སྨྱན་གཟུགས་མཉམ་འདྲེས་གོང་འཕེལ་གཏོང་བའི་ལས་དོན་ཆེན་པོ་འདི་ཉིད་ནུས་ཤུགས་ཡོད་རྒུ་བཏོན་ཏེ་ལེགས་པོར་སྒྲུབ་དགོས།

དེབ་འདིའི་དཔྱད་གཏམ་པ།

  ལོ་གཅིག་གི་སྔོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་སྟེ་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་བའི་འགོ་ཁྲིད་ཚོ་ཆུང་གི་ཐེངས་བཞི་པའི་ཚོགས་འདུ་སྐོང་འཚོགས་གནང་བ་རེད། ཚོགས་འདུའི་ཐོག་སྲོལ་རྒྱུན་སྨྱན་གཟུགས་དང་གསར་དར་སྨྱན་གཟུགས་མཉམ་འདྲེས་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱེད་པའི་སྐོར་གྱི་གསུང་བཤད་གལ་ཆེན་དེ་མཚོན་རྟགས་སུ་བཟུང་ནས། ཀྲུང་གོའི་སྲོལ་རྒྱུན་སྨྱན་གཟུགས་དང་གསར་དར་སྨྱན་གཟུགས་མཉམ་འདྲེས་ངང་འཕེལ་རྒྱས་གཏོང་བའི་སྲིད་ལོ་དང་པོའི་འགོ་ཚུགས་པ་རེད། འདིར་ཀྲུང་གོ་གསར་པའི་སྨྱན་གཟུགས་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་སྟེང་དུས་མཚམས་འབྱེད་པའི་དོན་སྙིང་གལ་ཆེན་ལྡན།

  སྲོལ་རྒྱུན་སྨྱན་གཟུགས་དང་གསར་དར་སྨྱན་གཟུགས་མཉམ་འདྲེས་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་རྒྱུ་དེ་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་མཛད་པའི་ཏང་ཀྲུང་དབྱང་གིས་བསམ་བློ་རིག་གནས་ཁྱབ་བསྒྲགས་བྱེད་པའི་གཡུལ་ས་ཇེ་བརྟན་གཏོང་བ་དང་། གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་ཆེ་རུ་གཏོང་བ་བཅས་ལ་དམིགས་ནས་བཏོན་པའི་གལ་འགངས་ཆེ་བའི་འཐབ་ཇུས་སྒྲིག་བཀོད་ཅིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། བསམ་བློའི་ལས་དོན་ཁྱབ་བསྒྲགས་བྱེད་རྒྱུ་དེ་སྤྱི་ཚོགས་ཆ་འཕྲིན་ཅན་རྒྱུན་མཐུད་སྐུལ་སྤེལ་བྱེད་པའི་གནས་ཚུལ་གསར་པ་དང་འཕྲོད་པོ་ཡོང་བ་དང་། སྲོལ་རྒྱུན་སྨྱན་གཟུགས་དང་གསར་དར་སྨྱན་གཟུགས་མཉམ་འདྲེས་ངང་འཕེལ་རྒྱས་གཏོང་བའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། གསར་དར་ལག་རྩལ་བེད་སྤྱོད་ལེགས་པོ་བཏང་ནས་སྨྱན་གཟུགས་ཁྱབ་སྒྲོག་བྱེད་པ་དང་ཆ་འཕྲིན་ཁྱབ་སྤེལ་གྱི་མཐོ་མཚམས་གསར་པ་ཞིག་ཏུ་སླེབས་དགོས། ཁོང་གིས་ནན་བཤད་བྱས་དོན། སྲོལ་རྒྱུན་སྨྱན་གཟུགས་དང་གསར་དར་སྨྱན་གཟུགས་མཉམ་འདྲེས་ངང་འཕེལ་རྒྱས་གཏོང་དགོས་ན། གསར་འགྱུར་ཁྱབ་སྤེལ་གྱི་ཆོས་ཉིད་དང་གསར་དར་སྨྱན་གཟུགས་ཀྱི་འཕེལ་རྒྱས་ཆོས་ཉིད་ལ་བརྩི་སྲུང་བྱེད་དགོས་པ་དང་། དྲ་རྒྱའི་བསམ་གཞིགས་བྱེད་སྟངས་ལ་ཤུགས་སྣོན་རྒྱག་པ་དང་། སྲོལ་རྒྱུན་སྨྱན་གཟུགས་དང་གསར་དར་སྨྱན་གཟུགས་ཀྱི་ལེགས་ཆ་ཕན་ཚུན་ཁ་གསབ་དང་མཉམ་དུ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། སྔོན་ཐོན་ལག་རྩལ་དེ་རྒྱབ་རྟེན་དང་ནང་དོན་འཛུགས་སྐྲུན་དེ་གཞི་རྩ་ཡིན་རྒྱུ་རྒྱུན་འཁྱོངས་བྱེད་པ། སྲོལ་རྒྱུན་སྨྱན་གཟུགས་དང་གསར་དར་སྨྱན་གཟུགས་དེ་ནང་དོན་དང་ཐབས་ལམ། ལས་སྟེགས། བདག་གཉེར། དོ་དམ་སོགས་ཀྱི་ཕྱོགས་ནས་གཏིང་ཟབ་པའི་སྒོ་ནས་མཉམ་འདྲེས་བྱེད་པ་དང་། ཧུར་ཐག་འབད་འབུངས་ཀྱིས་རྣམ་པ་སྣ་མང་ཅན་དང་བྱེད་ཐབས་སྔོན་ཐོན་ཅན། འགྲན་རྩོད་ནུས་ཤུགས་ལྡན་པའི་གཙོ་རྒྱུན་སྨྱན་གཟུགས་གསར་པ་ཞིག་བསྐྲུན་ཏེ་ནུས་ཚད་དང་ཁྱབ་སྤེལ། སྤྱི་ཕན་དང་ཤུགས་རྐྱེན་བཅས་འཛོམས་པའི་སྨྱན་གཟུགས་ཚོགས་པ་གསར་པ་འགའ་ཤས་བཙུགས་ཏེ། ལངས་གཟུགས་སྣ་མང་དང་མཉམ་འདྲེས་འཕེལ་རྒྱས་ཀྱི་དེང་རབས་ཁྱབ་སྤེལ་མ་ལག་ཅིག་འགྲུབ་ཏུ་འཇུག་དགོས། དེ་ཉིད་ཕྱོགས་གཅིག་ནས་མཉམ་འདྲེས་གཙོ་བོར་འཛིན་པ་དང་། ཕྱོགས་གཞན་ཞིག་ནས་དོ་དམ་གཙོ་བོར་བཟུང་ནས། སྨྱན་གཟུགས་མཉམ་འདྲེས་དེ་ཡང་དག་པའི་ལམ་ལ་བསྐྱོད་པར་སྐུལ་འདེད་གཏོང་དགོས། གཏམ་བཤད་གལ་ཆེན་འདི་དག་གིས་སྨྱན་གཟུགས་མཉམ་འདྲེས་ཀྱི་དོན་སྙིང་གལ་ཆེན་དང་ལས་ཀའི་དགོངས་དོན། མངོན་འགྱུར་བྱུང་བའི་ཐབས་ལམ། དམིགས་ཡུལ་ལྡན་པའི་ལས་འགན་དང་སྤྱིའི་བླང་བྱ་བཅས་ལ་ཧ་ཅང་གཏིང་ཟབ་པའི་སྒོ་ནས་གསལ་བཤད་བྱས་ཡོད་པ་རེད། དེ་ལས་ང་ཚོའི་ཏང་གིས་རང་འགུལ་གྱིས་སྨྱན་གཟུགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