག་པ་དང་། ཚན་རྩལ་གྱི་སྣེ་ཁྲིད་མི་སྣ། ཁེ་ལས་འཇོན་མི། མཐོ་རིམ་ནུས་པ་ཡོད་མཁན་བཅས་ཀྱི་ཤེས་ལྡན་པའི་དཔུང་ཁག་གསར་རྙེད་དང་། གསོ་སྦྱོང་། འཚོལ་སྡུད་བཅས་བྱ་དགོས། གསར་གཏོད་ལ་མཁས་པའི་ཤེས་ལྡན་པ་ནང་འདྲེན་བྱེད་པའི་སྲིད་ཇུས་སྔར་ལས་ལྷོད་པོ་ལག་བསྟར་དང་། ནུས་ཤུགས་ཡོད་རྒུས་དཀོན་ཞིང་མྱུར་མཁོའི་ཤེས་ལྡན་པ་ནང་འདྲེན་བྱེད་པ་དང་། གནམ་འོག་གི་ཤེས་ལྡན་པ་ཀུན་གྱི་བློ་གྲོས་བསྡུས་ནས་བྱེད་སྤྱོད་གཏོང་དགོས། སྲིད་གཞུང་གི་མ་དངུལ་གཏོང་བའི་ཁྲིད་སྟོན་བྱེད་ནུས་འདོན་སྤེལ་བྱེད་པ་དང་། ཁེ་ལས་དང་། མཐོ་རིམ་སློབ་ཆེན། ཚན་ཞིབ་སློབ་གླིང་། སྤྱི་ཚོགས་ཀྱི་རྩ་འཛུགས། མི་སྒེར་སོགས་སྒྲིག་རིམ་ཡོད་པའི་སྒོ་ནས་ཤེས་ལྡན་པའི་ཐོན་ཁུངས་གསར་འབྱེད་དང་ཤེས་ལྡན་པ་ནང་འདྲེན་གྱི་ལས་ཀའི་ནང་དུ་ཞུགས་པར་སྐུལ་ལྕག་གཏོང་དགོས།

  མི་ཤུགས་མ་རྩའི་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་། ཤེས་ལྡན་མི་སྣ་འཁོར་རྒྱུག་གི་བཀག་རྐྱེན་སེལ་ཐབས་བྱེད་ཅིང་། སྤྱི་ཚོགས་སྟེང་གི་འཕྲེད་ཕྱོགས་དང་གཞུང་ཕྱོགས་ཀྱི་འཁོར་རྒྱུག་གི་རང་བཞིན་ཇེ་ཆེར་གཏོང་དགོས། ཤེས་ལྡན་མི་སྣ་གདེང་འཇོག་གི་བརྩོན་སྐུལ་ལམ་སྲོལ་དང་ཞབས་ཞུའི་འགན་ལེན་མ་ལག་འཐུས་ཚང་གཏོང་བ་དང་། མི་སོ་སོ་འཇོན་ཐང་ཅན་དུ་འགྱུར་ཐུབ་པ་དང་ན་གཞོན་ཤེས་ཡོན་པས་ནུས་རྩལ་ཀུན་འདོན་ཐུབ་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་དགོས། ཤེས་ལྡན་མི་སྣ་གཞི་རིམ་དང་། དབུས་རྒྱུད་དང་ནུབ་རྒྱུད་དུ་འགྲོ་བར་ཕན་པའི་སྲིད་ཇུས་ཀྱི་མ་ལག་ཆ་ཚང་གཏོང་དགོས།

  བཞི། ཁྲིམས་སྐྱོང་གི་འདུ་ཤེས་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཁྲིམས་སྐྱོང་ལག་ལེན་ནན་ཏན་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གོང་འཕེལ་གཏོང་བའི་ནང་གནས་རེ་འདུན་ཡིན། ཁྲིམས་ལྟར་སྲིད་དོན་སྐྱོང་བ་ངེས་པར་དུ་མཐའ་འཁྱོངས་དང་། ཏང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་སྟེ་རྒྱལ་སྲིད་སྐྱོང་བ་དང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལྟར་ཏང་བདག་སྐྱོང་དང་དོ་དམ་བྱེད་ནུས་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།

