དང་རིམ་འཕར་མངོན་འགྱུར་བྱེད་དགོས།

  གསར་སྐྲུན་ནི་རྒྱལ་ཁབ་སྟོབས་ལྡན་དང་སྤྱི་ཚོགས་གོང་འཕེལ་འགྲོ་བའི་སྒུལ་ཤུགས་རྫོགས་མེད་ཅིག་ཡིན། ལག་རྩལ་བསྒྱུར་བཅོས་ཀྱིས་དཔལ་འབྱོར་གྱི་སྤུས་ཀ་དང་ལས་ཆོད་གོང་མཐོར་གཏོང་བར་སྐུལ་འདེད་དང་། གོང་འཕེལ་དང་རིམ་འཕར་མངོན་འགྱུར་བྱེད་པར་ཧ་ཅང་འགག་རྩའི་ནུས་པ་ཐོན་ཡོད། ང་ཚོས་གསར་སྐྲུན་གྱིས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་གཏིང་ཟབ་སྒོས་དོན་འཁྱོལ་དང་། མང་ཚོགས་ཀྱིས་ལས་ལམ་གསར་འབྱེད་དང་མང་ཚོགས་ཀྱིས་གསར་སྐྲུན་བྱེད་རྒྱུ་དར་སྤེལ་གཏོང་བ་ནི། གསར་སྐྲུན་གྱི་བྱེད་ཐབས་དང་ཐབས་ཤེས་བརྒྱུད་ནས་ལས་ལམ་གསར་འབྱེད་ལ་སྐུལ་སྤེལ་གཏོང་རྒྱུ་དེ་ཡིན། དེང་སྐབས་དངོས་པོ་གསར་པ་རབ་དང་རིམ་པ་ཐོན་གྱིན་ཡོད། དཔེར་ན་རྩ་གསུམ་(3D)པར་འདེབས་ཚོད་ལྟའི་ཁང་དུ་ཞིབ་འཇུག་བྱས་ནས་དངོས་ཡོད་ཁྲོད་དུ་ཡུན་རིང་ཞིག་ལ་བཀོལ་བ་དང་། རྒྱལ་སྤྱིའི་ཐོག་ཏུ་མི་ཚང་མས་འདི་ནི་མ་འོངས་འཕེལ་རྒྱས་ལ་ཤུགས་རྐྱེན་གལ་ཆེན་བཟོ་བའི་ལག་རྩལ་གསར་པའི་རླབས་རྒྱུན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། ཐེངས་འདིའི་ཆེད་དོན་འཆད་ཁྲིད་བྱེད་འགོ་མ་བརྩམས་པའི་སྔོན་ལ། ང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བློ་མཐུན་གཞན་པ་ཚོས་3Dཔར་འདེབས་ཀྱི་འགྲེམས་སྟོན་ཁང་གཞི་རྒྱ་ཆུང་བ་ཞིག་ལ་ལྟ་སྐོར་བྱས་པ་དང་། རང་རྒྱལ་གྱིས་3Dཔར་འདེབས་ལག་རྩལ་ཕྱོགས་ནས་གྲུབ་འབྲས་གསར་པ་ལོན་ཡོད་པ་ཤེས་རྟོགས་བྱུང་ལ་སྐུལ་མ་ཆེན་པོ་ཐེབས། ཉེ་སྔོན། ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོའན་ཧྲི། ཞི་ཨན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ལུའུ་པིན་ཧེང་གིས་རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་འཕེལ་རྒྱས་གནས་བབ་དང་། འཛམ་གླིང་གི་3Dཔར་འདེབས་ཀྱི་གཙོ་རྒྱུགས་ལག་རྩལ་དང་མི་འགྱངས་པར་འཐོན་རྒྱུའི་ཚན་རྩལ་ཐོད་བརྒལ་ཆེན་པོ་ངོ་སྤྲོད་བྱས་བྱུང་། དེ་མ་ཟད་འབྲེལ་ཡོད་བསམ་འཆར་འགའ་བཏོན། ཁོང་གི་གཏམ་བཤད་དུས་ཚོད་ཐུང་ངུ་ལས་མེད་ཀྱང་ཕུལ་དུ་བྱུང་བ་ཞིག་རེད། ནང་དོན་ཕུན་སུམ་ཚོགས་ལ་དོན་ཟབ་ཅིང་རྟོགས་སླ་བ་ཞིག་འདུག་པས་ གཏན་བཤད་ལ་ཉན་རྗེས་བློ་སྒོ་ཕྱེས་ལ་བློ་རྒྱ་ཆེན་པོ་བསྐྱེད། དེ་རིང་གི་ང་ཚོས་ཆེད་དུ་3Dཔར་འདེབས་ཀྱི་འཆད་ཁྲིད་ལ་ཉན་པ་ནི། ཕྱི་ན་ཆང་པའི་ཚུལ་ལྡན་ཡང་དོན་དུ་དམིགས་ཡུལ་ལོགས་སུ་ཡོད་ཞེས་པའི་དཔེ་ལྟར། གནས་ལུགས་ཟབ་མོ་བཙལ་ནས། རང་རྒྱལ་གྱི་གོང་འཕེལ་དང་རིམ་འཕར་ལ་སྔར་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུ་དེ་ཡིན། གཤམ་དུ་ངས་བསམ་འཆར་གསུམ་བཏོན་ནས་བཤད་རྒྱུ་ཡིན།

  དང་པོ། དཔལ་འབྱོར་དེ་ཆུ་ཚད་འབྲིང་རིམ་དང་མཐོ་རིམ་དུ་སྐུལ་འདེད་གཏོང་བར་འདུ་ཤེས་གསར་པ་ལྡན་དགོས།

  དེང་སྐབས། ཚན་རྩལ་གསར་བརྗེ་དང་ཐོན་ལས་བསྒྱུར་བཅོས་གསར་པ་འཛམ་གླིང་ཧྲིལ་པོས་གསོ་སྐྱོང་དང་དར་སྤེལ་བྱེད་བཞིན་ཡོད་པ་དང་། འཛམ་གླིང་རྒྱལ་ཁབ་ཁག་གིས་མ་འོངས་པའི་ཐོན་ལས་འཕེལ་རྒྱས་ཀྱི་མཐོ་གནོན་བཙན་ས་དེ་འཚང་ཁ་ཤིག་ཤིག་གིས་མྱུར་ལེན་བྱེད་བཞིན་ཡོད། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་གང་མགྱོགས་སྒོས་བཟོ་ལས་ཅན་ཡང་དུ་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ཀྱང་བཟོ་ལས་ཅན་གྱི་འཕེལ་རིམ་མགྱོགས་མྱུར་དུ་གཏོང་བཞིན་ཡོད། རང་རྒྱལ་ལ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་སྔོན་ཐོན་ལག་རྩལ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མ་རྩ་ཉུང་བའི་འགྲན་རྩོད་ཀྱི་གནོན་ཤུགས་ཉིས་བརྩེགས་ཡོད་པས། རང་རྒྱལ་གྱི་ཐོན་ལས་མགྱོགས་མྱུར་ངང་རིམ་འགྱུར་དང་རིམ་འཕར་བྱ་རྒྱུ་དེ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། དུས་མཚུངས་སུ། ང་ཚོས་དཔལ་འབྱོར་མར་འགྲིབ་པའི་གནོན་ཤུགས་ཐེག་དགོས་པ་དང་གཏན་འཇགས་ངང་གོང་འཕེལ་འགྲོ་བ་མངོན་འགྱུར་བྱེད་དགོས་པ་མ་ཟད། དགོས་མཁོ་ཇེ་ཆེར་གཏོང་བའི་དུས་མཉམ་དུ་ངེས་པར་དུ་ཐོན་ལས་གྲུབ་ཚུལ་ལེགས་བཅོས་དང་འདོན་སྤྲོད་ལེགས་བཅོས་བྱས་པ་བརྒྱུད་ནས། འཕེལ་རྒྱས་ཀྱི་འགུལ་ནུས་གསར་པ་ཐོན་སྐྱེད་བྱེད་དགོས། བཟོ་སྐྲུན་ལས་རིགས་དེ་རྒྱལ་དམངས་དཔལ་འབྱོར་གྱི་གཙོ་རྟེན་ཐོན་ལས་གལ་ཆེན་ཡིན་པའི་ཆ་ནས། ངེས་པར་དུ་གོང་འཕེལ་དང་རིམ་འཕར་གྱི་སྔོན་དུ་བསྐྱོད་དགོས།

  བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན་གྱི་ལོ་ངོ་30རིང་། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་རྒྱ་ཁྱོན་མགྱོགས་མྱུར་ངང་ཇེ་ཆེར་སོང་བ་དང་། འཛམ་གླིང་ཐོག་ཏུ་བཟོ་སྐྲུན་རྒྱལ་ཁབ་ཆེན་མོ་ཨང་དང་པོར་གྱུར་ཡོད། བཟོ་ལས་ཐོན་རྫས་200ལྷག་གི་ཐོན་ཚད་ཡོད་པས་འཛམ་གླིང་གི་གྲལ་འགོ་ན་ཡོད་པ་དང་། བཟོ་ལས་ཀྱི་མ་ལག་ཆ་ཚང་དང་། རྒྱལ་ནང་གི་ཚོང་ར་རྒྱ་ཆེ་བ། མི་ཤུགས་ཐོན་ཁུངས་ཕུན་སུམ་ཚོགས་པ་སོགས་ཀྱི་ལེགས་ཆ་ཡོད། འོན་ཀྱང་དུས་མཚུངས་སུ་རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཆེ་ཡང་སྟོབས་ཤུགས་ཞན་པ་དང་། རང་བདག་གསར་སྐྲུན་གྱི་ནུས་པ་ཞན། ཐོན་རྫས་ཟུར་འགེལ་གྱི་རིན་གོང་དམའ། སྤྱིའི་ཆ་ནས་རྒྱལ་སྤྱིའི་ཐོན་ལས་ཕྲེང་བ་དང་རིན་གོང་ཕྲེང་བའི་འབྲིང་རིམ་དང་དམའ་རིམ་དུ་གནས་ཡོད། རང་རྒྱལ་གྱི་བཟོ་ལས་ནི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་བཟོ་ལས་དེ་3.0ཡི་རྨང་གཞི་ནས་4.0ཡི་ལ་སླེབས་པ་དང་མི་འདྲ་བར། 4.0ཡི་རྗེས་སུ་བསྙེག་དགོས་པ་མ་ཟད། ད་དུང་བཟོ་ལས་2.0དང་4.0ཡི་ཐོག་ལ་“གསབ་ཁྲིད་”བྱེད་དགོས། གནས་ཚུལ་འདི་འདྲའི་འོག་ཏུ། བཟོ་སྐྲུན་ལས་རིགས་ཆེན་པོ་ནས་སྟོབས་ལྡན་གྱི་ལོ་རྒྱུས་ཐོག་ཐོད་བརྒལ་མངོན་འགྱུར་དང་། དཔལ་འབྱོར་དེ་ཆུ་ཚད་འབྲིང་རིམ་དང་མཐོ་རིམ་དུ་འཕེལ་རྒྱས་འགྲོ་བར་ངེས་པར་དུ་འདུ་ཤེས་གསར་པ་ཡོད་དགོས། དེར་ལག་རྩལ་ཕྱོགས་ཀྱི་འདུ་ཤེས་གསར་པ་འདུས་ལ། སྲིད་གཞུང་དོ་དམ་གྱི་འདུ་ཤེས་གསར་པའང་འདུས། འདིས་ང་ཚོར་དཔལ་འབྱོར་ལག་རྩལ་གྱི་གསར་བརྗེ་གསར་པ་དང་ཐོན་སྐྱེད་འཕེལ་རྒྱས་ཀྱི་སྤྱིའི་བསམ་གཞིགས་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་དགོས་པའི་རེ་བ་བཏོན་ཡོད།

  འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བལྟས་ན། ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་དེ་གཙོ་བོ་ཕྱོགས་གཉིས་ལ་རག་ལས་ཡོད་དེ། གཅིག་ནི་ཐོན་སྐྱེད་ཡོ་བྱད་ལ་གསར་བརྗེ་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དང་། གཉིས་ནི་དེ་དང་སྦྲགས་ནས་ཐོན་པའི་ཐོན་སྐྱེད་བྱེད་ཕྱོགས་དང་རྩ་འཛུགས་དཔེ་དབྱིབས་ཀྱི་གསར་སྐྲུན་ཡིན། སྣེ་འཁྲིད་ཅན་དང་མཚོན་རྟགས་ཅན། རྩ་སློག་ཅན་བཅས་ཀྱི་ལག་རྩལ་གསར་པ་བྱུང་བ་དང་ཚོགས་པ་རང་བཞིན་གྱི་བེད་སྤྱོད་བྱེད་རྒྱུ་དེ་རྟག་པར་ཐོན་སྐྱེད་རྩ་འཛུགས་བསྒྱུར་བཅོས་དང་ཕན་ཚུན་སྡེབ་ནས་མཉམ་འགུལ་དུ་བྱུང་སྟེ། ཐོན་སྐྱེད་ལས་ཆོད་མུ་མཐུད་དུ་གོང་མཐོར་འགྲོ་བར་སྐུལ་འདེད་བཏང་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཁྱོན་ཡོངས་རང་བཞིན་དང་། མ་ལག་རང་བཞིན་གྱི་ཤུགས་རྐྱེན་ཐེབས་ཐུབ། ལོ་རྒྱུས་ལ་ཕྱིར་བལྟས་བྱས་ན། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རིམ་ལས་རྒྱུན་པར་རྦ་རླབས་རང་བཞིན་གྱི་འཕེལ་རྒྱས་དང་། དུང་འཁྱིལ་རང་བཞིན་གྱི་གོང་འཕེལ་གྱི་རྗེས་ཤུལ་མངོན་པ་རེད། རྡོ་ཆས་ནས་ལི་ཆས་དང་། ལྕགས་ཆས་རྒྱ་ཆེར་བཀོལ་བ། དེ་ནས་རླངས་སྒུལ་འཕྲུལ་འཁོར་དང་། གློག་སྒུལ་འཕྲུལ་འཁོར་གཉིས་མཚོན་བྱེད་དུ་གྱུར་པའི་བཟོ་ལས་གསར་བརྗེ་ཐེངས་གཉིས་ཀར་མིའི་རིགས་ཀྱི་དཔལ་ཡོན་དེ་མི་སྒེར་དང་ལག་ཤེས་བཟོ་གྲྭ་ཆུང་བ་ནས་འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་ཆེན་པོའི་རིམ་པར་གོང་འཕེལ་སོང་བ་རེད། དེང་སྐབས། ལག་རྩལ་གསར་པ་མང་བོ་བྱུང་བ་དང་བསྟུན་ནས། བཟོ་ལས་གསར་བརྗེ་ཐེངས་གསུམ་པ་ང་ཚོའི་ཕྱོགས་སུ་ཡོང་གིན་ཡོད། རྒྱ་ཁྱོན་ཅན་དང་གཅིག་བསྡུས་ཅན་གྱི་ཐོན་སྐྱེད་བྱེད་ཕྱོགས་མུ་མཐུད་ནས་བསྒྱུར་བཅོས་དང་ལེགས་བཅོས་བྱེད་པའི་དུས་མཚུངས་སུ། “ལག་ཤེས་བཟོ་གྲྭ་ཆུང་བ་”ཡང་བསྐྱར་ཐོན་བྱུང་ཡང་། དྲ་རྒྱ་དང་3Dཔར་འདེབས་སོགས་ཀྱི་ལག་རྩལ་ལ་བརྟེན་པའི་“ལག་ཤེས་བཟོ་གྲྭ་ཆུང་བ་”ནི་སྔོན་ཆད་དང་བསྡུར་ན་ཁྱད་པར་ཡོད་དེ། དེ་ནི་སྲོལ་རྒྱུན་ལྟར་དུ་རང་སྒེར་གྱི་བསྒྲུབ་པ་མིན་པར། ཕྱི་ཕྱོགས་ལ་འབྲེལ་བ་ཆེན་པོ་ཡོད་པའི་སྤྱི་ཚོགས་ཅན་གྱི་སྡེ་ཚན་ཞིག་ཡིན། དེའི་ཐོན་རྫས་སྔར་བས་སྒེར་ཚུགས་ཅན་དང་། གཏན་འཁེལ་ཅན་ཡིན། འོན་ཀྱང་གསར་སྐྲུན་དང་བཟོ་སྐྲུན་ནི་རྟག་པར་སྤྱི་ཚོགས་ཡོངས་ཀྱི་མཉམ་འབྲེལ་ལས་བྱུང་བ་ཡིན། 3Dཔར་འདེབས་སོགས་ལག་རྩལ་གསར་པ་བྱུང་བ་དེས་སྲོལ་རྒྱུན་གྱི་ཐོན་སྐྱེད་དང་རྩ་འཛུགས་དོ་དམ་དཔེ་དབྱིབས་ལ་གསར་བརྗེ་རང་བཞིན་གྱི་འགྱུར་ལྡོག་འབྱུང་དུ་འཇུག་ཞེས་བཤད་ཆོག་ལ། ཐོན་ཁུངས་སྔར་བས་ལེགས་པའི་སྒོ་ནས་བཀོད་སྒྲིག་དང་གསར་སྐྲུན་ཅན་གྱི་ལག་རྩལ་འཕེལ་རྒྱས་ལ་ཕན་པ་ཡོད་པ་དང་། མང་ཚོགས་ཀྱིས་ལས་ལམ་གསར་འབྱེད་དང་མང་ཚོགས་ཀྱིས་གསར་སྐྲུན་བྱེད་པའི་བར་སྟོང་རྒྱ་བསྐྱེད་གཏོང་ཐུབ། མི་ཁྲི་སྟོང་མང་པོ་ལས་ལམ་གསར་འབྱེད་དང་གསར་སྐྲུན་གྱི་ནང་དུ་ཞུགས་ན་དཔལ་འབྱོར་གྱི་རྣམ་པ་གསར་པ་བསྐྲུན་ཐུབ་པར་མ་ཟད། སྲིད་གཞུང་གི་དོ་དམ་འདུ་ཤེས་དང་བྱེད་ཕྱོགས་ཀྱི་གསར་སྐྲུན་ལ་སྐུལ་འདེད་གཏོང་ཐུབ། དེའི་ཕྱིར། ང་ཚོས་ངེས་པར་དུ་ལག་རྩལ་གསར་པ་དང་བསྒྱུར་བཅོས་གསར་པ། འཕེལ་ཕྱོགས་གསར་པ་བཅས་གསལ་པོ་ཤེས་དགོས་པ་དང་། ཆོས་ཉིད་ལ་བརྩི་བཀུར་དང་ངོས་འཛིན་བྱས་ནས། ཐོན་སྐྱེད་ནུས་ཤུགས་སྔར་བས་བཅིངས་འགྲོལ་དང་གོང་མཐོར་གཏོང་དགོས།

