འགུལ་ནུས་གསར་པར་སྐྱེ་འདེད་བྱས་ནས་གོང་འཕེལ་རྩོམ་རིག་གི་འོད་སྣང་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་འཇིག་རྟེན་དུ་སྤྲོ་བར་བྱེད་དགོས།

  ཏང་ཀྲུང་དབྱང་གིས་རྩོམ་རིག་དང་སྒྱུ་རྩལ་ལས་དོན་ལ་མཐོང་ཆེན་པོ་བྱེད་ཀྱི་ཡོད། ན་ནིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་རྩལ་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གལ་ཆེའི་གསུང་བཤད་གནང་སྟེ། རིག་རྩལ་དར་རྒྱས་དང་གོང་འཕེལ་གཏོང་བའི་བྱེད་ཕྱོགས་དང་རྩ་དོན་དང་། དམིགས་འབེན་དང་འོས་འགན། དུས་རབས་ཀྱི་བླང་བྱ་བཅས་སྔར་བས་གསལ་པོ་བཏོན་ཞིང་། མི་རྣམས་ལ་ཁ་ཕྱོགས་བསྟན་པ་དང་། ཡིད་ཆེས་དང་སྟོབས་ཤུགས་རྒྱས་པར་བྱས་པས། ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པ་རེད། ཉེ་ཆར། ཀྲུང་དབྱང་གིས་《སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་དང་གོང་འཕེལ་གཏོང་ཕྱོགས་སྐོར་གྱི་བསམ་འཆར་》འགྲེམ་སྤེལ་བྱ་རྒྱུ་ཡིན་པ་དང་། དེང་ཆ་དང་དེང་ཕྱིན་གྱི་དུས་སྐབས་ཤིག་གི་རིག་རྩལ་ལས་དོན་ལེགས་པར་བསྒྲུབ་རྒྱུར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱེད་པ་དང་། རྩོམ་རིག་གསར་གཏོད་དར་རྒྱས་གཏོང་བར་བླང་བྱ་གསལ་པོ་བཏོན་ཡོད། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་རྩོམ་རིག་ལྡུམ་རའི་ཁྲོད་མེ་ཏོག་སྣ་བརྒྱ་རྣམ་པར་བཞད་ཅིང་གསོན་ཤུགས་རབ་ཏུ་རྒྱས་ཡོད་པ་དང་། ལྷག་པར་དུ་སྤུས་ལེགས་ཤིང་ཚད་མཐོ་ལ་བསམ་བློ་རང་བཞིན་དང་སྒྱུ་རྩལ་རང་བཞིན་གྱིས་ཕྱུག་པའི་སྒྲུང་རིམ་སྐོར་ཞིག་ཆུ་གཏེར་རྒྱས་པ་བཞིན་དུ་ཐོན་ཏེ། བརྗིད་ཆགས་པའི་རྩོམ་རིག་གི་དཔེ་རིས་ཤིག་གྲུབ་ཡོད། ཉེ་ཆར་དཔྱད་འདེམས་བྱུང་བའི་སྐབས་དགུ་པའི་མའོ་ཏུན་རྩོམ་རིག་བྱ་དགའ་ནི་ཉེ་བའི་ལོ་འགའ་རིང་གི་རང་རྒྱལ་གྱི་སྒྲུང་རིམ་གསར་རྩོམ་ལ་གཅིག་སྡུད་ཀྱིས་གཟིགས་ཞིབ་ཐེངས་ཤིག་གནང་བ་དེ་ཡིན། བྱ་དགའི་དཔྱད་འབྲས་ལ་སྤྱི་ཚོགས་ཐོག་ཡོངས་ཁྱབ་ཏུ་ཁས་ལེན་བྱས་པ་དང་། དེ་ནི་རྩོམ་རིག་ལས་རིགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་རྩལ་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པའི་བྱེ་བྲག་གི་གྲུབ་འབྲས་ཡིན། རང་རྒྱལ་གྱི་རིག་རྩལ་བྱ་གཞག་ཉིད་དགོས་མཁོ་ཆེས་ཆེ་བའི་གོང་འཕེལ་གྱི་དུས་སྐབས་སུ་གནས་ཡོད་ལ། རྩོམ་རིག་གསར་རྩོམ་དེ་ཡང་དར་རྒྱས་དང་གོང་འཕེལ་གྱི་གསེར་ལྟ་བུའི་དུས་སྐབས་བཟང་ཤོས་སུ་སླེབས་ཡོད།

  གཅིག རྩོམ་རིག་གི་རིན་ཐང་ལ་དད་འདུན་བརྟན་པོར་བསྐྱེད་རྒྱུ་ནི་རྩོམ་པ་པོའི་ཆེས་གཅེས་སུ་རུང་བའི་གཤིས་རྒྱུད་ཡིན།

  གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པའི་རྩོམ་པ་པོ་ཡིན་ཕྱིན་ཚང་མར་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི། འཚོ་བའི་ཁྲོད་སྐྱིད་སྡུག་གང་རུང་གི་སྐབས་སུ་གནས་པའམ་ཡང་ན་གསར་རྩོམ་བྱེད་པའི་རྩེ་རིམ་དང་དམའ་རིམ་གང་རུང་གི་ཚད་དུ་གནས་ཀྱང་རུང་། དུས་ནམ་ཡང་རྩོམ་རིག་ལ་དད་འདུན་སྐྱེད་པ་དང་། རྩོམ་རིག་ལ་ལྷག་བསམ་ཟོལ་མེད་བཅངས་ལ། གང་བྱུང་དུ་མི་འདོར་ཞིང་ཆུ་སྣ་གར་ཁྲིད་ལྟར་མི་བྱེད་པ་དེ་ཡིན། སྐུ་ཞབས་མའོ་ཏུན་ལགས་ཀྱིས་མི་ཚེ་གང་བོར་གནས་མེད་ཡུལ་འགྲིམ་བྱས་ཀྱང་། དུས་ནམ་ཡང་ལག་གི་སྨྱུ་གུ་དོར་མ་མྱོང་། ཟིང་ཆ་ལངས་པའི་དུས་སྐབས་སུ། ཁོང་ཉིད་སྔ་རྗེས་སུ་ཝུའུ་ཧན་དང་། ཧྲང་ཧེ། རི་པིན། དེ་ནས་ཤང་ཀང་དང་། ཞིན་ཅང་། ཡན་ཨན་སོགས་སུ་བྱོལ་འགྲོ་བྱས་ཏེ་《ནམ་གུང་》ཞེས་པ་དང་། 《ལིན་ཚང་གི་ཚོང་ཁང་》ཞེས་པ།《དར་འབུ་》ཞེས་པ།《ཤིང་ལོ་དམར་པོ་དཔྱིད་ཟླ་འབྲིང་པོའི་མེ་ཏོག་འདྲ་》ཞེས་པ་སོགས་བརྩམས་ཆོས་གྲགས་བརྩམས་པ་རེད། ལུའུ་ཡའོ་ལགས་ནི་མཆིན་ནད་དྲག་པོས་གཙེས་རུང་སྔར་བཞིན་རྩོམ་འབྲི་དོར་མེད་པ་དང་། ན་བའི་སྡུག་བསྔལ་བསྲན་ཞིང་སེམས་ཤུགས་ཡོད་དགུ་བཏོན་ནས་《ཕལ་པའི་འཇིག་རྟེན་》ཞེས་པའི་ཆེས་མཐའ་མཇུག་གི་བམ་པོ་དེ་བརྩམས་པ་རེད། ཏག་ཏག་རྩོམ་རིག་ལ་སྤྲོ་བ་ཆེ་བ་དང་དེ་ཉིད་རྒྱུན་འཁྱོངས་བྱས་པའི་དབང་གིས་རྩོམ་རིག་གསུང་རབ་འདི་དག་བྱུང་བ་རེད།