  ཏང་གིས་ཁྲིམས་འཛུགས་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་དགོས། ཁྱབ་ཁོངས་གཙོ་ཆེའི་ཁྲིམས་འཛུགས་ཇེ་མགྱོགས་སུ་གཏོང་བ་དང་། ཁྲིམས་ལུགས་འཛུགས་སྐྱོང་དང་། ལེགས་བཅོས་བྱེད་པ། རྩིས་མེད་གཏོང་བ། གསལ་འགྲེལ་བྱེད་པ་བཅས་མཉམ་དུ་སྤེལ་བ་རྒྱུན་འཁྱོངས་བྱེད་པ། ཚན་རིག་དང་མཐུན་ཞིང་དམངས་གཙོའི་སྒོ་ནས་ཁྲིམས་འཛུགས་པར་སྐུལ་སྤེལ་གཏིང་ཟབ་བྱས་ཏེ་འཐུས་སྒོ་ཚང་བའི་ཁྲིམས་སྲོལ་ལམ་ལུགས་ཀྱི་མ་ལག་ཅིག་ཆགས་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས།

  ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ཁྲིམས་ལྟར་དབང་ཆ་སྒྲིག་བཟོ་དང་། དབང་ཆ་བེད་སྤྱོད། དབང་ཆར་ཚོད་འཛིན། དབང་ཆར་ལྟ་སྐུལ་བཅས་བྱེད་པ་དང་། ཁྲིམས་ལྟར་དཔལ་འབྱོར་སྙོམས་སྒྲིག་དང་བདག་སྐྱོང་བྱེད་པ། ཕྱོགས་བསྡུས་ཀྱིས་ཁྲིམས་འཛིན་བྱེད་པ་ཁྱབ་གདལ་གཏོང་བ་བཅས་བྱས་ཏེ། སྲིད་གཞུང་གི་བྱེད་སྒོ་ཡོད་ཚད་ཁྱོན་ཡོངས་ནས་ཁྲིམས་སྐྱོང་གི་ལམ་བུར་ཞུགས་པ་མངོན་འགྱུར་བྱ་དགོས། ཁྲིམས་འཛིན་སྒྲིག་སྲོལ་གྱི་བསྒྱུར་བཅོས་ཟབ་སྤེལ་དང་། ཁྲིམས་འཛིན་གྱི་ཆོས་ཉིད་བརྩི་སྲུང་། ཁྲིམས་འཛིན་དྲང་གཞག་ལ་སྐུལ་སྤེལ། ཁེ་དབང་གི་ཁྲིམས་འཛིན་འགན་སྲུང་དང་དབང་ཆའི་ཁྲིམས་འཛིན་ལྟ་སྐུལ་འཐུས་ཚང་དུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་དང་། སྤྱི་ཚོགས་ཡོངས་དང་ནང་སྒོས་སུ་གཞུང་ལས་གཉེར་མཁན་གྱི་ཁྲིམས་སྲུང་དང་། ཁྲིམས་སློབ། ཁྲིམས་བཀུར། ཁྲིམས་སྤྱོད་བཅས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། སྤྱི་ཚོགས་ཡོངས་སུ་ཁྲིམས་སྐྱོང་གི་ཁ་དབུགས་དང་ཁྲིམས་སྐྱོང་གི་གོམས་སྲོལ་ལེགས་པོ་ཞིག་ཆགས་པར་བརྩོན་དགོས།

