བསམ་པའི་ཟས་རིགས་ཆེས་ཡག་ཤོས་དེ་མི་དམངས་ལ་སྟེར་དགོས།

  ལོ་གཅིག་གི་སྔོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བའི་རིག་རྩལ་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་གསུང་བཤད་གལ་ཆེན་གནང་། གསུང་བཤད་འདི་ལས་རིག་རྩལ་དང་རིག་རྩལ་ལས་དོན་སྐོར་གྱི་འོས་འགན་ལྕི་མོ་རྒྱས་བཤད་ཟབ་མོ་དང་རིག་རྩལ་གྱིས་“མི་དམངས་ལྟེ་བ་འཛིན་རྒྱུ་”ཡི་རྩ་བའི་བྱེད་ཕྱོགས་རྒྱས་བཤད་ཞིབ་མོ་གནང་སྟེ། ཚན་རིག་དང་མཐུན་པའི་སྒོ་ནས་རིག་རྩལ་དར་རྒྱས་གོང་འཕེལ་སྐོར་གྱི་གནད་དོན་གལ་ཆེན་རབ་དང་རིམ་པ་ཞིག་ལ་དྲིས་ལན་བཏབ་པས་ང་ཚོའི་རིག་རྩལ་ལས་དོན་ཕྱོགས་ཀྱི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་མཐོར་འདེགས་ཆེན་པོ་བཏང་ཡོད། འདི་ནི་མར་ཁེ་སི་རིང་ལུགས་ཀྱི་རིག་རྩལ་གཞུང་ལུགས་ཉིད་ཀྲུང་གོ་ཅན་དུ་འགྱུར་བའི་ཆེས་གསར་པའི་གྲུབ་འབྲས་ཡིན་ལ། རིག་རྩལ་ལས་དོན་དང་རིག་གནས་འཛུགས་སྐྱོང་ལ་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆའང་ཡིན། ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ་དང་། ཚོགས་འདུའི་ཐོག་《སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་སྐོར་གྱི་བསམ་འཆར》གྲོས་འཆམ་བྱུང་བ་རེད། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཐིང་གིས་《རྒྱལ་ཁབ་ལ་དབང་བའི་རིག་གནས་ཁེ་ལས་ལ་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་ཀྱི་ཕན་ནུས་ཨང་དང་པོར་འཇོག་རྒྱུ་དང་། སྤྱི་ཚོགས་ཀྱི་ཕན་ནུས་དང་དཔལ་འབྱོར་གྱི་ཕན་ནུས་ཕན་ཚུན་གཅིག་གྱུར་མངོན་འགྱུར་བྱེད་པའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》པར་བསྐྲུན་དང་འགྲེམ་སྤེལ་བྱས་པ་རེད། འདི་དག་ཡོད་ཚད་ལས་ཏང་ཀྲུང་དབྱང་གིས་རིག་རྩལ་ལས་དོན་ལ་འཛིན་པའི་མཐོང་ཆེན་ཚད་མེད་དང་རིག་རྩལ་ལས་དོན་པ་ལ་བཅངས་པའི་ཐུགས་ཁུར་ཆེན་པོ་མཚོན་ཡོད། ལོ་གཅིག་གི་རིང་ལ། ཏང་ཡོངས་ཀྱི་གོང་འོག་ཚང་མ་དང་ཁྱད་པར་དུ་བསམ་བློ་རིག་གནས་འཐབ་ཕྱོགས་དྲིལ་བསྒྲགས་ཀྱིས་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ཏེ་བྱེད་ཐབས་ནུས་ལྡན་ཡིན་ལ་ཕན་ནུས་མངོན་གསལ་དོད་པོ་ཐོབ་པ་རེད། ང་ཚོས་མུ་མཐུད་དུ་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། ཀྲུང་དབྱང་གིས་སྒྲིག་བཀོད་ལ་གཞིགས་ནས། མུ་མཐུད་དུ་ངོས་འཛིན་མཐོར་འདེགས་གཏོང་བ་དང་དུས་བསྟུན་མདུན་བསྐྱོད་བྱེད་པ། སྟོབས་ཤུགས་ཆེན་པོས་རིག་རྩལ་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་དང་རིག་རྩལ་ལས་དོན་གྱི་གནས་བབས་གསར་པ་གསར་དུ་གཏོད་དགོས།