  རྩོམ་རིག་ནི་མི་རིགས་ཤིག་གི་རྣམ་ཤེས་ལྟ་བུ་ཡིན། ང་ཚོས་རྒྱལ་ཁབ་དང་མི་རིགས་ཤིག་གི་སེམས་རྒྱུད་དང་བསམ་པའི་གསར་གཏོད་ལ་ལྟ་དུས་མིག་དབང་ཐོག་མར་རྩོམ་རིག་གི་སྟེང་དུ་ཤོར་འགྲོ་བ་རེད། རྩོམ་རིག་མཁན་པོ་དེ་དག་ནི་བསམ་བློ་དང་བློ་གྲོས་ཀྱིས་ཕྱུག་པ་དང་། མི་རིགས་རང་ཉིད་ཀྱི་ཆེས་ལེགས་པའི་བསམ་པའི་མཚོན་རྟགས་ཤིག་ཏུ་གྱུར་ཡོད་དེ། དཔེར་ན། པ་ཨེར་ཀྲ་ཁོ་དང་ཡུས་ཀུའོ་ནི་ཧྥ་རན་སེ་དང་། ཀོ་ཏེ་དང་ཧའེ་ཉེ་ནི་འཇར་མན། ཧྲ་ཧྲི་པི་ཡ་དང་པའེ་ལུན་ནི་དབྱིན་ཇི། ཕུའུ་ཞི་ཅིན་དང་ཐུའོ་ཨེར་སི་ཐའེ་ནི་ཨུ་རུ་སི་བཅས་སོ་སོའི་རྒྱལ་ཁབ་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད། རང་རྒྱལ་གྱི་རྩོམ་རིག་ལོ་རྒྱུས་ཐོག ཆུས་ཡོན་དང་། ཐའོ་ཡོན་མིང་། ལི་པའེ། ཏུའུ་ཧྥུ། སུའུ་ཧྲི། ཚའོ་ཞུའེ་ཆིན་སོགས་རྩོམ་རིག་མཁན་པོ་དག་གིས་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་མཐོ་ཚད་མཚོན་ཡོད། ལོ་ངོ་དུ་མའི་རིང་། མཁས་དབང་གྲགས་ཅན་འདི་དག་གིས་བགྲང་ལས་འདས་པའི་རྩོམ་རིག་གསུང་རབ་ལེགས་སྐྱེས་སུ་ཕུལ་ཏེ། མི་རྣམས་ཀྱིས་རྩོམ་རིག་གི་རྒྱ་མཚོའི་ཀློང་ནས་སེམས་ཀྱི་གསོ་བཅུད་དང་། བསམ་བློའི་སྒོ་མོ། མདུན་སྐྱོད་ཀྱི་སྒུལ་ཤུགས་བཅས་རྙེད་ཡོད།