  ལྔ། སྤྱི་ཚོགས་བདག་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱ་དགོས། ཞི་བདེའི་ཀྲུང་གོ་འཛུགས་སྐྱོང་དང་། ཏང་ཨུའི་འགོ་ཁྲིད་དང་། སྲིད་གཞུང་གི་གཙོ་ཁྲིད། སྤྱི་ཚོགས་ཀྱི་མཉམ་ལས། མང་ཚོགས་ཐེ་ཞུགས། ཁྲིམས་སྐྱོང་འགན་སྲུང་བཅས་ཀྱི་སྤྱི་ཚོགས་བདག་སྐྱོང་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་བདག་སྐྱོང་ཞིབ་ཕྲ་ཅན་དུ་ཕྱོགས་པར་སྐུལ་འདེད་དང་། དམངས་ཡོངས་ཀྱིས་མཉམ་སྐྲུན་མཉམ་སྤྱོད་བྱེད་པའི་སྤྱི་ཚོགས་བདག་སྐྱོང་གི་གནས་སྟངས་འཛུགས་སྐྱོང་བྱ་དགོས། ཁེ་ཕན་མཚོན་པ་དང་། ཁེ་མཉམ་མཐུན་སྦྱོར། ཁེ་ཕན་སྲུང་སྐྱོང་བཅས་བྱེད་པའི་ལམ་སྲོལ་འཐུས་ཚང་གཏོང་བ་དང་། མང་ཚོགས་ཀྱིས་ཁྲིམས་ལྟར་དབང་ཆ་བེད་སྤྱོད་དང་། འདོད་གསོལ་ཞུ་བ། རྩོད་གླེང་ཐག་གཅོད་བཅས་བྱེད་པར་ཁྲིད་སྟོན་བྱ་དགོས། སྡེ་ཁུལ་གྱི་ཞབས་ཞུའི་བྱེད་ནུས་ཇེ་ལེགས་སུ་བཏང་སྟེ། སྲིད་གཞུང་གིས་བདག་སྐྱོང་དང་སྤྱི་ཚོགས་ཀྱིས་འདུམ་འགྲིག སྡོད་དམངས་ཀྱིས་རང་སྐྱོང་བཅས་ཡིན་པའི་དགེ་མཚན་ལྡན་པའི་མཉམ་འགུལ་ཡོང་བར་བྱ་དགོས།

  སྤྱི་ཚོགས་བདག་སྐྱོང་གི་རྨང་གཞིའི་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་ཀྱི་རྨང་གཞིའི་མི་གྲངས་ཀྱི་ཆ་འཕྲིན་མཛོད་འཛུགས་སྐྲུན་དང་། སྤྱི་ཚོགས་ཀྱི་ཡིད་རྟོན་ཚབ་ཨང་ལམ་ལུགས་དང་འབྲེལ་ཡོད་དངོས་མིང་ཐོ་འགོད་ལམ་ལུགས་གཅིག་གྱུར་བྱེད་པ། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཐུས་ཚང་གཏོང་བ། སྤྱི་ཚོགས་ཀྱི་སེམས་ཁམས་ཞབས་ཞུའི་མ་ལག་དང་གསེད་བཀྲོལ་གྱི་ལམ་སྲོལ། ཉམས་ཉེན་ཐེ་གཏོགས་ཀྱི་ལམ་སྲོལ་བཅས་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས།

  སྤྱི་ཚོགས་ཀྱི་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། བརྡ་འཕྲིན་ཅན་གྱི་འདེགས་སྐྱོར་འོག་སྤྱི་ཚོགས་ཀྱི་བདེ་འཇགས་བཅོས་སྐྱོང་གི་ལངས་གཟུགས་སྔོན་འགོག་མ་ལག་འཛུགས་སྐྲུན་གང་མགྱོགས་གཏོང་བ་དང་། རྨང་གཞིའི་ཕྱོགས་བསྡུས་ཞབས་ཞུའི་དོ་དམ་སྟེགས་བུ་འཛུགས་སྐྲུན་བྱ་དགོས། ཇུས་གཅོད་འགངས་ཆེན་གྱི་སྤྱི་ཚོགས་བརྟན་འཇགས་དང་ཉེན་ཁའི་དཔྱད་དཔོག་ལམ་ལུགས་ལག་བསྟར་དང་། སྤྱི་ཚོགས་ཀྱི་འགལ་བ་རྩད་ཞིབ་ཀྱི་ཉེན་ཟོན་ཉེན་བརྡ་དང་འདུམ་སེལ་གྱི་ཕྱོགས་བསྡུས་ལམ་སྲོལ་འཐུས་ཚང་བཟོ་བ། ཡིག་སྐུར་ངོ་བཅར་དང་འདུམ་འགྲིག་གི་ལས་ཀ་ཇེ་ལེགས་སུ་འགྲོ་བར་ཤུགས་སྣོན་རྒྱག་པ། འགལ་བ་དང་རྩོད་གླེང་སྔོན་འགོག་དང་འདུམ་སེལ་ནུས་ལྡན་བཅས་བྱ་དགོས། ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཉེན་ཟོན་ཏན་ཏིག་དང་། ཁྲིམས་ལྟར་ཐག་གཅོད་ནན་མོ་བྱེད་པ་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱ་དགོས།