  ཉེ་སྔོན་འཆད་ཁྲིད་སྐབས་སུ་གླེང་རྒྱུར། བཟོ་སྐྲུན་བྱེད་ཕྱོགས་ལ་ཡང་རྒྱུ་ཆ་མཉམ་པའི་བཟོ་སྐྲུན་དང་། རྒྱུ་ཆ་འཕྲི་བའི་བཟོ་སྐྲུན། རྒྱུ་ཆ་འཕར་བའི་བཟོ་སྐྲུན་བཅས་འཕེལ་རིམ་གསུམ་ཡོད། རྒྱུ་ཆ་མཉམ་པའི་བཟོ་སྐྲུན་ནི། ལུགས་རྒྱག་པ་དང་། རྡུང་བ། ཚ་ལ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ཐོན་སྐྱེད་བྱས་པའི་བཟོ་སྐྲུན་ཐོན་རྫས་ལ་བརྗོད་པ་དང་རྒྱུ་ཆའི་ལྗིད་ཚད་གཞི་རྩའི་ཐོག་ནས་མི་འགྱུར། འདི་ལ་ལོ་ངོ་3000ལྷག་གི་ལོ་རྒྱུས་ལྡན། རྒྱུ་ཆ་འཕྲི་བའི་བཟོ་སྐྲུན་ནི་བཟོ་ལས་གསར་བརྗེའི་རྗེས་སུ། འཁོར་གྲིས་གཞོག་པ་དང་དཀྲུག་གཞོག འབུར་ལེན། མཆིག་རྡོ་སོགས་སྒྲིག་ཆས་ཀྱིས་རྒྱུ་ཆར་གཏུབ་གཞོག་ལས་སྣོན་བྱས་ཏེ་ཇུས་འགོད་བྱས་པའི་རྣམ་པ་དེ་བཟོ་བ་ལ་ཟེར། འདི་ལ་ལོ་ངོ་300ལྷག་གི་ལོ་རྒྱུས་ལྡན། རྒྱུ་ཆ་སྣོན་པའི་བཟོ་སྐྲུན་ལ་3Dཔར་འདེབས་ཀྱང་ཟེར། དེ་ནི་འོད་སྲ་འགྱུར་དང་འདེམས་གསེས་ཅན་གྱི་སྐུལ་འོད་བསྲེགས་སྒྲིལ། བཞུ་བ་དང་སྤུངས་བ་སོགས་ཀྱི་ལག་རྩལ་བརྒྱུད་ནས་རྒྱུ་ཆ་རིམ་གྱིས་ཇེ་མང་དུ་བཏང་སྟེ། དགོས་མཁོར་ཆེ་བའི་དངོས་པོ་བཟོ་བ་ལ་ཟེར། ལག་རྩལ་འདི་ནི་1984ལོ་ནས་ཚོད་ལྟ་ཁང་དུ་ཞིབ་འཇུག་བྱེད་འགོ་བརྩམས་པ་དང་1986ལོར་དཔེ་མཚོན་འཕྲུལ་འཁོར་བཟོས། ད་བར་ལོ་30མི་ཐོན་མེད། 3Dཔར་འདེབས་ལག་རྩལ་གྱིས་བཟོ་སྐྲུན་དེ་རྒྱུ་ཆ་མཉམ་པ་ནས་རྒྱུ་ཆ་འཕྲི་བ་དང་། དེ་ནས་རྒྱུ་ཆ་སྣོན་པ་བཅས་ཀྱི་འགྱུར་ལྡོག་གལ་ཆེན་མངོན་འགྱུར་བྱས་བ་དང་། སྲོལ་རྒྱུན་བཟོ་སྐྲུན་གྱི་འདུ་ཤེས་དང་དཔེ་དབྱིབས་བསྒྱུར་ནས། ཐོན་རྫས་གསར་སྤེལ་གྱི་དུས་ཡུན་དང་མ་རྩ་ཆེས་ཆེར་ཉུང་དུ་བཏང་ལ། རྒྱུ་ཆ་གསར་བརྗེར་ཡང་སྐུལ་འདེད་གཏོང་བས་རིན་ཐང་ཆེན་པོ་ལྡན་ཡོད། རང་རྒྱལ་ལ་རང་བྱུང་ཐོན་ཁུངས་མང་པོ་མེད་པ་དང་། མི་རེའི་ཆ་སྙོམས་ཟིན་ཚད་འཛམ་གླིང་གི་ཆ་སྙོམས་ཆུ་ཚད་ལས་དམའ། གལ་ཏེ་རྒྱུ་ཆ་སྣོན་པའི་བཟོ་སྐྲུན་བྱེད་ཕྱོགས་རྒྱ་ཆེར་བཀོལ་ཐུབ་ན། ཐོན་ཁུངས་དང་ནུས་ཁུངས་ཟད་གྲོན་ཇེ་ཉུང་དུ་བཏང་ནས་གོང་འཕེལ་གྱི་ཁ་ཕྱོགས་བསྒྱུར་བར་སྐུལ་འདེད་གཏོང་ཐུབ། རྒྱུ་ཆ་སྣོན་པའི་བཟོ་སྐྲུན་གྱི་འདུ་ཤེས་བཟོ་སྐྲུན་ལས་རིགས་གཅིག་པུའི་ནང་དུ་བཀོལ་དགོས་པ་མིན་པར། ཞབས་ཞུའི་ལས་རིགས་སོགས་ལས་རིགས་གཞན་པས་ཀྱང་དཔེ་ལྟ་བྱས་ཆོག

  རང་རྒྱལ་གྱི་3Dཔར་འདེབས་ལག་རྩལ་གྱི་ཞིབ་འཇུག་བྱེད་འགོ་བརྩམས་རྒྱུ་འཕྱི་མེད་ལ། ཕྱོགས་ཁ་ཤས་ད་དུང་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད། འོན་ཀྱང་ཐོན་ལས་ཅན་གྱི་འཕེལ་རྒྱས་གོམ་སྟབས་སྤྱིའི་ཆ་ནས་ཅུང་དལ་བ་རེད། འཛམ་གླིང་གི་སྔོན་ཐོན་བཟོ་སྐྲུན་ལག་རྩལ་འཕེལ་རྒྱས་འགྲོ་བཞིན་པའི་དེང་གི་དུས་འདིར། ང་ཚོ་སྔར་བཞིན་རྗེས་སུ་གཏན་ནས་ལུས་མི་ཆོག་ལ། ངེས་པར་དུ་ནང་དུ་ཞུགས་ནས་གོ་སྐབས་དམ་འཛིན་བྱེད་དགོས། ཀྲུང་གོའི་བཟོ་སྐྲུན་གྱི་འགྲན་རྩོད་ལེགས་ཆ་གསར་པ་གསོ་སྐྱོང་བྱེད་པར་འཛམ་གླིང་ཐོན་ལས་ལག་རྩལ་འཕེལ་རྒྱས་ཀྱི་མདུན་རོལ་ལ་དམིགས་ནས། 3Dཔར་འདེབས་སོགས་ལྟེ་བའི་ལག་རྩལ་དང་ཐོག་མའི་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་ལ་ཤུགས་སྣོན་རྒྱག་དགོས་ལ། གྲུབ་འབྲས་རྒྱ་ཆེར་བཀོལ་སྤྱོད་དང་ཐོན་ལས་ཅན་གྱི་འཕེལ་རིམ་ཡང་མགྱོགས་མྱུར་དུ་བཏང་ནས། གསར་སྐྲུན་ཕྲེང་བ་དང་ཐོན་ལས་ཕྲེང་བ་དམ་དུ་སྦྲེལ་བར་སྐུལ་འདེད་གཏོང་དགོས། སྒེར་ཚུགས་ཅན་གྱི་གཏན་འཁེལ་སྒྲིག་སྲོལ་ལ་བརྟེན་ནས་རྒྱ་ཆེའི་ཚོང་རའི་དགོས་མཁོ་སྐོང་དགོས་པ་དང་། རྒྱུ་ཆ་སྣོན་པའི་བཟོ་སྐྲུན་ལ་བརྟེན་ནས་ནུས་ཁུངས་དང་ཐོན་ཁུངས་ཟད་གྲོན་ཇེ་ཉུང་དུ་གཏོང་དགོས། ལྗང་མདོག་ཐོན་སྐྱེད་ལ་བརྟེན་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་མ་འོངས་འཛུགས་སྐྲུན་བྱེད་པ་དང་། ཐོན་ལས་གསར་པའི་ཚོགས་པ་མུ་མཐུད་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། ཀྲུང་གོའི་བཟོ་སྐྲུན་རིན་ཐང་སྟེང་དུ་གཤིས་ནུས་ལེགས་ཆ་དང་སྤུས་ཚད་ལེགས་ཆ་སྣོན་དགོས། དུས་མཚུངས་སུ། འདིས་རྒྱལ་སྤྱིའི་ཐོན་ནུས་མཉམ་འབྲེལ་བར་སྟོང་སྔར་ལས་ཇེ་ཆེར་གཏོང་ཐུབ་ལ། སྤུས་ལེགས་ནང་འདྲེན་དང་སྤུས་ལེགས་ཕྱིར་གཏོང་ཁྲོད་དུ་ཀྲུང་གོའི་བཟོ་སྐྲུན་གྱི་རིམ་འཕར་མངོན་འགྱུར་བྱས་ཐུབ།