  ཡིན་ན་ཡང་། དེ་རིང་གི་སྤྱི་ཚོགས་ཁོར་ཡུག་དང་རྩོམ་རིག་ཁོར་ཡུག་དེ་སྔོན་ཆད་དང་བསྡུར་ན་ཆེར་མི་འདྲ་བ་སྟེ། སྔོན་ཆད་ཚགས་པར་དང་དུས་དེབ་སྟེང་བརྩམས་སྒྲུང་ཞིག་དང་སྙན་ངག་ཅིག་སྤེལ་བ་ན། ཀློག་པ་པོའི་འཕྲིན་ཡིག་སྒྱེ་མོ་གང་རེ་འབྱོར་ཡོང་མོད་ཀྱི། ད་ལྟ་དེ་འདྲའི་ལོ་རབས་དེ་ལོ་རྒྱུས་རང་དུ་གྱུར་པ་རེད། དེང་ཆར། རིག་གནས་ཚོང་ར་ཉིན་བཞིན་དར་རྒྱས་དང་རིག་གནས་ཐོན་རྫས་ཉིན་བཞིན་ཇེ་མང་དུ་བྱུང་བས་མི་རྣམས་ཀྱི་རིག་གནས་ཀྱི་གདམ་གའང་སྔར་བས་སྣ་མང་ཅན་དུ་གྱུར་ཡོད། རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་རྩོམ་རིག་གསར་རྩོམ་བྱེད་པར་དཀའ་ངལ་ངེས་ཅན་ལ་ཐུག་ཡོད་པས། རྩོམ་པ་པོ་ཡང་དེ་འདྲའི་ཐེ་ཚོམ་མངོན་དུ་བྱས་ཡོད། རྟོགས་དགོས་པ་ཞིག་ནི། དུས་རབས་ལ་འགྱུར་ལྡོག་ཇི་ལྟར་བྱུང་བ་དང་། རིག་གནས་ཀྱི་རྣམ་པ་ལ་འཕེལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། རྩོམ་རིག་གི་རིག་རྩལ་གསར་རྩོམ་ཐད་ཀྱི་རྨང་གཞིའི་ནུས་པ་དང་། རིག་གནས་གོང་སྤེལ་ཐད་ཀྱི་ཁྲིད་སྟོན་ནུས་པ། སྤྱི་ཚོགས་དང་མི་སེམས་གསོ་བའི་ནུས་པ་བཅས་དུས་ནམ་ཡང་མི་འགྱུར་བ་དེ་ཡིན། རྩོམ་རིག་ལ་མཐོང་ཆུང་དང་ངན་བརྗོད་བྱེད་པ་གང་ཡིན་རུང་ཚང་མ་བློ་རྒྱ་ཆུང་བ་དང་མིག་རྒྱང་ཐུང་བ་ཤ་སྟག་ཡིན་གྱི། དེ་ནི་སྐུ་ཞབས་ཝང་མེང་ལགས་ཀྱིས་གསུངས་པ་ནང་བཞིན་ཏེ། “རྩོམ་རིག་རྒུད་པ་གྱར་བའི་དཀྲོག་གཏམ་ལ་ཡིད་ཆེས་མི་རུང་”ཞེས་པའོ།། སྐུ་ཞབས་ཧྥེ་ཞའོ་ཐུང་ལགས་ཀྱིས་ཁོང་གི་ཚེ་མཇུག་གི་གསུང་རྩོམ་《ཀྲུང་གོའི་རིག་གནས་བསྐྱར་སྐྲུན་》ཞེས་པའི་ནང་རིག་གནས་རང་རྟོགས་བྱེད་རྒྱུ་རེ་འབོད་བྱས་ཡོད། ཁོང་གིས་བསྟན་དོན། “མིའི་རིགས་ཀྱི་ཤེས་རིག་བྱུང་འཕེལ་གྱི་ལོ་རྒྱུས་གསར་པའི་ནང་དུ། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་རང་རྟོགས་མངོན་དུ་གྱུར་པའི་བསྟན་བཅོས་རྒྱས་པ་ཞིག་ཡོད་དགོས།” ཞེས་སོ།། རྒྱ་ཆེའི་རྩོམ་པ་པོ་རྣམས་ཀྱིས་རིག་གནས་ཀྱི་ཡིད་ཆེས་བསྐྱེད་པ་དང་རིག་གནས་ཀྱི་རང་རྟོགས་རྒྱུན་འཁྱོངས་བྱེད་པ་དང་། “ཞབས་ཞུ་གཉིས་”ཀྱི་ཁ་ཕྱོགས་དང་“མཉམ་བཞད་འགྲན་གླེང་”གི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་ལ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་ཁྲིད་སྟོན་བྱེད་ཅིང་། རྩོམ་རིག་གི་རིན་ཐང་ལ་དད་འདུན་བརྟན་པོར་བསྐྱེད་པ་དང་། རྩོམ་རིག་གསར་རྩོམ་གྱི་ཡིད་ཆེས་བརྟན་པོར་བཅངས་པ། ཚོང་རའི་རླབས་རྒྱུན་ཁྲོད་སྒོམ་སྟོབས་བསྐྱེད་པ་དང་། ཁེ་གྲགས་དང་ལེ་ལོ་སྒྱིད་ལུག་མདུན་དུ་ཐོག་མའི་འདུན་པ་མི་བརྗེད་པར། རུས་ཞེན་ཀུན་སྤྱོད་དྲོད་སྟོབས་བཅས་ལྡན་པའི་ཕུལ་བྱུང་བརྩམས་ཆོས་མང་པོ་གསར་རྩོམ་བྱེད་པ་དང་། རྩོམ་རིག་གི་འོད་སྣང་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་འཇིག་རྟེན་དུ་སྤྲོ་བར་བྱེད་དགོས།

  གཉིས། དུས་རབས་ཀྱི་འཕེལ་རིམ་མཚོན་པ་དང་ཀྲུང་གོའི་གཏམ་རྒྱུད་ལེགས་པར་བཤད་རྒྱུ་ནི་དེང་རབས་རྩོམ་རིག་གི་གལ་ཆེའི་འོས་འགན་ཡིན།

  མའོ་ཏུན་རྩོམ་རིག་བྱ་དགའ་སྤེལ་ནས་བགྲང་བྱ་30ལྷག་ཙམ་འདས་པ་དང་། སྐབས་དགུ་པོའི་ནང་བསྡོམས་པས་ཕུལ་བྱུང་སྒྲུང་རིང་40ལྷག་དཔྱད་འདེམས་བྱུང་བར་མངོན་གསལ་དོད་པོའི་གཙོ་གནད་ཅིག་གི་ཡོངས་སུ་ཁྱབ་ཡོད་དེ། དེ་ནི་དངོས་ཡོད་རིང་ལུགས་ཀྱི་སྙིང་སྟོབས་ལ་བསྔགས་བརྗོད་བྱས་པ་དེ་ཡིན། དཔེར་ན། བསྒྱུར་བཅོས་བརྗོད་བྱར་བཟུང་བའི་《དགུན་དུས་ཀྱི་དཔྱིད་ཀ་》དང་《གཤོག་ཟུང་ལྕི་མོ་》ལྟ་བུ་དང་། གྲོང་གསེབ་བརྗོད་བྱར་བཟུང་བའི་《ཞུས་མའོ་དང་ཁོའི་བུ་མོ་ཚོ་》དང་《ཕལ་པའི་འཇིག་རྟེན་》ལྟ་བུ། མི་རིགས་བརྗོད་བྱར་བཟུང་བའི་《མུའུ་སི་ལིན་གྱི་དུར་འཇུག་》དང་《ཨེ་ཨེར་ཀུའུ་ན་གཙང་བོའི་གཡས་རྒྱུད་》ལྟ་བུ། དམག་དོན་བརྗོད་བྱར་བཟུང་བའི་《ལོ་རྒྱུས་ཀྱི་མཁའ་དབྱིངས་》དང་《དཔའ་བོའི་དུས་རབས་》ལྟ་བུ་སོགས་ལ་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་ད་བར་དུ་སྔར་བཞིན་སྤྱི་མོས་སུ་བྱེད་པ་དང་། དུས་ཚོད་ཀྱི་རྡུལ་གྱིས་བརྩམས་ཆོས་འདི་དག་གི་འོད་སྣང་འཇོམས་ཐུབ་མེད། རྩོམ་མཁན་དང་རྩོམ་ཡིག་འདི་དག་གིས་དུས་རབས་ཀྱི་འགྲོས་དང་བསྟུན་ལ་མི་དམངས་ཀྱི་སེམས་དང་འདྲེས་ཤིང་། སྤྱི་ཚོགས་འཚོ་བར་དོ་ཁུར་དང་དུས་རབས་ཀྱི་འགྱུར་ལྡོག་ཟིན་ཐོ་ལ་བཀོད་དེ། དངོས་ཡོད་རིང་ལུགས་ཀྱི་སྙིང་སྟོབས་ཀྱི་སྟོབས་ཤུགས་མངོན་པར་མཚོན་ཡོད།