་འཕྲོད་པར་བྱེད་པ་དང་། དུས་རབས་ཀྱི་འགྲན་སློང་ལ་གདོང་ལེན་ཕོད་པའི་ཚད་མཐོའི་རང་རྟོགས་བསམ་བློ་མཚོན་ནས། ང་ཚོར་མུ་མཐུད་ནས་སྨྱན་གཟུགས་མཉམ་འདྲེས་འཕེལ་རྒྱས་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་། རྩ་བའི་གཞི་འཛིན་ས་ལེགས་པོ་ཞིག་མཁོ་འདོན་བྱས་ཡོད།

  དེང་སྐབས་སྤྱི་ཚོགས་སུ། ཆ་འཕྲིན་ལག་རྩལ་གྱི་གསར་བརྗེ་དེ་ཉིན་རེ་ནས་ཉིན་རེར་འཕེལ་རྒྱས་འགྲོ་བཞིན་འདུག་ལ། དྲ་རྒྱ་དང་གྲངས་ཀའི་ལག་རྩལ་གས་འགྱུར་ལྟར་གོང་འཕེལ་འགྲོ་བས་སྨྱན་གཟུགས་རྣམ་པ་ལ་གཏིང་ཟབ་པའི་འགྱུར་ལྡོག་བཏང་བ་རེད། དྲ་རྒྱ་ཡིས་མི་རྣམས་ཀྱི་ཆ་འཕྲིན་ཐོབ་སྟངས་དང་གླེང་ཕྱོགས་གྲུབ་སྟངས་ལ་འགྱུར་ལྡོག་གལ་ཆེན་བྱུང་དུ་བཅུག་པ་དང་། གཞོན་རབས་རྣམས་ཀྱིས་དེ་བས་ཀྱང་དྲ་རྒྱ་དེ་ཆ་འཕྲིན་ཐོབ་པའི་ཐབས་ལམ་གཙོ་བོར་བཟུང་ཡོད། འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་ནས་བལྟས་ཚེ། ནུབ་ཕྱོགས་དགྲར་འཛིན་སྟོབས་ཤུགས་ཀྱིས་འདུ་ཤེས་ཁྱབ་ཁོངས་ཀྱི་སིམ་འཛུལ་བྱེད་པའི་གཙོ་གནད་དེ་དྲ་རྒྱའི་ཕྱོགས་སུ་ཁ་གཏད་པས། དྲ་རྒྱ་དེ་གླེང་ཕྱོགས་འཐབ་འཛིང་གི་གཡུལ་ས་ལྟ་བུར་ཆགས་ཡོད་སྟབས། ཐད་ཀར་རང་རྒྱལ་གྱི་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་དང་སྲིད་དབང་གི་བདེ་འཇགས་ལ་འབྲེལ་བ་དམ་པོ་ཡོད། གླེང་ཕྱོགས་ཀྱི་སྐྱེ་ཁམས་འགྱུར་ལྡོག་ཕྱོགས་ནས་བལྟས་ན། སྤྱི་ཚོགས་སྟེང་གི་གླེང་ཕྱོགས་མང་བའི་ཆ་དེ་དྲ་ལམ་ནས་མགྱོགས་མྱུར་གྱིས་གྲུབ་པ་དང་དེ་ནས་སྨིན་པ། དེ་ནས་ཡོངས་སུ་ཁྱབ་བཞིན་གདའ། གསར་དར་སྨྱན་གཟུགས་ཀྱིས་གླེང་གཞི་གསར་འཛུགས་དང་། གླེང་ཕྱོགས་ལ་ཤུགས་རྐྱེན་གཏོང་བའི་ནུས་པ་ཇེ་མཐོ་ནས་ཇེ་མཐོ་རུ་འགྲོ་བཞིན་ཡོད་པ་དང་། སྲོལ་རྒྱུན་སྨྱན་གཟུགས་ཀྱི་གླེང་ཕྱོགས་ཁྲིད་སྟོན་བྱེད་ནུས་ལ་འགྲན་རྩོད་ཛ་དྲག་ཅིག་ལ་འཕྲད་ཡོད་པ་རེད། དུས་བབས་གསར་པའི་འོག