  བདེ་འཇགས་ངང་གོང་འཕེལ་འགྲོ་བའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མི་དམངས་ཀྱི་ཁེ་ཕན་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས། དམངས་ཡོངས་ཀྱི་བདེ་འཇགས་འདུ་ཤེས་ཀྱི་སློབ་གསོ་ལ་ཤུགས་སྣོན་དང་། སྤྱི་པའི་བདེ་འཇགས་མ་ལག་འཐུས་སྒོ་ཚང་བར་བཟོ་བ་བཅས་བྱ་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དང་དོ་དམ་ལམ་ལུགས་འཐུས་ཚང་གཏོང་བ་དང་ལག་ལེན་དོན་འཁྱོལ་བྱེད་པ་དང་། ཏང་སྲིད་ཀྱི་འགན་འཁྲི་གཅིག་པ་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས་ལྡན་པ། འགན་འཛོལ་བྱུང་ན་བདའ་འདེད་བྱེད་པ་བཅས་ལག་བསྟར་དང་། སྔོན་འགོག་དང་རྩ་བཅོས་ཤུགས་ཆེ་རུ་གཏོང་བ། བདེ་འཇགས་དཔྱད་ཞིབ་ཀྱི་ལམ་ལུགས་བསྒྱུར་བཅོས། ཉེན་བརྡ་འཕྲལ་བསྟུན་གྱི་ལམ་སྲོལ་འཐུས་ཚང་བཟོ་བ། ཁྲིམས་འཛིན་བྱེད་ཤུགས་ལ་ལྟ་སྡོམ་བྱེད་པར་ཤུགས་སྣོན་པ། དུས་ཐོག་ཏུ་བདེ་འཇགས་ཀྱི་ཉེས་སྐྱོན་འབྱུང་གཞི་རྩད་ཞིབ་དང་འདུམ་སེལ། དོན་རྐྱེན་ཆེ་གྲས་རིགས་ལན་མང་འབྱུང་བའི་གནས་ཚུལ་བློ་ཐག་རྦད་ཆོད་ཀྱིས་གཏན་འགོག་བཅས་བྱ་དགོས། རྫས་འགྱུར་ཐོན་རྫས་ཉེན་ཁ་ཅན་དང་རྫས་འགྱུར་བཟོ་ལས་ཁེ་ལས་ཀྱི་ཐོན་སྐྱེད། བཀར་འཇུག་བདེ་འཇགས་དང་ཁོར་ཡུག་སྲུང་སྐྱོང་གིས་གནས་སྤོ་བྱེད་པའི་ལས་གཞི་བཅས་ལག་བསྟར་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་རྨང་གཞིའི་ནུས་པ་དང་གནོད་འགོག་གནོད་སྐྱུང་གི་ནུས་པ་འཛུགས་སྐྱོང་ཐད་ཤུགས་སྣོན་བརྒྱབ་སྟེ། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོབ་ཏན་ཏིག་བྱ་དགོས།

  རྒྱལ་ཁབ་ཀྱི་སྤྱིའི་བདེ་འཇགས་ལྟ་བ་མཐའ་འཁྱོངས་དང་། རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས་ལག་བསྟར། ཁྱབ་ཁོངས་གཙོ་བོའི་རྒྱལ་ཁབ་བདེ་འཇགས་ཀྱི་སྲིད་ཇུས་དོན་འཁྱོལ་བཅས་བྱེད་པ་དང་། རྒྱལ་ཁབ་བདེ་འཇགས་ཀྱི་ཞིབ་དཔྱོད་ལམ་ལུགས་འཐུས་ཚང་དང་། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་སྐྱོང་འཐུས་ཚང་། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་འཛུགས་སྐྱོང་བཅས་བྱ་དགོས། དགྲ་འཛིན་སྟོབས་ཤུགས་ཀྱི་སིམ་འཛུལ་དང་མགོ་རྟིང་སློག་པའི་བྱེད་སྒོ་དང་། གཏུམ་སྤྱོད་འཇིགས་སྐུལ་གྱི་བྱ་སྤྱོད། མི་རིགས་ཁ་བྲལ་གྱི་བྱ་སྤྱོད། ཆོས་ལུགས་ཐལ་སྤྱོད་པའི་བྱ་སྤྱོད་བཅས་སྤེལ་བར་ཁྲིམས་ལྟར་སྔོན་འགོག་དམ་ནན་དང་རྡུང་རྡེག་ནན་མོ་གཏོང་བ་དང་། རྒྱལ་ཁབ་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས། ཆ་འཕྲིན། རྒྱལ་སྲུང་སོགས་ཀྱི་བདེ་འཇགས་ལ་འགན་སྲུང་མཐའ་གཅིག་ཏུ་བྱ་དགོས།

  དྲུག “ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་ཀྱི་གྲོས་གཞིའི་དམིགས་འབེན་དང་འོས་འགན་དོན་འཁྱོལ་ཡོང་བ་ཁག་ཐེག་བྱ་དགོས། “ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་རྩ་གནད་དང་ཆེད་དམིགས་འཆར་འགོད་གཏན་འབེབས་བྱེད་པར། ཏང་ཀྲུང་དབྱང་གི་ཇུས་གཅོད་དང་བཀོད་སྒྲིག་མཐའ་འཁྱོངས་དཔྱིས་ཕྱིན་བྱེད་པ་དང་། གྲོས་གཞི་འདི་ལས་གཏན་ཁེལ་བྱས་པའི་གོང་སྤེལ་གྱི་ལྟ་བ་དང་། དམིགས་འབེན་གཙོ་བོ། ལས་འགན་གཙོ་གནད། བྱེད་ཐབས་གལ་ཆེན་བཅས་དོན་འཁྱོལ་བྱ་དགོས། ས་ཁུལ་ཁག་གིས་དོན་དངོས་གཞིར་བཟུང་ཐོག ས་ཁུལ་དེ་གའི་“ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་གཏན་འབེབས་བྱེད་ཆོག རིམ་པ་ཁག་དང་རིགས་དབྱེ་ཁག་གི་འཆར་འགོད་ལས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཚུད་པའི་འཕེལ་རྒྱས་ཀྱི་ལྟ་བ་མཚོན་པའི་དམིགས་ཚད་མང་དུ་གཏོང་བ་དང་། སྲིད་གཞུང་གི་འགན་འཁྲི་ལག་བསྟར་ཐད་ཀྱི་གཅུན་སྡོམ་རང་བཞིན་གྱི་དམིགས་ཚད་ཁ་སྣོན་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་ཇུས་གཅོད་དང་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས།

  “ལྔ་ཚན་བཅུ་གསུམ་པ་”ཡི་སྐབས་ཀྱི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པའི་མདུན་ལམ་ལ་འོད་སྟོན་ལྡན་ཞིང་། ལས་འགན་ཧ་ཅང་ལྗིད་མོ་ཡོད། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་རྣམས་བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཐོག མི་བརྒྱ་སེམས་གཅིག་དང་། དཀའ་སྤྱད་འབད་བརྩོན་བྱས་ནས། ཐུན་མོང་ཐོག་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་གྲུབ་བྱེད་པར་ཕུ་ཐག་གཅོད་པའི་དུས་རིམ་གྱི་རྒྱལ་ཁ་རླབས་པོ་ཆེ་ཐོབ་པར་བརྩོན་ལེན་བྱ་དགོས།

2015ལོའི་དུས་དེབ་བཅུ་གཉིས།