  ད་ལྟ་ང་ཚོ་རླབས་ཆེན་གྱི་དུས་རབས་ཤིག་ཏུ་གནས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་དུ་འགྱུར་བར་བྱེད་རྒྱུ་བཏོན་པ་དང་། ཀྲུང་གོ་བ་དུང་ཕྱུར་13གྱིས་“ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་མངོན་དུ་འགྱུར་བ་དང་སྔར་ལས་བཟང་བའི་འཚོ་བ་རོལ་ཐུབ་ཆེད་འབད་པ་ལྷོད་མེད་བྱེད་ཀྱི་ཡོད་དེ། དེ་ནི་མིའི་རིགས་ཀྱི་བྱུང་འཕེལ་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་དོན་ཆེན་ཞིག་རེད། གལ་ཏེ་གནད་དེ་ཉིད་སྣང་མེད་དུ་བསྐྱུར་བ་ཡིན་ན། རྩོམ་རིག་གིས་འོད་སྟོང་འབར་བའི་གྲུབ་འབྲས་འཐོབ་པའི་གོ་སྐབས་བཟང་པོ་ཤོར་ངེས་ལ། རླབས་ཆེན་གྱི་དུས་རབས་འདིའང་ཆུད་ཟོས་སུ་འགྲོ་ངེས། ད་ལྟའི་ཀྲུང་གོ་ཉིད་གོང་འཕེལ་བྱུང་ཚད་སྔར་བྱུང་མ་མྱོང་ལ། འགྱུར་ལྡོག་ཆེ་བ་བསམ་ཡུལ་ལས་འདས་ཞིང་། ཉིན་རེར་བཤད་མི་ཚར་བའི་གཏམ་རྒྱུད་བྱུང་དང་འབྱུང་མུས་སུ་ཡོད་དེ། རྒྱལ་ཁབ་ཀྱི་གཏམ་རྒྱུད་དང་། སྤྱི་ཚོགས་ཀྱི་གཏམ་རྒྱུད། མི་སྒེར་གྱི་གཏམ་རྒྱུད་དག་ནི་མི་སེམས་ཟིན་ལ་བྱུང་རིམ་ཀྱག་ཀྱོག་ལྡན་ཞིང་ངོ་མཚར་བ་ཤ་སྟག་ཡིན་པས་དེང་རབས་རྩོམ་རིག་གསར་རྩོམ་བྱེད་པར་ཧ་ཅང་ཕུན་སུམ་ཚོགས་པའི་རྒྱུ་ཆ་འདོན་སྤྲོད་བྱས་ཡོད། རྩོམ་པ་པོ་དང་དཔྱད་བརྗོད་པ་ཁ་ཤས་ཀྱི་བསམ་འཆར་ལྟར་ན། ད་ལྟ་རྩོམ་རིག་གསར་རྩོམ་གྱིས་དངོས་ཡོད་འཚོ་བ་མཚོན་པའི་ལེགས་རྩོམ་མང་པོ་མེད་ལ། བསྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས་ཟིལ་ཆགས་པོ་མཚོན་པའི་གསུང་རབ་དེ་བས་ཀྱང་ཉུང་། ང་ཚོས་དེ་ལྟ་བུའི་ལོ་རྒྱུས་ཀྱི་འོས་འགན་ཐེག་དགོས་པ་དང་། རང་རྟོགས་ཀྱིས་དུས་རབས་ཀྱི་མཐོ་ས་ནས་མདུན་གྱི་ཁ་ཚ་དགོས་གཏུག་གི་ལག་ལེན་ལ་གཞིགས་ལ། མི་རྣམས་ཀྱིས་རེ་སྙེག་བྱེད་པའི་ཕུགས་བསམ་མངོན་པར་མཚོན་ཞིང་། མི་རྣམས་ཀྱིས་རེ་སྙེག་བྱེད་པའི་འབད་བརྩོན་ལ་བསྟོད་བསྔགས་བྱེད་པ། སྤྱི་ཚོགས་ཀྱི་གཙོ་རྒྱུག་རིན་ཐང་དར་སྤེལ་གཏོང་བ། དེང་རབས་ཀྲུང་གོའི་ངོ་མཚར་ཆེ་བའི་གཏམ་རྒྱུད་འཆད་ལ་ངོ་མཚར་གྱིས་འཆད་པ་དང་། དེང་རབས་ཀྲུང་གོའི་སྙིང་སྟོབས་ཡི་གེར་འགོད་ཅིང་བརྒྱུད་སྤེལ་བཅས་བྱེད་དགོས།

