“ཁྱོན་ཡོངས་བཞི་”ཡི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་དང་སྐུལ་འདེད་གཏོང་བའི་ཁྲོད་ཧུར་ཐག་སྒོས་ཀྲུང་གོའི་ཕུགས་མདུན་མངོན་འགྱུར་ཡོང་བར་བྱེད་དགོས།

  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་66འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ།

  དེབ་འདིའི་དཔྱད་གཏམ་པ།

  གསེར་མདོག་གི་ལྭ་བ་སྤྲས་པའི་སྟོན་ཀ འབྲུ་དྲུག་གི་མགོ་ལྕོག་ལྡེམ་པའི་དུས་ཚིགས། ཀྲུང་གོའི་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་གཟབ་རྒྱས་ངང་རྗེས་དྲན་ཞུས་རྗེས་སུ། ང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་66འཁོར་བར་དུས་སྟོན་བསུ་བར་བྲེལ། རྒྱལ་སྟོན་གྱི་ཉིན་མོར་འདིར། ང་ཚོས་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུ་རྒྱུ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཐའེ་ཝན་སྤུན་ཟླ། ད་དུང་རྒྱ་ཆེ་བའི་ཕྱིར་སྡོད་རང་མི་བཅས་ལ་མཛའ་བརྩེའི་འཚམས་འདྲི་ཞུ་རྒྱུ་ཡིན།

  ལོ་ངོ་66སྔོན་གྱི་དེ་རིང་། བློ་མཐུན་མའོ་ཙེ་ཏུང་གིས་འཛམ་གླིང་ཡོངས་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་མི་དམངས་སྲིད་གཞུང་དབུ་བརྙེས་པའི་དྲིལ་བསྒྲགས་བྱས། དུས་དེ་ནས་བཟུང་ཀྲུང་གོའི་ལོ་རྒྱུས་ཀྱི་དུས་རིམ་གསར་པ་ཞིག་བསུ་ཡོང་བ་རེད། ལོ་ངོ་66ནི་ཅི་འདྲའི་ཐུང་བ་ཞིག་རེད་ཨང་། ཡིན་ནའང་འདི་འདྲའི་དུས་ཐུང་ངུའི་ནང་དུ་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་འགོ་ཁྲིད་དེ་མཐུན་སྒྲིལ་འབད་འཐབ་དང་། དཀའ་སྤྱད་ལས་སྐྲུན་གྱིས་སྔ་རྗེས་སུ་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེ་ནས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་མངོན་འགྱུར་བྱུང་ཞིང་། ཚད་མཐོའི་གཅིག་བསྡུས་ཀྱི་འཆར་ལྡན་དཔལ་འབྱོར་གྱི་སྒྲིག་སྲོལ་ནས་སྐྱེ་སྟོབས་དཔའ་འབར་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་དང་། བཀག་སྡོམ་དང་བཀུག་སྡོམ་ཕྱེད་ཙམ་ནས་ཕྱོགས་ཡོངས་ནས་སྒོ་འབྱེད་པའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་གསར་པ་ཕྱེ་ནས། ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་གོའི་ས་གཞི་ཆེན་མོའི་སྟེང་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་མཛེས་སྡུག་ལྡན་པའི་ཕུགས་བསམ་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་གསོན་ཤུགས་ཆེན་པོ་མངོན་པར་བྱས་ཡོད་ལ། ཟིལ་རླབས་དགུང་དུ་འཕྱུར་ཞིང་འཕོ་འགྱུར་ཆེན་པོ་ལྡན་པའི་ལོ་རྒྱུས་ཤིག་བསྐྲུན་པར་བྱས་ཡོད། རང་རྒྱལ་དབུལ་ཞིང་སྟོང་པ་ནས་དཔལ་འབྱོར་སྤྱི་འབོར