  གཉིས་པ། དཔལ་འབྱོར་ཆུ་ཚད་འབྲིང་རིམ་དང་མཐོ་རིམ་དུ་སྐུལ་འདེད་བྱེད་པར་ཐབས་ཤེས་འགག་རྩ་ལྡན་དགོས།

  དེང་སྐབས། ཆ་འཕྲིན་ལག་རྩལ་རབ་གསར་པ་དང་བཟོ་སྐྲུན་ལག་རྩལ་གཉིས་མཉམ་འདྲེས་ཟབ་མོ་བྱེད་རྒྱུ་ཁྱད་ཆོས་སུ་གྲུབ་པའི་རིག་ནུས་བཟོ་སྐྲུན་དཔེ་དབྱིབས་ཀྱིས་བཟོ་སྐྲུན་ལས་རིགས་ཀྱི་བསྒྱུར་བཅོས་གསར་པར་སྐུལ་ཁྲིད་བྱེད་བཞིན་ཡོད། ཐོན་སྐྱེད་བྱེད་སྟངས་ཀྱི་ཆ་ནས་བལྟས་ན། གྲངས་འབོར་ཅན་དང་རྟོག་བཟོ་ཅན། རིག་ནུས་ཅན་བཅས་ཀྱི་ལག་རྩལ་དེ་ཐོན་རྫས་ཀྱི་ཚེ་སྲོག་ཧྲིལ་པོར་ཡོད་པ་དང་། ཐོན་སྐྱེད་དཔེ་དབྱིབས་སྟེང་ནས་བལྟས་ན། མཉེན་ཆ་ཅན་དང་དྲ་བ་ཅན། སྒེར་ཚུགས་ཅན་བཅས་ཀྱི་ཐོན་སྐྱེད་དེ་བཟོ་སྐྲུན་དཔེ་དབྱིབས་ཀྱི་འཕེལ་ཕྱོགས་གསར་པར་འགྱུར་བ་རེད། ཐོན་སྐྱེད་རྩ་འཛུགས་ཀྱི་སྟེང་ནས་བལྟས་ན། གོ་ལ་ཅན་དང་ཞབས་ཞུ་ཅན། ལས་སྟེགས་ཅན་བཅས་ནི་ཐོན་ལས་རྩ་འཛུགས་ཀྱི་བྱེད་ཐབས་གསར་པར་འགྱུར་བ་རེད། འཇར་མན་གྱིས་བཟོ་ལས་4.0ཡི་འཐབ་ཇུས་ལག་བསྟར་བྱས་པ་དང་། ཨ་རུས་བཟོ་ལས་དྲ་བ་གོང་སྤེལ་བཏང་བ་མཚོན་བྱེད་དུ་གྱུར་པའི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཚང་མས་གང་མགྱོགས་སྒོས་རིག་ནུས་བཟོ་སྐྲུན་སྒྲིག་གཤོམ་དང་གོང་སྤེལ་བཏང་ནས། ཐོན་ལས་བསྒྱུར་བཅོས་གསར་པའི་ཁྲོད་དུ་མུ་མཐུད་དུ་གནས་བབས་ལེགས་པོ་བཟུང་རྒྱུར་འབད་པ་བྱེད་ཀྱིན་ཡོད་པ་རེད།

  ཀྲུང་གོའི་བཟོ་སྐྲུན་ཆུ་ཚད་གོང་དུ་སྤེལ་བར་སྲོལ་རྒྱུན་བཟོ་སྐྲུན་ལ་བསྒྱུར་བཅོས་བྱེད་པའི་ཕྱོགས་ནས་“གསབ་ཁྲིད་”བྱེད་དགོས་ལ། ལྗང་མདོག་བཟོ་སྐྲུན་དང་རིག་ནུས་རིམ་འཕར་ཕྱོགས་ནས་“སློབ་ཁྲིད་སྣོན་དགོས།” 3Dཔར་འདེབས་དང་གནས་གོང་ཆེ་བའི་གྲངས་འཛིན་འཁོར་སྟེགས། བཟོ་ལས་འཕྲུལ་ཆས་ཀྱི་མི་སོགས་རིག་ནུས་ལག་རྩལ་དང་སྒྲིག་ཆས་མགྱོགས་མྱུར་སྒོས་བེད་སྤྱོད་གཏོང་དགོས་པ་རེད། ཨ་རུའི་བཟོ་སྐྲུན་ལས་རིགས་གོང་སྤེལ་གཏོང་བའི་ཁྱད་ཆོས་མངོན་གསལ་ཞིག་ནི་“དྲ་བ་+རིག་ནུས་བཟོ་སྐྲུན་”ཡིན། ད་ལོའི་སྲིད་གཞུང་སྙན་ཞུའི་ནང་དུ་ཡང་“དྲ་བ་+”གསལ་བོར་བཏོན་ཡོད། ད་ལྟ་མང་ཚོགས་ཀྱིས་གསར་སྐྲུན་བྱེད་པ་དང་། མང་ཚོགས་ཀྱིས་འགན་ལེན་བྱེད་པ། མང་ཚོགས་ཀྱིས་རོགས་སྐྱོར་བྱེད་པ། མང་ཚོགས་ཀྱིས་གྲབས་གསོག་བྱེད་པ་བཅས་དུས་ཐོག་ཏུ་བྱུང་བ་དང་། དྲ་བ་བརྒྱུད་ནས་ཐོན་ཁུངས་གཅིག་བསྡུས་དང་བཀོལ་སྤྱོད་བྱེད་དགོས། འདི་ནི་བསྒྱུར་བཅོས་དང་གསར་སྐྲུན་གལ་ཆེན་ཞིག་ཡིན། འཆར་ལྡན་དཔལ་འབྱོར་གྱི་སྐབས་སུ་ཁེ་ལས་ཆུང་ཡང་སྣ་ཁ་སྣ་ཚོགས་འཛོམས་པ་ཡིན། དེ་ཐོན་སྐྱེད་བཟོ་སྐྲུན་གྱི་ཕྱོགས་ནས་མཚོན་ཐུབ་པ་མ་ཟད། ཁེ་ལས་ཀྱིས་སྤྱི་ཚོགས་བྱ་གཞག་གཉེར་བའི་ཕྱོགས་ནས་ཀྱང་མཚོན་ཐུབ་སྟེ། སློབ་གྲྭ་དང་སྨན་ཁང་ཕྱེ་བ་སོགས་འཛོམས་མེད་པ་གཅིག་ཀྱང་མེད། དུས་ད་ལྟར་གཅིག་བསྡུས་ཀྱི་ཚད་མཐོ་བའི་འཆར་ལྡན་དཔལ་འབྱོར་སྒྲིག་སྲོལ་བསྒྱུར་ཚར་བ་དང་། “དྲ་བ་+”ཡིས་ཁེ་ལས་ཀྱི་འཕེལ་རྒྱས་ལ་ལས་སྟེགས་སྔར་ལས་རྒྱ་ཆེ་བ་མཁོ་འདོན་བྱས་ཡོད། ཁེ་ལས་མི་ཉུང་བ་ཞིག་གིས་དྲ་བ་བརྒྱུད་ནས་ཆ་འཕྲིན་དང་སྤྱི་ཚོགས་ཐོན་ཁུངས་མཉམ་སྤྱོད་བྱས་པ་རེད། ང་རང་གིས་ཀོང་ཏུང་དང་ཀྲེ་ཅང་དུ་བརྟག་དཔྱད་བྱེད་སྐབས། བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་དང་ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས་ནང་དུ་འདུས་པའི་ཁེ་ལས་མང་པོ་ཞིག་གིས་“དྲ་བ་+”བརྒྱུད་ནས་རང་ཉིད་ཀྱི་འཕེལ་རྒྱས་ལ་གཤོག་ཟུང་བཙུགས་པ་རེད། འདི་ནི་བསམ་གཞིགས་གསར་སྐྲུན་དང་བསམ་གཞིགས་ལ་འགྱུར་ལྡོག་བཏང་བའི་ཕན་འབྲས་ཡིན།