  ཀྲུང་གོའི་གཏམ་རྒྱུད་ལས་རྒྱལ་ཁབ་དང་མི་རིགས་ཀྱི་ལོ་རྒྱུས་ཀྱི་འོས་འགན་དང་འཕེལ་འགྱུར་མངོན་ཡོད་ལ། ཀྲུང་གོ་བའི་ཐུན་མིན་གྱི་མྱོང་བ་དང་བརྩེ་གདུང་དེ་ལས་ཀྱང་རྡོག་དྲིལ་བྱས་ཡོད། ཀྲུང་གོའི་གཏམ་རྒྱུད་ལེགས་པར་འཆད་དགོས་ན། གནད་འགག་ཀྲུང་གོ་བའི་གཏམ་རྒྱུད་ལེགས་པར་འཆད་པ་དང་། ཡུན་དུ་བརྟན་པའི་དཔེ་མཚོན་སྣང་བརྙན་གསར་བཞེངས་བྱེད་པར་ཐུག་ཡོད། སྐུ་ཞབས་ལུའུ་ཞུན་གྱིས་ཞིབ་འབྲི་བྱས་པའི་ཨ་Qདང་། སྐུ་ཞབས་ལའོ་ཧྲིས་གསར་བཞེངས་བྱས་པའི་རྔ་མོང་ཞང་ཙི། སྐུ་ཀྲའོ་ཧྲུའུ་ལི་ཡི་སྒྱུག་ཁའི་ཨེར་ཧེ་ཆུང་བ། སྐུ་ཞབས་ལིའུ་ཆིང་གིས་བསྐྲུན་པའི་ལིའང་ཧྲེང་པའོ་བཅས་མི་སྣ་འདི་དག་ཚང་མ་གསོན་ཉམས་ལྡན་པས་སེམས་ལ་བག་ཆགས་ཟབ་མོ་བཞག་ཡོད་ཅིང་བརྗེད་ཐབས་བྲལ་བ་ཞིག་ཏུ་སྣང་། བསྒྱུར་བཅོས་སྒོ་འབྱེད་ཀྱི་རླབས་རྒྱུན་ཁྲོད་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་གསར་སྐྱེས་མི་སྣ་མང་པོ་སྟེ། གདོང་ལེན་བསྒྱུར་བཅོས་པ་དང་། ཚན་རྩལ་འཇོན་པོ། ཚོང་ལས་མཁས་པོ། དེ་བཞིན་ལས་རིགས་སོ་སོའི་ཕུགས་འདུན་བརྩོན་ལེན་དང་ཕུགས་འདུན་མངོན་དུ་གྱུར་པའི་ངལ་རྩོལ་པ་དཀྱུས་མའང་བྱུང་ཡོད་དེ། ཁོང་ཚོ་ནི་དུས་རབས་འདིའི་ཆེས་གསོན་ཉམས་ལྡན་པའི་མཚོན་བྱེད་རང་བཞིན་གྱི་རྟགས་མཚན་ཡིན། དུས་རབས་ཀྱི་གསར་སྐྱེས་མི་སྣ་ཇི་ལྟར་ལེགས་པར་མཚོན་རྒྱུ་དང་ལེགས་པར་བསྐྲུན་རྒྱུ་ནི་འགྲན་སློང་རང་བཞིན་གྱི་རྩོམ་རིག་གི་ཞིབ་འཇུག་བྱ་གཞི་ཞིག་ཡིན། ང་ཚོས་རྩོལ་བ་ཆེན་པོས་རྩད་གཅོད་དང་གདམ་གསེས་བྱེད་པ་དང་། གསོན་ཉམས་ལྡན་ཞིང་མངོན་དོད་ཆེ་ལ། ཇི་བཞིན་དུ་མཐོང་བའི་དུས་རབས་ཀྱི་གསར་སྐྱེས་མི་སྣའི་སྣང་བརྙན་གང་མང་ཞིག་བསྐྲུན་དགོས། དཔའ་བོ་རྒྱལ་ཁབ་དང་མི་རིགས་ཤིག་གི་བསམ་པའི་གནས་ཚད་ཡིན་གྱི། རྩོམ་རིག་ནང་ཡང་དག་པ་དང་འབུར་དུ་ཐོན་པར་མཚོན་དགོས། ད་ཆ་དཔའ་བོར་འཕྱ་སྨོད་དང་དམའ་འབེབས་བྱེད་པའི་སྤྱོད་ངན་ཞིག་ཆགས་ཡོད་པ་དང་། དེའི་ཐད་མི་དམངས་མང་ཚོགས་ལ་བསམ་འཆར་ཧ་ཅང་ཆེན་པོ་འདུག རྩོམ་རིག་གསར་རྩོམ་ཁྲོད། དཔའ་བོར་རྗེས་སུ་ཡི་རང་བྱེད་དགོས་པ་དང་། ཆེས་ལེགས་པའི་ཡི་གེའི་ཐོག་ནས་དཔའ་བོའི་གཏམ་རྒྱུད་ལེགས་པར་བཤད་ཅིང་། དཔའ་བོའི་སྣང་བརྙན་བསྐྲུན་ཏེ། ཀྲུང་གོའི་གཏམ་རྒྱུད་ལས་འོད་སྣང་བཀྲ་བའི་མི་སྣ་གཙོ་བོར་འགྱུར་བར་བྱེད་དགོས། དུས་རབས་གོང་མའི་ལོ་རབས་30ཡི་ནང་། སྐུ་ཞབས་ཧྥན་ཝུན་ལན་གྱིས་《སྐྱེས་མཆོག ཧྥན་ཝུན་ལན་གྱིས་དཔའ་བོ་གླེང་བ་》ཞེས་པ་བརྩམས་ཏེ་སྤྱི་ཚོགས་ཡོངས་ནས་མི་རིགས་ཀྱི་དཔའ་བོར་ཡི་རང་བྱེད་པའི་བསམ་པ་དྲངས་ཡོད། ང་ཚོས་སྐུ་ཞབས་ཧྥན་ཝུན་ལན་ནང་བཞིན་དཔའ་བོའི་མི་སྣ་དེ་དག་མིའི་སེམས་ཁོང་གི་སྐྱེས་མཆོག་ཏུ་བརྩི་དགོས་པ་དང་། དེ་དག་ལོ་རྒྱུས་ཀྱི་མཁའ་དབྱིངས་སུ་འོད་ཆེམ་ཆེམ་དུ་འཕྲོ་བར་བྱེད་དགོས།

  གསུམ། རྩོམ་རིག་གསར་རྩོམ་ལ་འཇུག་པའི་ཆེས་རྩ་བའི་ཐབས་ཤེས་ནི་མི་དམངས་དང་འཚོ་བའི་ཁྲོད་ཚུགས་དགོས།

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། རིག་རྩལ་གསར་རྩོམ་ལ་ཐབས་ལམ་བརྒྱ་དང་སྟོང་ཡོད་ཀྱང་རུང་། ཆེས་རྩ་བ་དང་ཆེས་གནད་འགག་ཆེས་བློ་ཐུབ་ཀྱི་ཐབས་ཤེས་ནི་མི་དམངས་དང་མཉམ་དུ་འཚོ་བའི་ཁྲོད་ཚུགས་རྒྱུ་དེ་ཡིན། རྟོགས་དགོས་པ་ཞིག་ནི། མི་དམངས་ནི་ལོ་རྒྱུས་ཀྱི་གར་སྟེགས་ཆེན་མོའི་མི་སྣ་གཙོ་བོ་ངོ་མ་རང་ཡིན་ལ། འཚོ་བ་ནི་རྩོམ་རིག་གསར་རྩོམ་གྱི་ཆུ་འགོ་ཡིན། གལ་ཏེ་རྩོམ་རིག་མ་ཉམས་ན། མི་དམངས་དང་རྩོམ་རིག་བར་དང་། འཚོ་བ་དང་རྩོམ་རིག་བར་གྱི་འབྲེལ་བའི་གནད་དོན་ལ་ནམ་ཡང་དུས་འདས་རྒྱུ་མེད། ན་ནིང་ནས་བཟུང་། རིག་རྩལ་ལས་རིགས་ཀྱིས་“འཚོ་བའི་ཁྲོད་ཞུགས་པ་དང་། མི་དམངས་ཁྲོད་ཚུགས་པ་”ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་ལག་ལེན་བྱེད་སྒོ་སྤེལ་བ་དང་། རྒྱ་ཆེའི་རྩོམ་པ་པོ་དང་སྒྱུ་རྩལ་པ་དག་ཧུར་ཐག་དང་ལྷག་བསམ་རྣམ་དག་གིས་ཞུགས་ཏེ། འཚོ་བའི་ཁྲོད་ཞུགས་ཤིང་གོམས་པའི་གོ་རིམ་ནང་མང་ཚོགས་ལ་བཅངས་པའི་བརྩེ་གདུང་ཇེ་ཟབ་ཏུ་ཕྱིན་པ་དང་། གསར་རྩོམ་གྱི་ཚོར་བ་ཕུན་ཚོགས་སུ་ཕྱིན་ལ། ཕན་འབྲས་ཀྱང་ལེགས་པོ་ཐོན་ཡོད།