སྲོལ་རྒྱུན་སྨྱན་གཟུགས་དེ་གསར་བཅོས་གནས་ཐབས་བྱེད་པ་དང་། གསར་བཅོས་རང་སྤེལ་བྱེད་པའི་གལ་ཆེའི་འགག་སྒོ་ཞིག་ཏུ་སླེབས་ཡོད་པ་རེད། སྨྱན་གཟུགས་མཉམ་འདྲེས་ངང་འཕེལ་རྒྱས་གཏོང་རྒྱུ་དེ་སྲོལ་རྒྱུན་སྨྱན་གཟུགས་འཚོ་གནས་འཕེལ་རྒྱས་གཏོང་བ་དང་། མ་འོངས་རྒྱལ་ཁ་ཐོབ་པར་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་ཡིན་ལ། བསམ་བློ་རིག་གནས་དྲིལ་བསྒྲགས་བྱེད་པའི་གཡུལ་ས་ཇེ་བརྟན་གཏོང་བའི་ལྡོག་མེད་ཀྱི་གདམ་གའང་ཡིན་ལ། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པའི་འཐབ་ཇུས་འདོན་ཐབས་ཤིག་ཀྱང་ཡིན།

  སྨྱན་གཟུགས་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུ་ནི་སྨྱན་སྦྱོར་ཁྱབ་ཁོངས་ཀྱི་རྒྱ་ཆེ་ལ་གཏིང་ཟབ་པའི་བསྒྱུར་བཅོས་ཤིག་ཡིན་ལ། བསམ་བློ་ནི་བྱ་སྤྱོད་ཀྱི་སྔོན་འགྲོ་ཡིན། བསམ་བློ་བཅིངས་འགྲོལ་གྱི་ཚད་དེས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཟབ་ཚད་དང་ནུས་ཤུགས་གཏན་འཁེལ་བྱས་པ་རེད། དམག་འཐབ་འདི་ལས་རྒྱལ་ཁ་ཐོབ་དགོས་ན། ཐོག་མར་བསམ་བློ་བཅིངས་འགྲོལ་གཏོང་དགོས་པ་དང་། མཉམ་འདྲེས་འཕེལ་རྒྱས་གཏོང་བར་འཕྲོད་པའི་ལྟ་བ་གསར་པ་གྲུབ་དགོས་པ་རེད། སྲོལ་རྒྱུན་སྨྱན་གཟུགས་དང་གསར་དར་སྨྱན་གཟུགས་གཞི་གཅིག་ཅན་དུ་འཕེལ་རྒྱས་གཏོང་བའི་འདུ་ཤེས་འཛུགས་དགོས། འདི་ནི་སྨྱན་གཟུགས་མཉམ་འདྲེས་ཀྱི་ནང་གི་བླང་བྱ་དང་གཞི་རྩའི་ཁ་ཕྱོགས་ཡིན། ལས་རིམ་ལེགས་བསྒྱུར་དང་ལས་སྟེགས་གསར་འཛུགས་བརྒྱུད་ནས། སྨྱན་བྱེད་ཐོན་ཁུངས་སྣ་ཚོགས་དང་ཐོན་སྐྱེད་ཀྱི་རྒྱུ་ཆ་སྡེབ་སྒྲིག་ལེགས་པོ་བྱེད་རྒྱུ་མངོན་འགྱུར་བྱེད་པ། ཆ་འཕྲིན་ནང་དོན་དང་ལག་རྩལ་བེད་སྤྱོད། ལས་སྟེགས་སྒྲིག་བཀོད། ཤེས་ལྡན་མི་སྣའི་དཔུང་ཁག་བཅས་མཉམ་སྤྱོད་མངོན་འགྱུར་བྱས་ཏེ། གཞི་གཅིག་ཅན་གྱི་རྩ་འཛུགས་མ་ལག་དང་ཁྱབ་སྤེལ་མ་ལག དོ་དམ་སྒྲིག་སྲོལ་བཅས་གྲུབ་པར་བྱེད་པ་བཅས་བྱས་ན། ད་གཟོད་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཡོངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཐུབ། སྨྱན་གཟུགས་མཉམ་འདྲེས་སྐུལ་འདེད་ཁྲོད་ཕྱི་ནང་གཉིས་ཀྱི་ཁྱབ་བསྒྲགས་མཉམ་འདྲེས་གོང་འཕེལ་ཡོང་རྒྱུ་སྐུལ་འདེད་དང་། ཀྲུང་གོའི་གཏམ་རྒྱུད་ལེགས་པོ་བཤད་པ་དང་། ཀྲུང་གོའི་སྐད་ཆ་ཁྱབ་སྤེལ་གཏོང་བ། ཀྲུང་གོའི་ལངས་ཕྱོགས་མཚོན་པ་བཅས་བྱས་ནས། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་མཚན་སྙན་སྲུང་སྐྱོབ་བྱེད་པ་དང་། དྲ་ཐོག་དང་དྲ་ཐོག་མ་ཡིན་པ་ནས་གཏིང་ཟབ་མཉམ་འདྲེས་དང་ཐོན་ཁུངས་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། དྲ་རྒྱའི་བསམ་གཞིགས་ལ་ཤུགས་སྣོན་རྒྱག་དགོས་ན། རང་འགུལ་གྱིས་གསར་དར་སྨྱན་གཟུགས་ཀྱི་འདྲ་མཉམ་ངང་བསམ་བློ་བརྗེ་རེས་བྱེད་པ་དང་ཕན་ཚུན་ཁྱབ་སྤེལ་གཏོང་བའི་ཁྱད་ཆོས་དང་འཕྲོད་པར་བྱེད་དགོས། འདས་ཟིན་པའི་སྨྱན་གཟུགས་ཀྱི་སྣ་གཅིག་ཁྱབ་སྤེལ་དང་གཞན་དབང་གིས་དང་ལེན་བྱེད་སྟངས་ལ་འགྱུར་བ་བཏང་སྟེ། སྤྱོད་མཁན་གྱི་མྱོང་ཚོར་ལ་དོ་སྣང་དང་། སྣ་མང་ཅན་དང་རང་གཤིས་ཅན་གྱི་ཆ་འཕྲིན་གྱི་དགོས་མཁོ་སྐོང་དགོས། རང་འགུལ་གྱིས་གསར་དར་སྨྱན་གཟུགས་ཀྱི་དུས་ཐོག་ཁྱབ་སྤེལ་དང་འབོར་ཆེན་ཁྱབ་སྤེལ་གཏོང་བའི་ཁྱད་ཆོས་དང་འཕྲོད་པར་བྱེད་པ། གོ་སྐབས་སྔོན་དུ་འཛིན་པའི་འདུ་ཤེས་འཛུགས་པ། གསར་གཏོད་ཐོག་མ་དང་འགྲེམས་སྤེལ་ཐོག་མ། ཁྱབ་སྤེལ་ཐོག་མ་གསུམ་ལ་མཐོང་ཆེན་གལ་ཆེན་གནང་བ། ཆ་འཕྲིན་སྔོག་འདོན་དང་སྡེབ་སྒྲིག་ཆ་ཚང་བྱེད་པ། ཆ་འཕྲིན་ཁྱབ་སྤེལ་ཁྲོད་རང་འགུལ་གཙོ་བོར་བྱས་ནས་དགེ་མཚན་ཐོབ་པར་བྱེད་དགོས། གཞན་ཤུགས་གཡར་ནས་འཕེལ་རྒྱས་གཏོང་བའི་འདུ་ཤེས་ལ་ཤུགས་སྣོན་རྒྱག་པ་དང་། ཆུང་བས་ཆ་ཚང་བ་དང་ཆེ་བས་ཆ་ཚང་བ་བཅས་ཀྱི་འདུ་ཤེས་འདོར་བ། མི་གཞན་གྱི་བྱང་ཆུབ་པའི་ལག་རྩལ་དང་ལས་སྟེགས། ཐབས་ལམ་བཅས་ལ་བརྟེན་ནས་སྔར་ལས་ལྷག་པའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས།