་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ་དང་། ལྟོ་གོས་མི་འཛོམ་པ་ནས་སྤྱི་ཡོངས་འབྱོར་འབྲིང་དུ་སླེབས་པ། རྒྱལ་ཁབ་ཀྱི་དཔལ་འབྱོར་དངོས་ཤུགས་དང་ཕྱོགས་བསྡུས་རྒྱལ་སྟོབས་ཆེ་རུ་ཕྱིན་ཡོད་ལ། མི་དམངས་ཀྱི་འཚོ་བ་མངོན་གསལ་དུ་ཇེ་ལེགས་སུ་ཕྱིན་ཡོད་ཅིང་། རྒྱལ་སྤྱིའི་སྟེང་གི་ཀྲུང་གོའི་གོ་གནས་སྔར་ལས་ཇེ་མཐོར་སོང་ཡོད་པ་རེད། སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་རེ་བས་ཁེངས་པའི་ཀྲུང་གོ་ཞིག་འཛམ་གླིང་གི་ཤར་ཕྱོགས་སུ་འགྱིང་ངེར་ལངས་ཡོད། ང་ཚོས་ད་དུང་མུ་མཐུད་དུ་འབད་འཐབ་བྱེད་དགོས་པ་སྟེ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བའི་དུས་སུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་ཆེད་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་100འཁོར་བའི་དུས་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ལེགས་འགྲུབ་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས། ཀྲུང་གོའི་ཕུགས་འདུན་འགྲུབ་ངེས་པ་དང་ཀྲུང་གོའི་མི་དམངས་ལ་རྒྱལ་ཁབ་ཐོབ་ངེས་ཡིན།

  གནའ་བོའི་ཀྲུང་ཧྭ་མི་རིགས་ལ་ཡང་བསྐྱར་དུ་སྐྱེ་སྟོབས་ཀྱི་དཔལ་ཇི་ལྟར་འབར་བ་དང་། དབུལ་ཞིང་ཕོངས་པའི་ཀྲུང་གོ་གོམ་སྟབས་ཆེན་པོས་དུས་རབས་འཕེལ་ཕྱོགས་ཀྱི་རྗེས་སུ་ཇི་ལྟར་ཟིན་པ་རེད་ཅེ་ན། རྩ་བའི་སྟེང་ནས་བརྗོད་ན་དེ་ནི་ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་དང་ཀྲུང་གོའི་དངོས་ཡོད་གནས་ཚུལ་གཉིས་ཕན་ཚུན་ཟུང་འབྲེལ་དང་། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་སྐྱོད་བཅས་རྒྱུན་འཁྱོངས་བྱེད་པ་དང་། བསྒྱུར་བཅོས་སྒོ་འབྱེད་ཀྱི་ཁྲོད་རང་རེའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་ཞིང་མི་དམངས་ཀྱི་འདོད་བློ་དང་འཚམ་པ། འཛམ་གླིང་གི་འཕེལ་ཕྱོགས་དང་བསྟུན་ཐུབ་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཞིག་ཏུ་བསྐྱོད་དེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་གསར་གཏོད་དང་གོང་སྤེལ་བཏང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་གྲུབ་པ་དང་དེ་འཐུས་ཚང་དུ་བཏང་བ་རེད། བསྒྱུར་བཅོས་སྒོ་འབྱེད་ནི་དུས་རབས་ཀྱི་དོན་སྙིང་ལྡན་པའི་འཕོ་འགྱུར་རླབས་པོ་ཆེ་ཞིག་རེད། གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ། བསྒྱུར་བཅོས་སྒོ་འབྱེད་མེད་ན་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མེད་ན་ད་ལྟའི་ཀྲུང་གོའི་དར་རྒྱས་དང་མདུན་བསྐྱོད་ཡོད་མི་སྲིད། སྤྱི་ཚོགས་རིང་ལུགས་ཡིན་ན་ད་གཟོད་ཀྲུང་གོ་སྐྱོབ་ཐུབ་ལ། བསྒྱུར་བཅོས་སྒོ་འབྱེད་བྱས་ན་ད་གཟོད་ཀྲུང་གོ་གོང་སྤེལ་དུ་གཏོང་ཐུབ་པ་དང་སྤྱི་ཚོགས་རིང་ལུགས་གོང་སྤེལ་དུ་གཏོང་ཐུབ་པ། མར་ཁེ་སི་རིང་ལུགས་གོང་སྤེལ་དུ་གཏོང་ཐུབ། ལག་ལེན་ལས་བདེན་དཔང་བྱུང་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ནི་མི་དམངས་ལ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པར་ངེས་པར་དུ་བརྒྱུད་དགོས་པའི་བགྲོད་ལམ་དེ་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ནི་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ཚན་རིག་དང་མཐུན་པའི་ཕྱོགས་སྟོན་ཡིན་ཞིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་དེང་སྐབས་ཀྱི་ཀྲུང་གོ་འཕེལ་རྒྱས་དང་མདུན་བསྐྱོད་བྱེད་པའི་རྩ་བའི་ལམ་ལུགས་ཀྱི་འགན་སྲུང་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ང་ཚོ་རྒྱལ་ཁའི་ངང་མདུན་དུ་བསྐྱོད་པར་ཁྲིད་སྟོན་བྱེད་པའི་དར་ཆ་ཡིན། ལོ་ངོ་66རིང་གི་འོད་སྟོང་འབར་བའི་གྲུབ་འབྲས་དེ་རླབས་ཆེ་བའི་ཀྲུང་གོའི་མི་དམངས་ལ་དབང་བ་དང་། རླབས་ཆེ་བའི་ཀྲུང་གོ་གུང་ཁྲན་ཏང་ལ་དབང་ཞིང་། སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་དཔལ་འབར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་དབང་བའོ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས་གཡོ་འགུལ་མི་གཏོང་བ་ནི་ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་དུ་གཏོད་པའི་རྩ་བའི་འགན་ལེན་ཡིན།

  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་ནས། ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་བྱེད་པ་དང་ འཐབ་ཇུས་འགོད་པ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ། “ཁྱོན་ཡོངས་བཞི་”ཡི་འཐབ་ཇུས་ཀྱི་བཀོད་སྒྲིག་སོགས་གལ་ཆེའི་དགོངས་དོན་གསར་པ་རབ་དང་རིམ་པ་བཏོན་ཏེ། དཔལ་འབྱོར་འཛུགས་སྐྲུན་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་། ཆབ་སྲིད་འཛུགས་སྐྲུན་དང་རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཏང་འཛུགས་སྐྲུན་བཅས་ལ་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་དགོས་པའི་གྲུབ་འབྲས་གསར་པ་ཐོབ་ཡོད། ཏང་ཀྲུང་དབྱང་གིས་འཐབ་ཇུས་བརྟན་པོ་དང་། བརྟན་པོའི་ངང་གོང་སྤེལ་གཏོང་བ་རྒྱུན་འཁྱོངས་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་རང་འགུལ་གྱིས་མཐུན་པོ་བྱེད་པར་སྣེ་འཁྲིད་པ། ནུས་ཤུགས་གང་ཡོད་ཀྱིས་བརྟན་པོའི་ངང་འཕེལ་རྒྱས་དང་བསྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་པ་བཅས་བྱེད་པ་དང་། དམངས་འཚོར་འགན་སྲུང་དང་ལེགས་བཅོས་ཏན་ཏིག་དང་ནུས་ལྡན་བྱས་པས། དཔལ་འབྱོར་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ཡོང་བ་མངོན་འགྱུར་བྱུང་ཡོད། ཏང་ཀྲུང་དབྱང་གིས་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་དང་ལམ་ལུགས་འཛུགས་སྐྲུན་འབུར་ཐོན་བྱེད་ཅིང་། ཆབ་སྲིད་ཀྱི་བློ་སྟོབས་དང་སྤོབས་པ་ཆེན་པོས་ཁྱོན་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པར་སྐུལ་འདེད་བཏང་ནས། མི་དམངས་ལ་བཤད་རིན་ཡོད་པ་ཞིག་དང་བསྒྱུར་བཅོས་ལ་སྟོན་རིན་ཡོད་པ་ཞིག་བཟོས་ཡོད་ལ། ལོ་དུ་མའི་རིང་ལ་འགྲུབ་མ་ཐུབ་པའི་དཀའ་ཁག་ཅན་གྱི་ལས་འགན་མང་པོ་ཞིག་འགྲུབ་ཐུབ་པ་བྱུང་། ཏང་ཀྲུང་དབྱང་གིས་ཏང་གི་འགོ་ཁྲིད་བྱེད་པ་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་བཅས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྒྱང་བསྐྱོད་ཀྱི་ལམ་བུ་གསར་པ་ཕྱེ་བ་རེད། ཏང་ཀྲུང་དབྱང་གིས་ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་ཏང་ནན་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་ཏན་ཏིག་བྱེད་པ། མང་ཚོགས་ལམ་ཕྱོགས་སྐོར་གྱི་སློབ་གསོ་དང་ལག་ལེན་གྱི་བྱེད་སྒོ་དང་“ནན་གསུམ་དྲང་གསུམ་”གྱི་ཆེད་དོན་སློབ་གསོའི་བྱེད་སྒོ་སྤེལ་བ། “སྤྱོད་ཚུལ་བཞི་”མཐའ་གཅིག་ཏུ་ཡོ་བསྲང་བཅས་བྱེད་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་སྐུལ་འདེད་གཏིང་ཟབ་བྱེད་པ། ཆབ་སྲིད་སྐྱེ་ཁམས་བསྐྱར་སྒྲིག་བཅས་བྱས་ནས་ཏང་སེམས་དང་དམངས་སེམས་གཅིག་རུ་འགྲིལ་བ་རེད། ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབས་ཆེན་པོ་གཉིས་གཅིག་གྱུར་འཆར་འགོད་བྱེད་པ་དང་། “རྒྱུད་གཅིག་ལམ་གཅིག་”གི་འཛུགས་སྐྲུན་ཇུས་འགོད་ལ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་ཕྱི་ཕྱོགས་སྒོ་འབྱེད་དང་ཕྱི་འབྲེལ་ལས་དོན་གྱི་རྣམ་པ་གསར་པ་བརྟོལ་ནས་རང་རྒྱལ་གྱི་རྒྱལ་སྤྱིའི་སྟེང་གི་སྐད་ཆ་བཤད་དབང་དང་ཤུགས་རྐྱེན་མངོན་གསལ་དུ་མཐོ་རུ་བཏང་བ་རེད། འགྱུར་ལྡོག་གསར་པ་དང་གྲུབ་འབྲས་གསར་པ་འདི་དག་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཡིད་ཆེས་དང་ཆོད་སེམས་ལ་སྒུལ་ཤུགས་བསྩལ་བ་རེད། དུས་མཚུངས་སུ་ང་ཚོས་ཤེས་དགོས་པ་ཞིག་ནི། རང་རྒྱལ་དུས་ཡུན་རིང་པོ་ཞིག་གི་ནང་དུ་སྔར་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་ནང་གནས་ཡོད་པ་མ་ཟད་ད་དུང་དུས་ཡུན་རིང་པོ་ཞིག་ལ་གནས་རྒྱུ་རེད། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་རྒྱུན་རྣམ་གསར་པར་སླེབས་པ་དང་། འཕེལ་རྒྱས་ཐད་མདུན་ལམ་ཆེན་པོ་ལྡན་པའི་གལ་ཆེ་བའི་འཐབ་ཇུས་གོ་སྐབས་བཟང་པོ་དང་འཕྲད་སྲིད་ལ། ཕན་ཚུན་གཅིག་ཐོག་གཅིག་བརྩེགས་ཀྱི་འགལ་ཟླ་མང་པོའི་འགྲན་སློང་དྲག་པོ་དང་ཡང་འཕྲད་སྲིད་པས། མདུན་བསྐྱོད་ཀྱི་གོ་རིམ་ཁྲོད་རྒྱུན་པར་འཕྲད་མི་སྲིད་པའི་དཀའ་ངལ་དང་ཉེན་ཁ་ལ་འཕྲད་སྲིད་ངེས་རེད། ལོ་རྒྱུས་ཀྱི་འགོ་འཛུགས་གསར་པ་ནས་ལངས་ཐོག