  ཁྲོན་སྦལ་བཞིན་དུ་སྡོད་པ་རྩོམ་ཚུལ་མིན། །མང་དུ་ཐོས་པ་ད་གཟོད་རྩོམ་པའི་རྒྱུ། །མི་དམངས་ཉིད་གསར་རྩོམ་གྱི་ལྟེ་བ་བྱས་པའི་ཁྲིད་ཕྱོགས་བརྟན་པོར་ཚུགས་པ་དང་། “སུའི་ཆེད་དང་། སུར་བརྟེན་པ། ང་ནི་སུ་ཞིག་ཡིན་པ་”བཅས་ཀྱི་གནད་དོན་དངོས་གནས་ཐག་ལེགས་པོ་གཅོད་པ་དང་། རང་རྟོགས་ཀྱིས་རྒྱ་ཆེའི་མི་དམངས་རྣམས་ཞབས་འདེགས་ཞུ་ཡུལ་དང་མཚོན་ཡུལ་དུ་བཞག་ན། ད་གཟོད་ལེགས་རྩོམ་དང་གསུང་རབ་རྩོམ་ཐུབ། ང་ཚོས་ལུས་མར་དུད་ཅིང་སེམས་རྣལ་དུ་ཕབ་དགོས་པ་དང་། རྐང་པ་ས་གཞིར་བཙུགས་ཤིང་། འཚོ་བའི་ས་ཞིང་གཤིན་པོ་རྨོ་བ་དང་འཚོ་བའི་སྐྱིད་སྡུག་སྣ་ཚོགས་མྱངས་ནས། མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ནས་མཛེས་བཟང་རྙེད་པ་དང་མཛེས་བཟང་གསར་གཏོད་བྱས་ཏེ། རྩོམ་རིག་གསར་རྩོམ་ཉིད་སྔར་བས་ཕུགས་ཐུབ་པ་དང་། སྔར་བས་དངོས་དོན་དང་མཐུན་ལ། སྔར་བས་འཚོ་བའི་བྲོ་བ་དང་ལྡན་པར་བྱེད་དགོས།

  འཚོ་བ་དང་མི་དམངས་ཀྱི་ཁྲོད་ཟབ་མོར་ཚུགས་དགོས་ན། ད་དུང་འཚོ་བར་ལྟ་སྟངས་ཇི་ལྟར་འཛིན་པ་དང་བློ་གདེང་ཆུད་པའི་གནད་དོན་ཀྱང་ཐག་གིས་གཅོད་དགོས། རྩོམ་རིག་ངོ་མ་ཞིག་ཡིན་ན། ཡར་སྐྱེད་དང་དགེ་སེམས་ལྡན་པ་ཞིག་དགོས་ཀྱི། དེ་ནི་སྔར་བས་ལེགས་པའི་སྒོ་ནས་འཚོ་བ་དང་། སྔར་བས་འོད་ཟེར་ལྡན་ལ་ སྔར་བས་མཛེས་སྡུག་ལྡན་པའི་སྟོབས་ཤུགས་ཀྱིས་ཁེངས་པ་ཤིག་སྟེ། སྐྱོ་གར་གསར་རྩོམ་བྱེད་པའང་དེ་བཞིན་ནོ། །གལ་ཏེ་གནས་བབས་ཞིབ་འབྲི་དང་ངན་སྤྱོད་ཇི་བཞིན་མཚོན་པ་ཁོ་ན་བྱས་པ་དང་། སྤྱི་ཚོགས་ཀྱི་ངན་པའི་ཕྱོགས་འུད་བཤད་བྱེད་དྲགས་ན། མི་དམངས་ལ་མདུན་སྐྱོད་ཀྱི་སྐུལ་མ་གཏོང་མི་ཐུབ། རྩོམ་རིག་ནི་འཚོ་བ་ལས་བྱུང་ཡང་འཚོ་བ་ལས་མཐོ་བ་ཞིག་ཡིན་དགོས་པ་དང་། དངོས་ཡོད་རིང་ལུགས་ཀྱི་སྙིང་སྟོབས་དང་འཆར་ཡན་རིང་ལུགས་ཀྱི་སེམས་བྱུང་ལས་དངོས་ཡོད་ལ་ཞིབ་དཔྱོད་བྱེད་ལ། སྔར་བར་ཁྱོན་ཡོངས་དང་ཡང་དག་པའི་སྒོ་ནས་སྤྱི་ཚོགས་དང་འཚོ་བའི་རྣམ་པ་དངོས་ཁོང་དུ་ཆུད་པ་བྱེད་ཅིང་། དུས་རབས་ཀྱི་མདུན་སྐྱོད་ཀྱི་འགྲོས་དང་བསྟུན་ལ་མིའི་བློ་འདོད་དང་བསྟུན་ཏེ། མི་རྣམས་ཀྱིས་མཛེས་སྡུག་དང་རེ་བ་དང་ཕུགས་བསམ་བཅས་མཐོང་ཐུབ་པ་བྱེད་དགོས།

  བཞི། རྒྱུན་འཛིན་མིག་ལྟོས་གསར་གཏོད་གསུམ་གྱི་རྨང་གཞིའི་སྟེང་རྩོམ་རིག་གི་གསར་རྩོམ་ནུས་པ་ཇེ་མཐོར་གཏོང་དགོས།

  ད་ལོ་ནི་《ན་གཞོན་གསར་པ་》དུས་དེབ་སྤེལ་ནས་ལོ་ངོ་100འཁོར་བའི་ལོ་རེད། 《ན་གཞོན་གསར་པ་》བཏོན་པ་དེས་རིག་གནས་གསར་པའི་ལས་འགུལ་གྱི་སྒོ་མོ་ཕྱེ་བ་རེད། “ལུའུ་ཀུའོ་པ་ལའོ་ཚའོ་”བཅས་ཀྱིས་མཚོན་པའི་བསམ་བློ་ཡར་ཐོན་དང་མཁྱེན་དཔྱོད་ཡངས་པའི་ཕུལ་བྱུང་རྩོམ་པ་པོ་སྐོར་ཞིག་གིས། ཀྲུང་ཕྱིའི་ཤེས་བྱ་མཐའ་དག་སྦྱངས་ལ་རྙིང་དོར་གསར་འཛུགས་བྱས་པ་དང་། རིག་གནས་གསར་པའི་ལས་འགུལ་གྱི་མདུན་སར་ལངས་ཏེ། ཕལ་སྐད་རྩོམ་ཡིག་གི་ཐོག་ནས་བསམ་བློ་གསར་པ་དང་ཀུན་སྤྱོད་གསར་པ་མཚོན་པ་དང་། གསུང་རབ་སྐོར་ཞིག་གསར་དུ་བརྩམས་ལ། ཀྲུང་གོའི་རྩོམ་རིག་གི་ཁྱབ་ཁོངས་རྒྱ་ཇེ་ཆེར་བསྐྱེད་པ་དང་། ཀྲུང་ཧྭ་རིག་གནས་ཀྱི་མཛེས་བཟང་མཚོན་བྱེད་ཕུན་སུམ་ཚོགས་སུ་བཏང་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་གསར་གཏོད་ཀྱི་ནུས་པ་ཇེ་ཆེར་བཏང་ཡོད།