  ད་སྐབས་རྩོད་གཞི་ཞིག་ཡོད་པ་ནི། “དྲ་བ་+”ཡང་ན་“+དྲ་བ་”བྱེད་དགོས་ཞེས་པ་དེ་ཡིན། དོན་དངོས་སུ་“དྲ་བ་+”ཡང་ན་“+དྲ་བ་”གཉིས་ཀ་ཧ་ཅང་གལ་ཆེན་ཡིན། དཔེར་ན་འཇར་མན་བཟོ་ལས་ཀྱི་ཁྱད་ཆོས་གཙོ་བོ་ནི་“+དྲ་བ་”ཡིན། བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་མི་ཉུང་བ་ཞིག་གིས་ལག་རྩལ་ལ་མཐོང་ཆེན་དང་ཐོན་རྫས་ཞིབ་འཇུག་དང་ཐོན་སྐྱེད་བྱེད་པའི་དུས་མཚུངས་སུ། དྲ་བ་བེད་སྤྱད་ནས་བློ་རིག་གཅིག་བསྡུས་སྒོས་གསར་སྤེལ་དང་ཚོང་གཉེར་བྱས་པ་རེད། ངས་བསམ་ན་“དྲ་བ་+”ཡང་ན་“+དྲ་བ་”ཕྱོགས་ངེས་ཅན་ཞིག་ནས་མཐུན་ཆ་ཡོད་དེ། ལྟེ་སྙིང་ནི་བྱེད་ཐབས་སྣ་ཚོགས་བརྒྱུད་ནས་མང་ཚོགས་ཀྱིས་གསར་སྐྲུན་བྱེད་པ་དང་། མང་ཚོགས་ཀྱིས་འགན་ལེན་བྱེད་པ། མང་ཚོགས་ཀྱིས་རོགས་སྐྱོར་བྱེད་པ། མང་ཚོགས་ཀྱིས་གྲབས་གསོག་བྱེད་པ་སོགས་ལ་སྐུལ་ཁྲིད་བྱས་ཏེ། ཁེ་ལས་ཀྱི་ཐོན་སྐྱེད་དཔེ་དབྱིབས་དང་རྩ་འཛུགས་བྱེད་ཐབས་ཀྱི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། ཁེ་ལས་ཀྱི་གསར་སྐྲུན་ནུས་པ་དང་གསར་སྐྲུན་གསོན་ཤུགས་ལ་ཤུགས་སྣོན་རྒྱག་པ་ཡིན། “དྲ་བ་+”ནི་ཐོན་ལས་རིམ་འཕར་ལ་སྐུལ་འདེད་དང་ཚོང་ར་ཅན་གྱི་བསྒྱུར་བཅོས་ལ་སྐུལ་སྤེལ་གཏོང་བའི་ཐབས་ཤེས་གནད་འགག་ཅིག་ཡིན་ཞེས་བཤད་ཆོག དེའི་ཕྱིར་འབྲེལ་ཡོད་ཕྱོགས་ཚང་མས་ཀྲུང་གོའི་ཐོན་རྫས་ཏེ་བཟོ་སྐྲུན་ལས་རིགས་ཀྱི་ཐོན་རྫས་ལས་གཞན་ད་དུང་ཞབས་ཞུའི་ལས་རིགས་ཀྱི་ཐོན་རྫས་ཀྱང་ཁོངས་སུ་འདུ། དེ་དྲ་བ་དང་ཟུང་སྦྲེལ་དམ་པོ་ཇི་ལྟར་བྱེད་དགོས་རྒྱུ་དེ་ཡིན། འདི་ནི་ལག་རྩལ་གྱི་གསར་སྐྲུན་ཡིན་པ་མ་ཟད། སྒྲིག་སྲོལ་གྱི་གསར་སྐྲུན་ཡང་ཡིན། ཐོན་སྐྱེད་ནུས་ཤུགས་ལ་འགྱུར་ལྡོག་བྱུང་བ་དེས་ཐོན་སྐྱེད་འབྲེལ་བ་འགྱུར་ལྡོག་འགྲོ་བའི་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་རྩ་བའི་རིགས་པ་དང་མཐུན། “དྲ་བ་+”ཡིས་ཁེ་ལས་ཀྱི་ཚོང་གཉེར་དཔེ་དབྱིབས་དང་དོ་དམ་དཔེ་དབྱིབས་བསྒྱུར་བས། སྲིད་གཞུང་གི་ལྟ་སྐུལ་དཔེ་དབྱིབས་ཀྱང་ངེས་པར་དུ་དེ་དང་བསྟུན་དགོས་ཏེ། ཞབས་ཞུ་བཟང་པོ་སྒྲུབ་དགོས་ལ་ལྟ་སྐུལ་ལེགས་པོ་བྱས་ནས་འགྲན་རྩོད་ཀྱི་ཁོར་ཡུག་འདྲ་མཉམ་བསྐྲུན་དགོས།

  གསུམ་པ། “འབྲིང་རིམ་དང་མཐོ་རིམ་ཟུང་”གི་དམིགས་ཡུལ་མངོན་འགྱུར་བྱེད་པར་གཞི་རྩའི་རྟེན་ས་དགོས།