  རིག་རྩལ་ནི་མི་རིགས་སྙིང་སྟོབས་ཀྱི་མེ་སྒྲོན་ཡིན་ལ། དུས་རབས་མདུན་བསྐྱོད་ཀྱི་འབོད་སྐུལ་ཡང་ཡིན། རིག་རྩལ་ལས་དོན་ལས་དུས་རབས་ཤིག་གི་སྣང་བརྙན་མཚོན་ཐུབ་ལ། དུས་རབས་ཤིག་གི་སྤྱོད་སྲོལ་སྣེ་འཁྲིད་ཀྱང་བྱས་ཐུབ། རིག་གནས་ནི་མི་རིགས་འཚོ་གནས་དང་གོང་འཕེལ་གཏོང་བའི་ནུས་ཤུགས་གལ་ཆེན་ཞིག་ཡིན། སྔོན་ཐོན་རིག་གནས་ཀྱིས་སྣེ་འཁྲིད་ལེགས་པོ་མེད་ན། མི་དམངས་ཀྱི་བསམ་པའི་འཇིག་རྟེན་ཕུན་སུམ་ཚོགས་པོ་ཆགས་མི་ཐུབ། མི་རིགས་སྙིང་སྟོབས་ཀྱི་ནུས་ཤུགས་ལ་མུ་མཐུད་དུ་ཤུགས་སྣོན་མ་རྒྱག་ན། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་འཛམ་གླིང་མི་རིགས་ཀྱི་ནགས་ཚལ་དུ་འགྱིང་ངེར་ལངས་མི་ཐུབ། སྐུ་ཞབས་ལུའུ་ཞུན་ལགས་ཀྱིས་གསུང་མྱོང་བ་ཞིག་སྟེ། རྒྱལ་མིའི་བསམ་པའི་འཇིག་རྟེན་བསྒྱུར་བཅོས་བྱེད་དགོས་ན་ཐོག་མར་རིག་རྩལ་སྤེལ་དགོས། ང་ཚོའི་ཏང་གིས་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན། བསྒྱུར་བཅོས་བཅས་ལ་འགོ་ཁྲིད་བྱེད་པའི་རླབས་ཆེ་བའི་བརྒྱུད་རིམ་ཁྲོད། རིག་རྩལ་ནི་ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དཀའ་ཚེགས་སྣ་ཚོགས་ལས་རྒྱལ་བ་དང་། གཏན་འཁེལ་གྱི་དམིགས་འབེན་ལ་ཁ་ཕྱོགས་ནས་འབད་འབུངས་མདུན་བསྐྱོད་བྱེད་པར་སྐུལ་སློང་བྱེད་པའི་བསམ་པའི་སྒུལ་ཤུགས་ཆེན་པོ་ཞིག་ཡིན། དེ་རིང་། ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་ལས་ཀྱང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་དམིགས་ཡུལ་དང་ཐག་ཉེ་རུ་སླེབས་ཡོད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་མངོན་འགྱུར་བྱེད་པར་དངོས་པོའི་སྟོབས་ཤུགས་ཆེན་པོ་ལྡན་དགོས་ལ། བསམ་པའི་སྟོབས་ཤུགས་ཆེན་པོའང་ལྡན་དགོས། འདི་ནི་ཀྲུང་ཧྭ་རིག་གནས་དར་རྒྱས་གོང་འཕེལ་དང་འབྲལ་ཐབས་མེད་ལ། རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་དང་ཡང་འབྲལ་ཐབས་མེད། ངེས་པར་དུ་རིག་རྩལ་དང་རིག་རྩལ་ལས་དོན་པ་ལ་མཐོང་ཆེན་ཚད་མེད་དང་དེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པ་ནང་བཞིན། “‘ལོ་བརྒྱ་གཉིས་’ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་ཏེ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་རིག་རྩལ་གྱི་ནུས་པ་ནི་ཚབ་བྱས་མི་ཐུབ་པ་ཞིག་རེད། རིག་རྩལ་ལས་དོན་པས་ནུས་པ་འདོན་ས་ནི་ཧ་ཅང་མང་བ་ཞིག་ཡོད།”སྙིང་སྟོབས་ཀྱི་དར་ཆ་བསྒྲེང་བ་དང་། བསམ་པའི་འདེགས་བྱེད་འཛུགས་པ། བསམ་པའི་ཁྱིམ་གཞིས་འཛུགས་པ་བཅས་ནི་དེང་རབས་ཀྲུང་གོའི་རིག་རྩལ་གྱི་གཟི་བརྗིད་ལྡན་པའི་འགན་འཁྲི་ཡིན་ལ། ཀྲུང་གོའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཀྲུང་གོའི་རིན་ཐང་དྲིལ་བསྒྲགས་བྱེད་པ། ཀྲུང་གོའི་སྟོབས་ཤུགས་གོང་བུར་གཅིག་འདྲིལ་བྱེད་རྒྱུ་ནི་རིག་རྩལ་ལས་དོན་པའི་གཟི་བརྗིད་ལྡན་པའི་འོས་འགན་ཡིན། རྒྱ་ཆེའི་རིག་རྩལ་ལས་དོན་པས་འདི་འདྲའི་མཐོ་ཚད་ནས་རིག་རྩལ་གྱི་གོ་གནས་དང་ནུས་པ་ལ་ངོས་འཛིན་དང་། རང་ཉིད་ཀྱིས་འགན་ཁུར་བའི་ལོ་རྒྱུས་ཀྱི་འགན་འཁྲི་དང་འོས་འགན་ལ་ངོས་འཛིན་བྱེད་དགོས།

  ང་ཚོ་ནི་བསྒྱུར་བཅོས་སྒོ་འབྱེད་ཀྱི་རླབས་ཆེ་བའི་དུས་སྐབས་ནང་ཚུད་ཡོད། རླབས་ཆེ་བའི་དུས་སྐབས་ཀྱིས་རླབས་ཆེ་བའི་སྙིང་སྟོབས་ལ་འབོད་སྐུལ་བྱེད་བཞིན་ཡོད་ཅིང་། ང་ཚོར་ཉམས་རྒྱུ་མེད་པའི་རིག་རྩལ་བརྩམས་ཆོས་ཡོད་དགོས། རིག་རྩལ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས་ན། ཆེས་གཞི་རྩ་ནི་ང་ཚོའི་རླབས་ཆེ་བའི་མི་རིགས་འདི་དང་རླབས་ཆེ་བའི་དུས་རབས་འདི་ལ་ངོ་གནོང་མི་དགོས་པའི་ཕུལ་བྱུང་བརྩམས་ཆོས་གསར་རྩོམ་དང་ཐོན་སྐྱེད་བྱེད་དགོས། ཕུལ་བྱུང་བརྩམས་ཆོས་གསར་རྩོམ་བྱེད་རྒྱུ་དང་ཐོན་སྐྱེད་བྱེད་རྒྱུ་དེ་རིག་རྩལ་ལས་དོན་གྱི་ལྟེ་བའི་ལྷུ་ཚིགས་སུ་འཇོག་རྒྱུ་དང་། ཆེས་ཡག་ཤོས་ཀྱི་བསམ་པའི་ཟས་རིགས་དེ་མི་དམངས་ལ་སྟེར་དགོས། ཕུལ་དུ་བྱུང་བའི་རིག་རྩལ་བརྩམས་ཆོས་ཀྱིས་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་རིག་གནས་གསར་བསྐྲུན་གྱི་ནུས་པ་དང་ཆུ་ཚད་མཚོན་པ་རེད། མི་རྣམས་ལ་ཡིད་འགུག་པ་དང་སྣེ་འཁྲིད་པ། བློ་སྒོ་འབྱེད་དགོས་ན་ངེས་པར་དུ་བརྩམས་ཆོས་ལེགས་པོ་ཡོད་དགོས། དུས་རབས་ཤིག་གི་རིག་རྩལ་གྲུབ་འབྲས་ལ་དཔྱད་དཔོག་བྱེད་པར་མཐའ་གཏུགས་ན་བརྩམས་ཆོས་ལ་བལྟ་དགོས། དེང་རབས་ཀྲུང་ཧྭའི་རིག་གནས་སྙིང་སྟོབས་ཁྱབ་བསྒྲགས་བྱེད་པ་དང་ཀྲུང་གོ་བའི་ཡ་རབས་ཀྱི་མཛེས་དཔྱོད་རེ་སྙེག་མཚོན་པ་དང་། བསམ་བློའི་རང་བཞིན་དང་སྒྱུ་རྩལ་གྱི་རང་བཞིན། ལྟད་མོའི་རང་བཞིན་བཅས་ཟུང་འབྲེལ་དམ་པོ་བྱེད་པའི་ཕུལ་བྱུང་བརྩམས་ཆོས་སྔར་ལས་མང་བ་གསར་རྩོམ་དང་ཐོན་སྐྱེད་བྱེད་པར་འབད་དགོས། དེར་བརྟེན། ངེས་པར་དུ་“ལོ་བཅུ་ལ་གྲི་གཅིག་བརྡར་བའི་”སྙིང་སྟོབས་ཡོད་དགོས་པ་དང་། ངེས་པར་དུ་སྤུས་ལེགས་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས། སྤུས་ལེགས་ཞེས་པ་‘ལེགས་པོ་’ཡིན་དགོས་པའི་རྒྱུ་མཚན་ནི། དེའི་བསམ་བློ་གཏིང་ཟབ་དང་སྒྱུ་རྩལ་རྩེར་སོན། སྒྲིག་སྟངས་སྤུས་བཟང་བཅས་ཡིན་དགོས། གྲངས་ཀ་འདང་ན་སྤུས་ཀ་མི་ལེགས་པ་དང་། ‘མཐོ་སྒང་’ཡོད་ན་‘མཐོ་རྩེ་’མེད་པའི་སྣང་ཚུལ་བཀག་འགོག་ཏན་ཏིག་བྱེད་པ་དང་། རིག་རྩལ་གསར་རྩོམ་ཁྲོད་གནས་པའི་“འཕྲུལ་འཁོར་ཅན་གྱི་ཐོན་སྐྱེད་”དང་“སྟབས་བདེ་བའི་ཟས་རིགས་ལྟ་བུའི་འཛད་སྤྱོད་”ཀྱི་གནད་དོན་ཐག་གཅོད་ལེགས་པོ་གཏོང་དགོས། ལོས་ཡིན་ཏེ། ཕུལ་དུ་བྱུང་བའི་བརྩམས་ཆོས་ནི་སྲོལ་ལུགས་གཅིག་གི་འཆིང་རྒྱ་ལས་གྲོལ་བ་དང་། རྣམ་པ་ཞིག་གི་ཚུལ་ཀ་མ་ཡིན་པ། སྣ་ཁ་གཅིག་གི་ཐོག་ཏུ་གཏན་འཁེལ་མི་བྱས་པ་ཞིག་ཡིན་དགོས་པ་སྟེ། སྤྱིར་བཏང་བ་ཡོད་དགོས་ལ་ཁྱད་དུ་འཕགས་པའང་ཡོད་དགོས། དྲང་ཕྱོགས་ཀྱི་ནུས་ཤུགས་དང་ཡིད་འགུག་གི་ནུས་ཤུགས་ལྡན་ཚེ། སེམས་ལ་དྲོད་གཤེར་སྟེར་བ་དང་བློ་གྲོས་ཀྱི་སྒོ་མོ་འབྱེད་ཐུབ། ཚུགས་ཐུབ་པ་དང་བསྒྲགས་ཐུབ་པ། འཇོག་ཐུབ་པ་བཅས་ཀྱི་སྒོ་ནས་མི་དམངས་མང་ཚོགས་ལ་དགའ་པོ་བྱུང་ཐུབ་རྒྱུ་ནི་ཕུལ་བྱུང་གི་བརྩམས་ཆོས་ཡིན། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། རིག་རྩལ་དམངས་གཙོ་དང་སྒྱུ་རྩལ་དམངས་གཙོ་དར་སྤེལ་བཏང་སྟེ། ཧུར་བརྩོན་བདེ་ཐང་དང་ཁོད་ཡངས་མཐུན་འགྲིག་གི་ཁོར་ཡུག་བསྐྲུན་དགོས། ལྟ་བ་མི་འདྲ་བ་དང་གྲུབ་མཐའ་མི་འདྲ་བ་ཡིས་གྲོས་མོལ་གང་ལེགས་བྱེད་རྒྱུ་དར་སྤེལ་གཏོང་བ་དང་། རྩོམ་ལུགས་དང་བརྗོད་དོན། རྣམ་པ། བྱེད་ཐབས་བཅས་འཕེལ་རྒྱས་ལེགས་པོ་བཏང་ནས། ལྟ་བ་དང་ནང་དོན། སྤྱོད་སྲོལ། གྲུབ་མཐའ་བཅས་ཕན་ཚུན་གྲོས་བསྡུར་དང་བརྗེ་རེས་བྱེད་པར་སྐུལ་འདེད་གཏོང་དགོས། གསར་གཏོད་ནི་རིག་རྩལ་གྱི་ཚེ་སྲོག་ཡིན། རིག་རྩལ་གསར་རྩོམ་ནི་ལྟ་བ་དང་ལག་ཐབས་ཕན་ཚུན་ཟུང་འབྲེལ་བྱེད་པ་དང་། ནང་དོན་དང་རྣམ་པ་ཕན་ཚུན་ཟུང་འབྲེལ་བྱེད་པའི་གསར་གཏོད་གཏིང་ཟབ་ཅིག་ཡིན་པ་དང་། སྒྱུ་རྩལ་གྱི་རྒྱུ་ཆ་དང་ལག་རྩལ་གྱི་རྒྱུ་ཆ་སྣ་ཚོགས་མཉམ་དུ་འདུས་པ་ཞིག་ཡིན་ལ། ཁོག་རྒྱ་དང་གསར་བསྐྲུན་གྱི་མཐུད་འབྲེལ་ཞིག་ཀྱང་ཡིན། གསར་གཏོད་ཀྱི་སྙིང་སྟོབས་དེ་རིག་རྩལ་གསར་རྩོམ་དང་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཡོངས་སུ་བརྒྱུས་ཏེ། རིག་རྩལ་གྱི་གསར་རྩོམ་ནུས་པ་མཐོ་རུ་གཏོང་དགོས། རིག་རྩལ་གསར་རྩོམ་དར་རྒྱས་གཏོང་བ་དང་། རིག་རྩལ་གསར་གཏོད་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་ཀུན་སྤྱོད་དང་རིག་རྩལ་གཉིས་ཀ་ལེགས་པའི་རིག་རྩལ་མཁས་དབང་ཚན་པ་ཞིག་གསོ་སྐྱོང་བྱེད་དགོས་པ་དང་། རིག་རྩལ་ཤེས་ལྡན་མི་སྣ་དཔུང་ཁག་ཆེན་པོ་ཞིག་འཛུགས་དགོས། རིག་རྩལ་ལས་དོན་པས་སེམས་ལ་བརྟན་པོ་བཟུང་དགོས་རྒྱུ་ཞིག་ནི། གསར་རྩོམ་ནི་རང་གི་ལྟེ་བའི་ལས་འགན་ཡིན་ལ། བརྩམས་ཆོས་ནི་རང་གི་རྐང་འཛུགས་ཀྱི་ནུས་པ་ཡིན། སེམས་རྣལ་དུ་ཕབ་ནས་སྤུས་ཀ་ལེགས་པོའི་བརྩམས་ཆོས་རྩོམ་དགོས། དམིགས་ཡུལ་རྒྱང་རིང་དུ་འཇོག་སྟེ་དུས་རབས་ཀྱི་འཚོ་བ་དང་བསྟུན་ནས་གསར་གཏོད་བྱེད་པ་དང་། རང་གི་རིག་རྩལ་ཁྱད་ཆོས་ལ་བརྟེན་ནས་གསར་གཏོད་བྱེད་དགོས། རང་རྟོགས་ཀྱིས་རིག་རྩལ་བསམ་བློ་བརྟན་སྲུང་བྱེད་དགོས་པ་དང་། མུ་མཐུད་དུ་ཤེས་བྱ་དང་བློ་སྦྱོང་། བྱང་ཚད་བཅས་མཐོ་རུ་འདེགས་དགོས། བསམ་བློའི་གསོག་འཇོག་དང་ཤེས་བྱའི་གསོག་འཇོག རིག་གནས་ཀྱི་བྱང་ཚད། རིག་རྩལ་གྱི་གསོ་སྦྱོང་བཅས་ལ་ཤུགས་སྣོན་རྒྱག་པ་དང་། ནན་ཏན་གཟབ་བརླིང་གི་སྒོ་ནས་བརྩམས་ཆོས་ཀྱི་སྤྱི་ཚོགས་ཕན་ནུས་ལ་བསམ་བློ་གཏོང་དགོས་པ་དང་། སྤུས་ཀ་དག་ཚད་ལ་དང་དོད་བྱེད་ཅིང་། རིག་རྩལ་ཀུན་སྤྱོད་ལ་མཐོང་ཆེན་བྱས་ཏེ། ཡ་རབས་ཀྱི་ལས་རིགས་སྤྱོད་ལམ་དང་ཡིད་དུ་འོང་བའི་སྤྱི་ཚོགས་སྣང་བརྙན། ཚིག་སྙན་དོན་བཟང་གི་ཕུལ་བྱུང་བརྩམས་ཆོས་བརྩམས་ཏེ་མི་དམངས་ཀྱི་དགའ་བསུ་ཐོབ་པར་བྱེད་དགོས།

  ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་མི་དམངས་ཀྱི་གཙོ་གནད་ནུས་པ་འདོན་སྤེལ་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་གཏོང་དགོས་ན། ངེས་པར་དུ་མི་དམངས་ལྟེ་བར་བྱས་པའི་གསར་རྩོམ་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། མི་དམངས་ཀྱི་ཆེད་དུ་འབྲི་བ་དང་། མི་དམངས་ཀྱི་ཆེད་དུ་བསམ་ཚུལ་སྟོན་པ། མི་དམངས་ཀྱི་ཆེད་དུ་ཕུགས་འདུན་སྟོན་དགོས། ལོ་ངོ་73གྱི་སྔོན་དུ། བློ་མཐུན་མའོ་ཙེ་ཏུང་གིས་ཡན་ཨན་རིག་རྩལ་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་ལས་བསྟན་དོན། ང་ཚོའི་རིག་རྩལ་ནི་མི་དམངས་ཀྱི་དོན་དུ་ཡིན་ཞེས་སོ། དེ་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་དུ་ནན་བཤད་བྱས་དོན། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་ནི་ངོ་བོའི་ཐོག་ནས་མི་དམངས་ཀྱི་རིག་རྩལ་ཡིན། རིག་རྩལ་གྱིས་མི་དམངས་ཀྱི་བསམ་ཚུལ་ལེགས་པོ་མཚོན་དགོས་ལ། མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་རྒྱུའི་རྩ་བའི་ཁ་ཕྱོགས་འདི་རྒྱུན་འཁྱོངས་བྱེད་དགོས། འདི་ནི་ཏང་གིས་རིག་རྩལ་འཐབ་ཕྱོགས་ལ་བཏོན་པའི་རྩ་བའི་བླང་བྱ་ཞིག་ཡིན་ལ། རང་རྒྱལ་གྱི་རིག་རྩལ་བྱ་གཞག་གི་མདུན་ལམ་དང་ལས་དབང་གཏན་འཁེལ་བྱས་པའི་འགག་རྩ་ཡང་ཡིན། མར་ཁེ་སི་རིང་ལུགས་ཀྱི་རིག་རྩལ་ལྟ་བ་བརྟན་པོ་འཛུགས་པ་དང་། མི་དམངས་ལྟེ་བར་ངོ་མ་འཛིན་ཐུབ་ན། ད་གཟོད་ཆེས་ཆེ་བའི་དྲང་ཕྱོགས་ཀྱི་ནུས་ཤུགས་འདོན་སྤེལ་བྱས་ཐུབ། མི་དམངས་ལྟེ་བར་འཛིན་རྒྱུ་སྟེ། མི་དམངས་ཀྱི་བསམ་པའི་རིག་གནས་དགོས་མཁོ་སྐོང་རྒྱུ་དེ་རིག་རྩལ་དང་རིག་རྩལ་ལས་དོན་གྱི་གཞི་འཛིན་ས་དང་རྐང་ཚུགས་ས་བྱེད་པ་དང་། མི་དམངས་དེ་རིག་རྩལ་མཚོན་བྱེད་ཀྱི་གཙོ་གནད་དུ་འཛིན་པ། མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་རིག་རྩལ་ལས་དོན་པའི་ལས་འགན་དུ་འཛིན་པ་བཅས་བྱེད་དགོས། རྩོམ་པ་པོ་དང་སྒྱུ་རྩལ་པ་ནི་དུས་རབས་དར་སྲོལ་གྱི་སྔོན་རྟོགས་པ་དང་སྔོན་བསྐྱོད་པ། སྔོན་སྤེལ་བ་བཅས་སུ་འགྱུར་དགོས་པ་དང་། རྩ་རུས་ཡོད་པ་དང་ཀུན་སྤྱོད་འཛོམས་པ། དྲོད་གཤེར་ལྡན་པ་བཅས་ཀྱི་རིག་རྩལ་བརྩམས་ཆོས་སྔར་ལས་མང་བ་བརྒྱུད་ནས། མི་དམངས་ཀྱི་རླབས་ཆེ་བའི་ལག་ལེན་དང་དུས་རབས་ཡར་ཐོན་གྱི་དགོས་མཁོ་འབྲི་འགོད་བྱས་ཏེ། དད་མོས་ཀྱི་འབྲས་བཟང་དང་ར་ཡབས་ཀྱི་སྤྱོད་བཟང་མངོན་དགོས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མུ་མཐུད་དུ་མཐོ་རུ་ཕྱིན་པ་དང་བསྟུན་ནས། མི་དམངས་ཀྱིས་རིག་རྩལ་བརྩམས་ཆོས་བཅས་འདུས་པའི་རིག་རྩལ་ཐོན་རྫས་ཀྱི་སྤུས་ཀ་དང་བྱང་ཚད། སྤྱོད་སྲོལ་བཅས་ཀྱི་བླང་བྱ་ཡང་སྔར་བས་ཇེ་མཐོར་སོང་ཡོད། དུས་རབས་འཕེལ་རྒྱས་ཀྱི་རྗེས་སུ་སྙེག་པ་དང་མི་དམངས་ཀྱི་དགོས་མཁོ་རྒྱུས་ལོན་བྱས་ཏེ། རབ་ཏུ་འཁོལ་བའི་སྤྲོ་སེམས་དང་གསོན་ཉམས་ལྡན་པའི་མྱུག་རྩེ། ཡིད་དུ་འོང་བའི་འགྱུར་ཁུག ཡིད་སེམས་འགུལ་བའི་སྣང་བརྙན་བཅས་ཀྱིས་མི་དམངས་དགའ་པོ་ཡོད་པའི་ཕུལ་བྱུང་བརྩམས་ཆོས་གསར་རྩོམ་དང་ཐོན་སྐྱེད་བྱས་ནས། མི་དམངས་ཀྱི་བསམ་པའི་རིག་གནས་འཚོ་བ་མུ་མཐུད་དུ་སྐས་རིམ་གསར་པ་ཞིག་ཏུ་ཐོན་པར་བྱེད་དགོས། མི་དམངས་ལ་རིག་རྩལ་མཁོ་བ་དང་། རིག་རྩལ་གསར་རྩོམ་བྱེད་པ་ལ་ཡང་མི་དམངས་མཁོ། མི་དམངས་ནི་རིག་རྩལ་གསར་རྩོམ་གྱི་འབྱུང་ཁུངས་ཆུ་འགོ་ཡིན། མི་དམངས་དང་ཁ་འབྲལ་ཚེ། རིག་རྩལ་ནི་རྩ་བ་མེད་པའི་ཆུ་གཡེང་རྩྭ་དང་། ནད་མེད་པའི་ན་སྐད། བླ་སྲོག་མེད་པའི་ལུས་པོ་དང་མཚུངས་སོ། ཕུལ་དུ་བྱུང་བའི་བརྩམས་ཆོས་རྩོམ་ཐུབ་མིན་གྱི་ཆེས་གཞི་རྩའི་གཏན་འཁེལ་ནི་མི་དམངས་ཀྱི་ཆེད་དུ་འབྲི་བ་ཡིན་མིན་དང་། མི་དམངས་ཀྱི་བསམ་ཚུལ་མཚོན་ཡོད་མིན། མི་དམངས་ཀྱི་ཆེད་དུ་རེ་བ་མཚོན་ཡོད་མིན་བཅས་ལ་རག་ལས། རིག་རྩལ་ལས་དོན་པར་གྲུབ་འབྲས་ཐོབ་དགོས་ན། ངེས་པར་དུ་རང་རྟོགས་ཀྱིས་མི་དམངས་དང་མཉམ་དུ་དཀའ་སྡུག་མཉམ་མྱོང་དང་། ལས་བསྐལ་མཉམ་རོལ། གཅིག་སེམས་གཅིག་མཐུན་བྱས་ཏེ། མི་དམངས་ཀྱི་སྤྲོ་བ་དང་མཉམ་དུ་སྤྲོ་ཤིང་། མི་དམངས་ཀྱི་སྡུག་བསྔལ་དང་མཉམ་དུ་སྡུག་སྟེ་མི་དམངས་ཀྱི་བུ་ཕྲུག་བྱེད་དགོས། འདི་ནི་ཡང་དག་པའི་བགྲོད་ལམ་ཉག་ཅིག་རེད། རིག་རྩལ་གྱིས་རེ་བའི་གཤོག་ཟུང་རྒྱང་རིང་ལ་འཕུར་དུ་འཇུག་ཆོག་ཀྱང་རྐང་པས་ངེས་པར་དུ་སྲ་བརྟན་གྱི་ས་གཞིའི་ཐོག་མནན་དགོས། རིག་རྩལ་གསར་རྩོམ་གྱི་ཐབས་ཤེས་བརྒྱ་དང་སྟོང་ཡོད་ཀྱང་ཆེས་གཞི་རྩ་དང་ཆེས་འགག་རྩ། ཆེས་བརྟན་པོའི་ཐབས་ཤེས་ནི་མི་དམངས་སུ་རྐང་ཚུགས་པ་དང་འཚོ་བའི་ནང་དུ་རྐང་ཚུགས་རྒྱུ་དེ་ཡིན། མི་དམངས་ཀྱི་ཆེས་རླབས་ཆེ་བའི་ལག་ལེན་དང་ཕུན་སུམ་ཚོགས་པའི་འཚོ་བའི་ཁྲོད་གསོ་བཅུད་ལེན་པ་དང་། མུ་མཐུད་དུ་འཚོ་བ་དང་རིག་རྩལ་གསོག་ཉར་བྱེད་པ། མུ་མཐུད་དུ་མཛེས་སྡུག་མཐོང་རྙེད་དང་མཛེས་སྡུག་གསར་བསྐྲུན་བྱས་ཏེ། མི་དམངས་ཀྱིས་བདེ་སྐྱིད་འཚོ་བར་བཅངས་པའི་རེ་བ་དང་དད་སེམས་བརྟན་པོ་འཛིན་དགོས།

  ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་ཀྲུང་གོའི་སྙིང་སྟོབས་དར་སྤེལ་གཏོང་དགོས། ཀྲུང་གོའི་སྙིང་སྟོབས་ནི་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་གྱི་བླ་སྲོག་ཡིན་ལ། ཀྲུང་གོའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་ནི་རིག་རྩལ་ལས་དོན་པའི་གཟི་བརྗིད་ལྡན་པའི་ལས་འགན་རེད། དུས་རབས་རེ་རེ་ལ་དུས་རབས་རེ་རེའི་སྙིང་སྟོབས་ཡོད། རིག་རྩལ་ནི་བླ་སྲོག་བསྐྲུན་པའི་ལས་གྲྭ་ཡིན་ལ། རིག་རྩལ་ལས་དོན་པ་ནི་བླ་སྲོག་གི་བཟོ་སྐྲུན་མཁན་ཡིན། བདེན་བཟང་མཛེས་གསུམ་ལ་རེ་སྙེག་བྱེད་རྒྱུ་ནི་རིག་རྩལ་གྱི་ཡུན་ཕན་གྱི་རིན་ཐང་ཡིན། རིག་རྩལ་གྱི་ཆེས་མཐོ་བའི་ཞིང་ཁམས་ནི་མི་ལ་སེམས་འགུལ་ཐེབས་འཇུག་པ་དང་མི་རྣམས་ཀྱི་བླ་སྲོག་གཙང་མར་བྱེད་པ། མི་རྣམས་ལ་རང་བྱུང་གི་མཛེས་སྡུག་དང་འཚོ་བའི་མཛེས་སྡུག སེམས་ཁམས་ཀྱི་མཛེས་སྡུག་མཐོང་དུ་འཇུག་རྒྱུ་བཅས་རེད། རིག་རྩལ་བརྩམས་ཆོས་ལེགས་པོ་ཞིག་ཡིན་ན་གནམ་སྔོན་པོའི་འོག་གི་ཉི་འོད་དང་དཔྱིད་ཀའི་རླུང་བུ་དང་འདྲ་བར། བསམ་བློའི་སྒོ་མོ་འབྱེད་ཐུབ་པ་དང་སེམས་ཁམས་ལ་དྲོད་གཤེར་སྟེར་ཐུབ་པ། མི་ཚེ་ལ་ཤུགས་རྐྱེན་བཟང་པོ་ཐེབས་ཐུབ་པ་ཞིག་དང་། ཉམས་རྒུད་དུ་འགྲོ་བའི་སྤྱོད་སྲོལ་མེད་པར་གཏོང་ཐུབ་པ་ཞིག་དགོས། རྒྱ་ཆེའི་རིག་རྩལ་ལས་དོན་པས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་དར་ཆ་མཐོན་པོ་བསྒྲེང་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་མངོན་སུམ་གསལ་རྗེན་དུ་རིག་རྩལ་བརྩམས་ཆོས་ཀྱི་ནང་དུ་མཚོན་པར་བྱས་ཏེ། གསོན་ཉམས་ལྡན་པའི་བརྩམས་ཆོས་སྣང་བརྙན་གྱིས་མི་རྣམས་ལ་ཅི་ཞིག་ནི་གདེང་འཇོག་དང་གཟེངས་བསྟོད་བྱེད་དགོས་པ་ཞིག་དང་། ཅི་ཞིག་ནི་ངེས་པར་དུ་ངོ་རྒོལ་དང་བཀག་སྡོམ་བྱེད་དགོས་པ་ཞིག་ཡིན་པ་བསྟན་ནས། བསེར་བུས་ཆར་པ་ཁྲིད་དེ་ཡིད་བག་ཕེབས། བཀའ་སློབ་བཟང་པོ་གསོས་སུ་སྨིན་ནས་སློབ་གསོ་ཡག་པོ་ཡོངས་སུ་ཁྱབ་པར་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱིས་མི་རབས་གཅིག་ནས་གཅིག་ཏུ་བདེན་བཟང་མཛེས་གསུམ་གྱི་ཀུན་སྤྱོད་ཡག་པོ་ལ་རེ་སྙེག་བྱས་ན། ང་ཚོའི་མི་རིགས་ནི་ནམ་ཡང་སྐྱོན་བྲལ་ཡར་ཐོན་དང་། ནམ་ཡང་རེ་བས་ཁེངས་པ་ཞིག་ཡིན་ངེས། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཆ་རྐྱེན་འོག རིག་གནས་ཐོན་རྫས་མང་པོ་ཞིག་ནི་ཚོང་ར་བརྒྱུད་ནས་རིན་ཐང་མངོན་དགོས་པ་དང་། དཔལ་འབྱོར་གྱི་ཕན་ནུས་ལ་བསམ་བློ་གཏོང་ན་གཏན་ནས་མི་རུང་བ་ཞིག་ཡིན།

  ཡིན་ན་ཡང་། སྤྱི་ཚོགས་ཀྱི་ཕན་ནུས་དང་བསྡུར་ན། དཔལ་འབྱོར་གྱི་ཕན་ནུས་ནི་ཨང་གཉིས་པ་ཡིན། རིག་རྩལ་ནི་ཚོང་རའི་རླབས་ཆེན་ཁྲོད་དུ་ཁ་ཕྱོགས་འབོར་མི་རུང་ལ། ཅི་ཞིག་ནི་མིའི་གནད་དོན་ཡིན་པའི་ཐོག་ལྟ་བ་འཆུག་མི་རུང་། དེ་མིན་ཚེ། རིག་རྩལ་ལ་ཚེ་སྲོག་གི་ནུས་ཤུགས་མེད་པར་འགྱུར་འགྲོ། ཞེ་འདོད་ཀྱིས་རེ་འདོད་ཚབ་བྱས་མི་རུང་། ཚོར་དབང་ཙམ་གྱིས་རྩེད་རོལ་ནི་བསམ་པའི་བདེ་སྐྱིད་མིན། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