  རྒྱུན་འཛིན་མིག་ལྟོས་གསར་གཏོད་གསུམ་ནི་རྩོམ་རིག་གསར་རྩོམ་གྱི་གསོན་ཤུགས་རྒྱས་ས་དེ་ཡིན། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནི་དེང་རབས་ཀྲུང་གོའི་རྩོམ་རིག་གི་ཚོས་གཞི་ཡིན་ལ། རྩོམ་རིག་གསར་རྩོམ་གྱི་ཚོར་བ་སྐྱེན་པའི་འཛད་མེད་འབྱུང་ཁུངས་དང་ཞིང་ས་གཤིན་པོའང་ཡིན། ང་ཚོས་ཀྲུང་ཧྭའི་རིག་གནས་ཀྱི་ལངས་ཕྱོགས་བརྟན་པོར་སྲུང་བ་དང་། རང་ས་རང་ཡུལ་དུ་ཚུགས་ཤིང་རྩ་བ་མི་བརྗེད་ལ། ཀྲུང་ཧྭའི་མཛེས་རིག་སྙིང་སྟོབས་རྒྱུན་འཛིན་བྱེད་པ། གནའ་གཞུང་རྩོམ་རིག་གི་སྙིང་བཅུད་བསྡུ་ལེན་བྱེད་པ། དེང་རབས་རྩོམ་རིག་ལ་དུས་རབས་ཀྱི་ནང་དོན་གསར་པ་སྩོལ་བ་བཅས་ཀྱི་ཐོག་ནས། ཀྲུང་གོའི་རྩོམ་རིག་ལ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་གདོང་གཤིས་ཡོད་པར་བྱེད་པ་དང་། དུས་ནམ་ཡང་ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་གོའི་རྣམ་པ། ཀྲུང་གོའི་ཉམས་འགྱུར་བཅས་རྒྱུན་འཁྱོངས་བྱེད་དགོས། སྲོལ་རྒྱུན་རྒྱུད་འཛིན་ལ་ནན་ཆེར་སྐུལ་བ་ནི་འཛམ་གླིང་ཕུལ་བྱུང་རྩོམ་རིག་གི་གྲུབ་འབྲས་བསྡུ་ལེན་དང་དཔེ་ལྟོས་བྱེད་པར་བཀག་འགོག་བྱས་པ་མ་ཡིན་གྱི། ཀྲུང་གོའི་དེང་རབས་རྩོམ་རིག་གིས་སྒོ་འབྱེད་པ་དང་བློ་རྒྱ་ཡངས་པོའི་སྒོ་ནས་འཛམ་གླིང་ལ་ཁ་ཕྱོགས་ཡོད། བསྒྱུར་བཅོས་སྒོ་འབྱེད་བྱས་པ་ནས་བཟུང་། ཀྲུང་ཕྱིའི་རིག་གནས་སྤེལ་རེས་དང་དཔེ་ལྟོས་སྔར་ལས་རྒྱུན་གཏན་དུ་གྱུར་པ་དང་། ཕྱི་རྒྱལ་གྱི་ཕུལ་བྱུང་རྩོམ་རིག་སྐོར་ཞིག་ཀྲུང་གོར་འགྱུར་ནས། དེང་རབས་རྩོམ་པ་པོའི་གསར་རྩོམ་ལ་བག་ཆགས་ཆེན་པོ་ཐེབས་ཤིང་། དེང་རབས་རྩོམ་རིག་གོང་འཕེལ་དང་དར་རྒྱས་འགྲོ་བར་སྐུལ་འདེད་བྱས་ཡོད། སྲོལ་རྒྱུན་ལ་བརྩི་བཀུར་དང་ཚོས་གཞི་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག ཕྱི་རྒྱལ་གྱི་ཕུལ་བྱུང་རིག་གནས་གྲུབ་འབྲས་བསྡུ་ལེན་གང་ལེགས་བྱེད་པ་དང་། རྩོམ་རིག་གསར་རྩོམ་གྱི་ཉམས་མྱོང་གསར་པར་དཔེ་ལྟོས་བྱས་ནས། རང་རྒྱལ་གྱི་རྩོམ་རིག་གསར་རྩོམ་གྱི་འདུ་ཤེས་དང་། རྣམ་པ། ཐབས་ལམ་བཅས་གྲ་རྒྱས་དང་གོང་འཕེལ་གཏོང་བ་དང་། དེང་རབས་རྩོམ་རིག་གསར་རྩོམ་གྱི་གསོན་ཤུགས་རྒྱས་སུ་འཇུག་དགོས།