  རང་རྒྱལ་གྱི་དཔལ་འབྱོར་ལ་འབྲིང་རིམ་དང་མཐོ་རིམ་གྱི་འཕར་ཚད་རྒྱུན་འཁྱོངས་དང་། འབྲིང་རིམ་དང་མཐོ་རིམ་གྱི་ཆུ་ཚད་ལ་གོམ་ཁ་སྤོ་བར་ངེས་པར་དུ་གཞི་རྩའི་རྟེན་ས་ཡོད་དགོས། གཞི་རྩའི་རྟེན་ས་འདི་ནི་མང་ཚོགས་ཀྱིས་ལས་ལམ་གསར་འབྱེད་དང་། མང་ཚོགས་ཀྱི་གསར་སྐྲུན་ལ་སྐུལ་འདེད་གཏོང་བའི་འགུལ་ནུས་གསར་པ་ཡིན། གསར་སྐྲུན་ནི་ཚན་རིག་པ་དང་ཚན་རིག་ལས་གཉེར་བའི་བྱ་བ་ཡིན་པ་མ་ཟད། སྤྱི་ཚོགས་ཡོངས་ཀྱི་བྱ་བ་ཡང་ཡིན། མི་འགའ་ཤས་ཀྱིས་བཤད་པ་ལྟར་ན། ཨ་རུའི་གསར་སྐྲུན་པ་དང་གསར་སྐྲུན་ལ་དགའ་མཁན་དག་ནི། སློབ་གྲྭ་ཆེན་མོ་རུ་1/3ཡོད་པ་དང་། རང་ཁྱིམ་གྱི་རླངས་འཁོར་འཇོག་ཁང་དུ་1/3ཡོད། སྒོ་ང་བསྙལ་ཆས་ནང་1/3ཡོད། ཀྲུང་གོར་ངལ་རྩོལ་པ་དུང་ཕྱུར་9ལྷག་ཡོད། མིག་སྔར་རྒྱལ་ཡོངས་ཀྱི་སློབ་ཆེན་ནང་དུ་སློབ་གཉེར་བྱེད་མཁན་ཁྲི་3500(མཐོ་རིམ་ལས་རིགས་སློབ་གྲྭ་ཡང་ཁོངས་སུ་འདུ་)ལྷག་ཡོད་པ་དང་། ལོ་རེར་སློབ་ཆེན་ནས་མཐར་ཕྱིན་མཁན་སློབ་མ་ཁྲི700ལྷག་ཟིན་ཡོད། འདི་ནི་གཞན་ལ་མེད་པའི་ཐོན་ཁུངས་ཤིག་ཡིན། གལ་ཏེ་གསར་སྐྲུན་ནང་ཞུགས་ན་ཁོ་ཚོའི་སྟོབས་ཤུགས་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། མང་ཚོགས་ཀྱིས་ལས་ལམ་གསར་འབྱེད་དང་མང་ཚོགས་ཀྱིས་གསར་སྐྲུན་བྱེད་པར་རང་རྒྱལ་གྱི་ཕུན་སུམ་ཚོགས་པའི་མི་ཤུགས་ཐོན་ཁུངས་དང་རྒྱ་ཆེ་བའི་ཚོང་ར། ཆ་ཚང་བའི་བཟོ་ལས་མ་ལག་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། མང་པོའི་བློ་གྲོས་གཅིག་བསྡུས་བྱེད་པ། གསར་སྐྲུན་བྱེད་མཁན་མཉམ་དུ་འཛོམས་པ། གསར་སྐྲུན་གྱི་འབྲས་བུ་རག་པ་བཅས་བྱས་ནས། གསར་སྐྲུན་གྱི་མེ་སྟག་འབོར་ཆེན་ཞིག་ལས་ལམ་གསར་འབྱེད་ཁྲོད་དུ་མཆེད་དུ་འཇུག་དགོས། ཀྲུང་གོའི་མི་གྲངས་དུང་ཕྱུར་ཁ་ཤས་ཀྱི་བརྩོན་སེམས་དང་གསར་སྐྲུན་གྱི་ནུས་པ་སྐུལ་སློང་བྱས་ཐུབ་ན། གསར་སྐྲུན་གྱི་སྟོབས་ཤུགས་རྫོགས་མཐའ་མེད་པ་འབྱུང་ངེས།

  “གསར་སྐྲུན་གཉིས་”ཀྱི་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་དེས་སྲོལ་རྒྱུན་གྱི་ཁེ་ལས་ལ་བཙན་གྱིས་རིམ་འགྱུར་དང་རིམ་འཕར་བྱེད་དུ་བཅུག་ནས། སྲོལ་རྒྱུན་ལས་རིགས་ལ་དྲ་བ་ཅན་དང་རིག་ནུས་ཅན་གྱི་བསྒྱུར་བཅོས་བྱས་ཤིང་། སྤྲིན་རྩིས་དང་གཞི་གྲངས་ཆེན་པོ། བཟོ་ལས་དྲ་བ། 3Dསོགས་ལག་རྩལ་གསར་པའི་འཕེལ་རྒྱས་ལ་སྣེ་འཁྲིད་བྱེད་པ་དང་། “ཀྲུང་གོའི་བཟོ་སྐྲུན་”གྱི་རིག་ནུས་རིམ་འགྱུར་གྱི་འཕེལ་རིམ་མགྱོགས་སུ་བཏང་ནས། བཟོ་སྐྲུན་ལས་རིགས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་པར་སྐུལ་འདེད་གཏོང་ཐུབ་རྒྱུ་རེད། ང་རང་གིས་ཀྲུང་གོའི་ཉིང་རྡུལ་བཟོ་སྐྲུན་ཚད་ཡོད་ཀུང་སིའི“ཧྭ་ལུང་ཨང་དང་པོར་”ལྟ་ཞིབ་བྱེད་སྐབས། ཉིང་རྡུལ་གླིང་ཕྲན་ཇུས་འགོད་ཀྱི་ཇུས་འགོད་ཧ་ཅང་རྙོག་འཛིང་ཡིན་ལ། ཚོད་ལྟ་ཁང་གི་ལྟེ་གནས་སུ་མི་བཅུ་ལྷག་ཙམ་ལས་མེད། ཁོ་ཚོས་དྲ་བ་བརྒྱུད་ནས་གྲོང་ཁྱེར་20ལྷག་གི་མཐའ་སྣེའི་ལས་ཀ་500ལྷག་སྦྲེལ་མཐུད་བྱས་ཡོད་པ་དང་། མཐའ་སྣེ་འདི་དག་གི་རྒྱབ་ཏུ་ཚན་རིག་ཞིབ་འཇུག་མི་སྣ་ཁྲི་སྟོང་མང་པོས་རྒྱབ་སྐྱོར་བྱས་ཡོད། འདི་ནི་“ཚང་མའི་སྟོབས་ཤུགས་གཅིག་འདུས་ན། ། རྟག་པར་རྒྱལ་ཁ་ཐོབ་པར་འགྱུར། ། ཚང་མའི་བློ་རིག་གཅིག་འདུས་ན། ། བྱ་བ་ཐམས་ཅད་འགྲུབ་པར་འགྱུར། །”ཞེས་པའི་དཔེ་ལྟར་རོ། །