ང་ཚོས་ངེས་པར་དུ་ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ་”གྱི་དགོངས་དོན་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཀྱི་མཛུབ་ཁྲིད་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། འཐབ་ཇུས་ཀྱི་གོ་སྐབས་བཟང་པོའི་ནང་དོན་གྱི་འགྱུར་ལྡོག་ཟབ་མོ་ལ་གདེང་ཚོད་གནད་དུ་འཁེལ་བ་བླངས་ཏེ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་སྔར་བས་ནུས་ལྡན་གྱིས་ཁ་གཏད་འཇལ་བ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་མཐུན་སྦྱོར་དང་སྐུལ་འདེད་སྔར་བས་ལེགས་པོ་གཏོང་བ་བཅས་བྱས་ཏེ། “ཁྱོན་ཡོངས་བཞི་”ཡི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་དང་སྐུལ་འདེད་གཏོང་བའི་ཁྲོད་ཧུར་ཐག་སྒོས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་བྱེད་དགོས།

  “ཁྱོན་ཡོངས་བཞི་”ཡི་འཐབ་ཇུས་བཀོད་སྒྲིག་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་གཉེར་གྱི་བཀོད་སྒྲིག་གསར་རྐྱང་ཡིན་པ་དང་། རང་རྒྱལ་འཕེལ་རྒྱས་ཀྱི་དངོས་ཡོད་དགོས་མཁོའི་ཁྲོད་ནས་བྱུང་བ་ཞིག་དང་། མི་དམངས་མང་ཚོགས་ཀྱི་རེ་སྒུག་ཆེན་པོའི་ཁྲོད་ནས་བྱུང་བ་ཞིག་ཡིན་ལ། ང་ཚོར་འཕྲད་པའི་མངོན་གསལ་དོད་པོའི་འགལ་ཟླ་དང་གནད་དོན་ཐག་གཅོད་ལ་སྐུལ་འདེད་བྱེད་ཆེད་བཏོན་པ་ཞིག་ཀྱང་རེད། “ཁྱོན་ཡོངས་བཞི་”ཡི་འཐབ་ཇུས་བཀོད་སྒྲིག་ཁྲོད། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་ནི་འཐབ་ཇུས་དམིགས་ཚད་ཀྱི་གོ་གནས་གཙོ་བོར་གནས་ཡོད་པ་དང་། ཁྱོན་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་གཏོང་བ་དང་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་རྒྱུ་ནི་དམིགས་ཚད་འདི་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་བྱེད་ཐབས་ཆེན་པོ་གསུམ་ཡིན། དེ་དག་ཕན་ཚུན་གཅིག་རམ་གཅིག་འདེགས་དང་། ཕན་ཚུལ་སྐུལ་འདེད། ཕན་ཚུན་མཉམ་འབྲེལ་གྱིས་ནུས་པ་འབུར་ཐོན་བྱ་རྒྱུ་ནི་མི་དམངས་ཀྱི་རེ་སྒུག་དང་ཇི་ལྟར་མཐུན་པར་བྱ་རྒྱུ་དང་ཀྲུང་གོའི་ཕུགས་འདུན་བརྟན་པོའི་ངང་མངོན་འགྱུར་བྱེད་པར་དམིགས་ནས་བཏོན་པའི་རྩེ་རིམ་གྱི་ཇུས་འགོད་ཡིན། གོམ་གང་མདུན་སྤོས་ཀྱིས་རྒྱུན་རྣམ་གསར་པའི་འོག་གི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་གི་འཐབ་ཇུས་ཁ་ཕྱོགས་དང་གཙོ་གནད་ཁྱབ་ཁོངས། དམིགས་འབེན་གཙོ་བོ་གསལ་བར་བྱས་ནས། ཏང་གི་རྒྱལ་སྐྱོང་སྲིད་གཉེར་གྱི་རྣམ་པ་གསར་དུ་བཏོད་དེ། “ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ལམ་ཐིག་གསལ་པོ་ཞིག་བྲིས་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འགན་སྲུང་གལ་ཆེན་ཞིག་ཀྱང་ཡིན། “ཁྱོན་ཡོངས་བཞི་”མཐུན་སྦྱོར་དང་སྐུལ་འདེད་གཏོང་རྒྱུ་ནི་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་ཡོངས་ཀྱི་ལྟེ་བའི་ལས་འགན་ཡིན། ང་ཚོས་བསམ་བློ་དང་བྱེད་སྒོ་དེ་གཅིག་གྱུར་གྱི་སྒོ་ནས་“ཁྱོན་ཡོངས་བཞི་”ཡི་འཐབ་ཇུས་བཀོད་སྒྲིག་སྟེང་འབབ་པ་བྱེད་པ་དང་། “ཁྱོན་ཡོངས་བཞི་”་དམ་པོ་གཞིགས་ནས་ལས་དོན་ཁག་རྣམས་འཆར་འགོད་བྱེད་པ་དང་། ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་བློ་རྩེ་གཅིག་སྒྲིམ་གྱིས་ནུས་ཤུགས་འདོན་དགོས། སྐོང་ཚོགས་བྱེད་གྲབས་ཡོད་པའི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་“ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་གཏན་འབེབས་བྱ་རྒྱུའི་སྐོར་གྱི་དགོངས་དོན་ལ་ཞིབ་འཇུག་དང་གྲོས་འགོ་འདོན་རྒྱུ་རེད། ང་ཚོས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་གནས་བབས་ལ་བརྡར་ཤ་གཅོད་པ། བསྒྱུར་བཅོས་བྱེད་པའི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། “ལྔ་ཚན་བཅུ་གཉིས་པའི་”འཆར་འགོད་ཀྱི་དམིགས་ཚད་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་པ། “ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་ཚན་རིག་དང་མཐུན་པར་སྒྲིག་བཟོ་བྱེད་པ། “ལྔ་ཚན་བཅུ་གསུམ་པའི་”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གཏོང་བའི་ལས་དོན་རྣམས་ནན་ཏན་གྱིས་བསྒྲུབས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་ལེགས་ཤིང་མྱུར་བའི་སྒོ་ནས་གོང་འཕེལ་འགྲོ་བར་སྐུལ་འདེད་དང་། “ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོར་འདིང་དགོས།

  བགྲོད་ལམ་གྱིས་ལས་དབང་ཐག་གཅོད་བྱས་ལ། འབད་བརྩོན་གྱིས་ཕུགས་འདུན་མངོན་འགྱུར་བྱེད། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་སྐྱ་རེངས་བསུ་བའི་དུས་འདིར། བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་བསྐྱོད་བྱེད་དགོས། ང་ཚོས་འབད་འཐབ་ལྷོད་མེད་དང་དཀའ་བ་ཁྱད་གསོད་བྱས་ཏེ་ཀྲུང་གོའི་མི་དམངས་ཐུན་མོང་དུ་བདེ་སྐྱིད་ལྡན་པའི་འཚོ་བ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་སྔར་བས་བརྗིད་ཉམས་ལྡན་པའི་རྣམ་པ་གསར་པ་བཀོད་འབྲི་བྱེད་དགོས།

  སངས་རྒྱས་སྐྱིད་ཀྱིས་བསྒྱུར།

2015ལོའི་དུས་དེབ་བཅུ་གཅིག