  སྐད་དང་ཡི་གེ་ནི་མི་རིགས་ཤིག་གི་བློ་གྲོས་མཚོན་བྱེད་ཅིག་ཡིན། རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཡིན་གྱི། ཕ་སྐད་རྒྱུན་འཛིན་དང་གོང་འཕེལ་གཏོང་བ་དང་མི་རིགས་ཀྱི་གསར་གཏོད་ནུས་ཤུགས་ཇེ་ཆེར་གཏོང་བར་གལ་ཆེའི་ནུས་པ་ལྡན་པ་རེད། པ་ཨེར་ཀྲ་ཁོ་དང་། ཐུའོ་ཨེར་སི་ཐའེ། ཚའོ་ཞུའེ་ཆིན་སོགས་ནི་ཀྲུང་ཕྱིའི་རྩོམ་རིག་མཁན་པོ་ཡིན་ཏེ། དེ་དག་གིས་རང་སོ་སོའི་ཕ་སྐད་ཕུན་སུམ་ཚོགས་སུ་གཏོང་བའི་ཐད་ལ་གལ་ཆེ་བའི་བྱས་རྗེས་བཞག་ཡོད། ང་ཚོས་《ཁང་ཆེན་དམར་པོའི་རྨི་ལམ་》ཀློག་པ་ནི་མི་རིགས་ཀྱི་སྐད་དང་ཡི་གེའི་བང་མཛོད་དུ་མྱུལ་བ་དང་གཉིས་སུ་མེད་པ་རེད། སྐུ་ཞབས་ལུའུ་ཞུན་གྱི་བརྩམས་ཆོས་ཡུན་རིང་ཉམས་པ་མེད་པའི་རྒྱུ་མཚན་ནི་དེའི་བསམ་བློའི་རང་བཞིན་ལ་རག་ལས་པ་མ་ཟད། ད་དུང་ཁྱད་ཆོས་ཀྱིས་ཕྱུག་པའི་སྐད་ཆ་ལའང་རག་ལས་ཡོད་དེ། ཁོང་གི་སྐད་ཆ་ནི་ཚིག་ཉུང་ཞིང་དོན་གསལ་ལ་བབ་ཆགས་པ་དང་། ཚིག་དོན་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་ཡིན་པས་སྒྱུ་རྩལ་གྱི་སྐྱེད་ཤུགས་དང་ཁྱབ་ཤུགས་ཆེན་པོ་ལྡན། དེང་རབས་རྩོམ་པ་པོའི་ཁྲོད། ཝང་ཙེང་ཆིའི་བརྩམས་སྒྲུང་དང་ལྷུག་རྩོམ་ཕལ་ཆེར་རིང་པོ་མེད་མོད། འོན་ཀྱང་ཚིག་ཐུང་ཞིང་སྙན་ལ་དོན་གསལ་བ་དང་། སྐད་ཆ་བྲོ་བ་ལྡན་ཞིང་དོན་གྱིས་ཕྱུག་ཡོད། སྐུ་ཞབས་ཅིན་ཡུང་གི་དཔའ་རྟུལ་བརྩམས་སྒྲུང་ནི་གཏམ་རྒྱུད་ཀྱི་བྱུང་རིམ་ཡིད་དབང་འཕྲོག་པ་ཞིག་ཡིན་པའི་ཁར། སྐད་ཆའང་ཁྱད་ཆོས་ཆེར་ལྡན་པ་དང་། ཡིག་སྐད་དང་ཕལ་སྐད་མཉམ་སྤྱོད་དང་མཛངས་ཆོས་དང་རྩིང་ཆོས་མཉམ་དུ་དྲངས་པས་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་ཟབ་མོ་མངོན་པར་མཚོན་ཡོད། མི་མི་ཉུང་བ་ཞིག་གི་བསམ་འཆར་ལྟར་ན། ད་ལྟ་རྩོམ་ཡིག་ཁ་ཤས་ཀྱི་ཚིག་སྦྱོར་མི་ལེགས་ཤིང་། ཀྲུང་གོའི་སྐད་དང་ཡི་གེའི་མཛེས་ཉམས་དང་བྲོ་བ་དབེན་ལ། སྒྱུ་རྩལ་གྱི་མངོན་སྟངས་དང་སྒྱུ་རྩལ་གྱི་འགུགས་ནུས་ཀྱིས་ཞན་ཡོད། དེར་མགྱོགས་ཟས་རིག་གནས་དར་ཁྱབ་ཆེ་བ་དང་གསར་རྩོམ་གྱི་སེམས་ཁམས་རྣལ་དུ་མི་གནས་པའི་གནད་དོན་ཡོད་ལ། རྩོམ་པ་པོ་རང་ཉིད་ཀྱི་ཡིག་རྩ་མི་ལེགས་པའི་གནད་དོན་ཡང་ཡོད། ང་ཚོར་ཕ་སྐད་ཀྱི་ཡིད་ཆེས་མངའ་དགོས་ལ། མཁས་དབང་མིག་དཔེ་བྱེད་པ་དང་སྔོན་བྱོན་དམ་པ་རྣམས་ལ་དཔེ་ལྟ་བྱས་ཏེ། དཀའ་སྤྱད་ཀྱིས་ཡིག་རྩ་སྦྱོང་བ་དང་། སྐད་ཆའི་མཁན་པོར་ཧུར་ཐག་གིས་འགྱུར་བར་བྱེད་ལ། རྣམ་པ་དང་ནང་དོན་གཉིས་མཛེས་ཀྱི་གསུང་རབ་མང་པོ་རྩོམ་པ་དང་། ཕ་སྐད་ཀྱི་མངོན་མཚོན་ནུས་པ་དང་གསར་གཏོད་ནུས་པ་ཇེ་ཆེར་གཏོང་བའི་ཐད་ལེགས་སྐྱེས་འབུལ་དགོས།

  རྩོམ་རིག་བྱ་དགའ་དཔྱད་འཇོག་བྱེད་པ་ནི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་གསར་རྩོམ་ལ་སྣེ་འཁྲིད་བྱེད་པ་དང་། གསུང་རབ་སྤེལ་བ་དང་དཔུང་ཁག་ལ་སྐུལ་མ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། མའོ་ཏུན་རྩོམ་རིག་བྱ་དགའ་ནི་རང་རྒྱལ་གྱི་བརྩམས་སྒྲུང་རིང་པོའི་བྱ་དགའ་ཆེས་མཐོ་ཤོས་དེ་ཡིན་ལ། རྒྱལ་ཁབ་ཕྱི་ནང་ཀུན་ཏུ་བག་ཆགས་ཟབ་མོ་ཐེབས་ཡོད་པ་དང་། ཉེ་བའི་ལོ་ཤས་རིང་བྱ་དགའ་དཔྱད་འཇོག་ཐད་བསྒྱུར་བཅོས་ཁ་ཤས་བྱས་པ་དེ་ནུས་ལྡན་གོ་ཆོད་ཡིན་པ་དོན་དངོས་ལས་ར་འཕྲོད་བྱུང་བ་རེད། རྩོམ་རིག་བྱ་དགའི་དཔྱད་འཇོག་ལས་ཀ་སྔར་བས་ཚད་ལྡན་དང་ལེགས་བཅོས་གཏོང་དགོས་པ་དང་། ཕུལ་བྱུང་བརྩམས་ཆོས་དང་རྩོམ་པ་པོ་དངོས་དཔྱད་འདེམས་བྱས་ནས་ཀུན་གྱིས་ཡིད་ཆེས་བྱེད་ཚད་དང་དབང་གྲགས་ཇེ་ཆེར་གཏོང་དགོས། བྱ་དགའ་ཐོབ་པའི་བརྩམས་ཆོས་ལ་དཔྱད་བརྗོད་དང་ཞིབ་བསྡུར་བྱེད་ཤུགས་ཆེར་སྐྱེད་བྱེད་དགོས་པ་དང་། ཀློག་པ་པོས་སྔར་ལས་ལེགས་པའི་སྒོ་ནས་ཕུལ་བྱུང་བརྩམས་ཆོས་འདི་དག་རྟོགས་ཐུབ་པ་བྱེད་དགོས།

  རྩོམ་པ་པོ། ལིའུ་ཆི་པའོ ། བསོད་ནམས་དབང་རྒྱལ་གྱིས་བསྒྱུར།

2015ལོའི་དུས་དེབ་བཅུ་གཅིག