  ང་ཚོར་ཀྲུང་གོའི་འཕེལ་རྒྱས་ལ་ཡིད་ཆེས་ཡོད་དགོས། ཡིད་ཆེས་འདི་ནི་བར་སྣང་གི་ཁང་ཆེན་དང་། སྨུག་རྒྱུའི་གྲོང་ཁྱེར་ལྟ་བུ་མ་ཡིན་པར། རྨང་གཞི་ཡོད་ལ་མི་མངོན་པའི་སྟོབས་ཤུགས་ལྡན་པ་ཞིག་ཡིན་དགོས། “གསར་སྐྲུན་གཉིས་”ཀྱིས་ཁེ་ལས་ཆུང་བའི་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་བསྐྱེད་ཐུབ་པ་མ་ཟད། ཁེ་ལས་ཆེ་བས་ཀྱང་“གསར་སྐྲུན་གཉིས་”བརྒྱུད་ནས་རིམ་འགྱུར་དང་རིམ་འཕར་མངོན་འགྱུར་བྱས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་ཐུབ། སྲིད་གཞུང་གིས་བྱ་བ་ཧུརསྒྲུ་ཐག་སྒྲུབ་དགོས་ཏེ། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། ལྷུག་གཏོང་དང་དོ་དམ་ཟུང་སྦྲེལ། ཞབས་ཞུ་ལེགས་བཅོས་བཅས་གཏིང་ཟབ་སྒོས་སྐུལ་སྤེལ་གཏོང་བ་དང་སྲིད་གཞུང་གི་ལྟ་སྐུལ་བྱེད་ཕྱོགས་འཐུས་ཚང་དུ་བཏང་ནས། འཆིང་རྒྱ་གཏོར་བ་དང་བློ་གྲོས་གཅིག་བསྡུས། གསར་སྐྲུན་སྐུལ་འདེད། འདྲ་མཉམ་འགན་ལེན་བཅས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས། ཁེ་ལས་དང་ལྷག་པར་དུ་ཁེ་ལས་ཆེན་པོས་བསྒྱུར་བཅོས་ལ་སྐུལ་སྤེལ་དང་“གསར་སྐྲུན་གཉིས་”མཉམ་སྦྲེལ་བྱེད་དགོས་པ་དང་། སྒྲིག་སྲོལ་དང་ལམ་སྲོལ་གསར་སྐྲུན་བྱས་པ་བརྒྱུད་ནས་རིགས་སོ་སོའི་ཐོན་ཁུངས་གསར་པའི་ནུས་ཤུགས་དང་ནང་སྐྱེས་གསར་སྐྲུན་གྱི་གསོན་ཤུགས་གཅིག་བསྡུས་བྱེད་པར་ཤུགས་སྣོན་རྒྱག་དགོས། ཐོན་སྐྱེད་དཔེ་དབྱིབས་དང་རྩ་འཛུགས་བྱེད་ཕྱོགས་ཀྱི་བསྒྱུར་བཅོས་ལ་སྐུལ་འདེད་བཏང་ནས། ས་མཚམས་བཅད་པའི་སྲོལ་རྒྱུན་གྱི་ཁེ་ལས་དེ་ས་མཚམས་མེད་པའི་སྒོ་འབྱེད་རང་བཞིན་དང་། མཐུན་འགྲིག་རང་བཞིན་གྱི་གསར་སྐྲུན་ལས་སྟེགས་སུ་བསྒྱུར་དགོས་པ་དང་། གསར་སྐྲུན་ལ་སྤྲོ་བ་ཡོད་པའི་གསར་སྐྲུན་པ་དག་ལ་གོ་སྐབས་སྟེར་བ། སྔོན་ཐོན་ལག་རྩལ་གསོན་ཤུགས་ཅན་དང་ཐོན་ལས་གསར་པའི་ཚོགས་པ་ཚང་མ་དབྱར་མཚོ་རྒྱས་པ་བཞིན་གྱི་གོང་སྤེལ་གཏོང་བ་བཅས་བྱས་ནས། ཐུན་མོང་སྒོས་ཀྲུང་གོའི་འཕེལ་རྒྱས་ཀྱི་གཟི་འོད་གསར་པ་བསྐྲུན་དགོས།

  སྤྱིའི་འཕེལ་ཕྱོགས་དང་ཤེས་བྱ་གསར་པ་རྒྱུད་ལ་འབྱོར་དགོས་ན། ཐོག་མར་སློབ་སྦྱོང་ལ་འབད་པ་བྱེད་དགོས། དེ་རིང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆེད་དོན་འཆད་ཁྲིད་འཚོགས་པའི་དམིགས་ཡུལ་ནི་ཚང་མར་ཤེས་བྱ་གསར་པ་ཁ་སྣོན་དང་། གསར་སྐྲུན་གྱི་བློ་སྒོ་འབྱེད་པ། འདུ་ཤེས་གསར་པ་བསྡུ་ལེན་བྱེད་པ་བཅས་ལ་རོགས་རམ་བྱེད་རྒྱུ་ཡིན་པ་དང་། འདི་ནི་གནས་བབས་གསར་པའི་འོག་ཏུ་སྲིད་གཞུང་གི་ཇུས་གཅོད་མཐོར་འདེགས་དང་སྲིད་སྐྱོང་ཚན་རིག་ཅན་དང་ཕན་འབྲས་ཅན་དུ་གཏོང་བའི་ཐབས་ཤེས་ཤིག་ཡིན། སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོས་བྱ་བའི་དགོས་མཁོར་གཞིགས་ནས། ཆེད་དོན་འཆད་ཁྲིད་སྣ་ཚོགས་རྩ་འཛུགས་དང་རྣམ་པ་སྣ་ཚོགས་སྤྱད་ནས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་ཅིང་། མཐོང་རྒྱ་ཇེ་ཡངས་སུ་གཏོང་བ། སྦྱངས་པ་གོ་ཆོད་བཅས་བྱས་ནས། ལས་བྱེད་མི་སྣའི་ལས་ལམ་གསར་འབྱེད་ཀྱི་བྱང་ཚད་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་ཞབས་ཞུ་སྒྲུབ་པའི་ནུས་པ་མུ་མཐུད་ནས་ཇེ་མཐོར་གཏོང་དགོས། ང་ཚོས་འདུ་ཤེས་གསར་པས་གསར་སྐྲུན་ལ་སྣེ་འཁྲིད་བྱེད་པ་དང་། འདེགས་སྐྱོར་གསར་པས་གསར་སྐྲུན་ལ་སྐུལ་འདེད་གཏོང་བ། གསར་སྐྲུན་གྱིས་འཕེལ་རྒྱལ་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་ལེན་བསྟར་བ། མང་ཚོགས་ཀྱིས་ལས་ལམ་གསར་འབྱེད་དང་མང་ཚོགས་ཀྱིས་གསར་སྐྲུན་བྱས་ནས་འགུལ་ནུས་གསར་པ་གསོ་སྐྱོང་བཅས་བྱས་ཏེ། དཔལ་འབྱོར་གྱི་འཕེལ་ཚད་འབྲིང་རིམ་དང་མཐོ་རིམ་རྒྱུན་འཁྱོངས་བྱས་ནས་འབྲིང་རིམ་དང་མཐོ་རིམ་ཆུ་ཚད་ཕྱོགས་སུ་གོམ་ཁ་བསྒྱུར་ཐུབ་པ་དང་། འཕེལ་རྒྱས་ཀྱི་མྱུར་ཚད་ཇེ་དལ་དུ་མི་འགྲོ་བ་དང་། གཞི་གྲངས་ཇེ་མང་དང་སྤུས་ཚད་སྔར་བས་ཇེ་ལེགས་སུ་བཏང་ནས། ཀྲུང་གོའི་དཔལ་འབྱོར་གྱི་སྤུས་ཚད་ཇེ་ལེགས་དང་ཕན་འབྲས་ཆེ་རུ་གཏོང་བའི་རིམ་འཕར་མངོན་འགྱུར་བྱུང་ཐུབ་ངེས་རེད།

  རྩོམ་པ་པ། ལི་ཁོ་ཆང་། ཚེ་རིང་བྱམས་ཀྱིས་བསྒྱུར།

2015ལོའི་དུས་དེབ་བཅུ་གཅིག