་མདུན་བསྐྱོད་ཁ་ཕྱོགས་རྒྱུན་འཁྱོངས་དང་། འདུ་ཤེས་འཛིན་སྟངས་ཀྱི་ངོ་བོ་དང་ཐོན་ལས་ངོ་བོ། སྤྱི་ཚོགས་ཀྱི་ཕན་ནུས་དང་དཔལ་འབྱོར་གྱི་ཕན་ནུས་བཅས་ཁོང་དུ་ཆུད་པ། ཕན་ནུས་གཉིས་དང་རིན་ཐང་གཉིས་ལ་འགལ་ཟླ་བྱུང་ཚེ། དཔལ་འབྱོར་ཕན་ནུས་ཀྱིས་སྤྱི་ཚོགས་ཕན་ནུས་ལ་བསྟུན་པ་དང་། ཚོང་ར་རིན་ཐང་གིས་སྤྱི་ཚོགས་རིན་ཐང་ལ་བསྟུན་དགོས། རིག་རྩལ་ནི་ཚོང་རའི་བྲན་གཡོག་ཏུ་འགྱུར་མི་རུང་བ་དང་། ལྕགས་ཟགས་ཀྱི་དྲི་ངན་འགོས་ན་མི་ལེགས། བརྩམས་ཆོས་ལེགས་པོ་ཞིག་ཡིན་ན། སྤྱི་ཚོགས་ཀྱི་ཕན་ནུས་དེ་ཨང་དང་པོར་འཇོག་པ་དང་མཉམ་དུ། སྤྱི་ཚོགས་ཕན་ནུས་དང་དཔལ་འབྱོར་ཕན་ནུས་གཉིས་ཕན་ཚུན་གཅིག་གྱུར་ཡིན་པའི་བརྩམས་ཆོས་ཤིག་ཡིན་དགོས་ལ། བསམ་བློའི་ཐོག་དང་རིག་རྩལ་གྱི་ཐོག་ལེགས་འགྲུབ་བྱུང་བ་མ་ཟད། ཚོང་རའི་ཐོག་ལའང་དགའ་བསུ་ཐོབ་དགོས།

  བག་ཏུ་ཕེབས་པར་ཤར་རླུང་ངོམ།། རྣམ་པར་བཀྲ་བ་དཔྱིད་ཀ་སླེབས།། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་གཙོ་སྐྱོང་གནང་བའི་རིག་རྩལ་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་གལ་ཆེ་བའི་གསུང་བཤད་གནང་ཞིང་། རིག་རྩལ་བྱ་གཞག་དེ་འགོ་ཚུགས་ས་གསར་པའི་ཐོག་ནས་བར་བརྒལ་གསར་པ་མངོན་འགྱུར་བྱུང་བར་སྣེ་འཁྲིད་བྱས་པ་རེད། རིམ་པ་སོ་སོའི་ཏང་ཨུ་ཡིས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཐོ་ཚད་ནས། ཏན་ཏན་ཏིག་ཏིག་གིས་ཏང་གི་རིག་རྩལ་ལས་དོན་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་ནས། ཏང་གི་རིག་རྩལ་བྱེད་ཕྱོགས་སྲིད་ཇུས་དོན་འཁྱོལ་ལེགས་པོ་བྱས་ཏེ། རིག་རྩལ་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་རྒྱུས་ལོན་དང་། རྒྱ་ཆེའི་རིག་རྩལ་ལས་དོན་པ་ལ་མཐུན་སྒྲིལ་དང་སྐུལ་སློང་བྱས་ཤིང་། ཏང་ཀྲུང་དབྱང་གི་རེ་བ་སྟོང་ཟད་དུ་མི་གཏོང་བ་དང་། དུས་རབས་ཀྱི་འབོད་སྐུལ་སྟོང་ཟད་དུ་མི་གཏོང་བ། མི་དམངས་ཀྱི་རེ་སྒུག་སྟོང་ཟད་དུ་མི་གཏོང་བར་བཅས་བྱས་ནས། མཐོ་རྩེར་འཛེགས་པའི་སྙིང་སྟོབས་ཀྱིས་མི་རིགས་ལ་ངོ་གནོང་མི་དགོས་པ་དང་དུས་རབས་ལ་ངོ་གནོང་མི་དགོས་པའི་རིག་རྩལ་བརྩམས་ཆོས་སྤུས་ལེགས་གསར་རྩོམ་དང་ཐོན་སྐྱེད་བྱས་ཏེ། མུ་མཐུད་དུ་མི་དམངས་ཀྱི་བསམ་པའི་རིག་གནས་དགོས་མཁོ་སྐོང་བ་དང་། “ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་ཆེད་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་ཏེ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱུང་ཆེད་སྟོབས་ཆེ་བའི་རིན་ཐང་སྣེ་འཁྲིད་ནུས་ཤུགས་དང་རིག་གནས་གཅིག་འདྲིལ་ནུས་ཤུགས། བསམ་པའི་སྐུལ་ཤུགས་བཅས་འདོན་སྤྲོད་བྱེད་དགོས།

  བློ་བཟང་ལྷ་མོས་བསྒྱུར།

2015དུས་དེབ་བཅུ་གཅིག