  སྨྱན་གཟུགས་མཉམ་འདྲེས་ངང་འཕེལ་རྒྱས་གཏོང་དགོས་ན། ངེས་པར་དུ་སྔོན་ཐོན་ལག་རྩལ་གྱིས་རམ་འདེགས་བྱེད་དགོས་པ་དང་། སྔོན་ཐོན་ལག་རྩལ་དང་འཕེལ་རྒྱས་ཁ་ཕྱོགས་ལ་དམ་པོ་དམིགས་དགོས། ལག་རྩལ་གསར་པ་དང་ཉེར་སྤྱོད་གསར་པ་ཡིས་སྨྱན་གཟུགས་ཁྱབ་སྤེལ་བྱེད་སྟངས་གསར་གཏོད་བྱེད་དགོས། ཁྱབ་སྤེལ་གྱི་ལག་རྩལ་ཕྱོགས་ནས་བལྟས་ན། སྨྱན་གཟུགས་ཀྱི་འཕེལ་རྒྱས་དེ་ལག་རྩལ་གྱི་གསར་གཏོད་དང་འབྲལ་ཐབས་མེད། སྨྱན་གཟུགས་གསར་པའི་བྱུང་འཕེལ་གྱི་གོ་རིམ་ནི། དོན་དངོས་ཐོག་དྲ་རྒྱའི་ལག་རྩལ་དང་ཆ་འཕྲིན་ནང་དོན་གཉིས་ཕན་ཚུན་མཉམ་འདྲེས་དང་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ཞིག་ཡིན། ལག་རྩལ་དང་ནང་དོན་ནི་ཕན་ཚུན་རམ་འདེགས་དང་ཕན་ཚུན་མཉམ་འདྲེས་བྱེད་པ་ཞིག་ཡིན། དཔེར་ན་བྱ་ཡི་གཤོག་ཟུང་དང་རླངས་འཁོར་གྱི་འཁོར་ལོ་གཉིས་ལྟ་བུ་ཡིན། སྲོལ་རྒྱུན་སྨྱན་གཟུགས་འཚོ་གནས་དང་འཕེལ་རྒྱས་འགྲོ་དགོས་ན། དྲ་ཐོག་གི་ཁྱབ་སྤེལ་སྤོ་འགུལ་ཅན་དང་། སྤྱི་ཚོགས་འབྲེལ་བ་ཅན། བརྙན་ལམ་ཅན་བཅས་ཀྱི་ཁ་ཕྱོགས་དང་ངེས་པར་དུ་འཕྲོད་དགོས། ཧུར་ཐག་གིས་གཞི་གྲངས་དང་རྩིས་འཁོར་ལག་རྩལ་བཀོད་ནས་གསར་འགྱུར་ཐོན་སྐྱེད་ལ་སྐུལ་འདེད་གཏོང་བ་དང་། སྤོ་འགུལ་དྲ་རྒྱའི་ལག་རྩལ་བཀོལ་ནས་ཚད་བརྒལ་གྱི་འཕེལ་རྒྱས་མངོན་འགྱུར་བྱེད་པ། པོད་འཕྲིན་དང་འཕྲིན་ཕྲན་བརྒྱུད་ནས་སྤྱི་ཚོགས་ཅན་གྱི་ཁྱབ་སྤེལ་བྱེད་ལམ་རྒྱ་བསྐྱེད་གཏོང་བ། དེང་སྐབས་བཀོལ་རུང་བའི་ལག་རྩལ་ཚང་མ་ང་ཚོའི་མིག་ལམ་དུ་འདུ་བར་བྱེད་པ་དང་ང་ཚོའི་རྣམ་གྲངས་ཇུས་འགོད་ནང་ཚུད་པར་བྱེད་དགོས། དུས་ཡུན་རིང་པོའི་ནང་གྲུབ་པའི་ནང་དོན་ཐོན་སྐྱེད་ཀྱི་ལེགས་ཆ་དང་། སྤྱིའི་ཡིད་ཆེས་ནུས་པ་ཁྱབ་སྤེལ་གཏོང་བའི་ལེགས་ཆ། གསར་དར་སྨྱན་གཟུགས་ཀྱི་གྲངས་ཀའི་ལག་རྩལ་དང་སྨྱན་མང་གཟུགས་ཀྱི་ཁྱབ་སྤེལ། སྣ་མང་སྤེལ་རེས་བཅས་ལག་རྩལ་གྱི་ལེགས་ཆ་རྣམས་ཟུང་འབྲེལ་ལེགས་པོ་བྱས་ན། ད་གཟོད་མཉམ་འདྲེས་འཕེལ་རྒྱས་ཀྱི་ཕན་འབྲས་ལེགས་ཤོས་དེ་ཐོབ་ཐུབ།

  སྨྱན་གཟུགས་མཉམ་འདྲེས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་ནང་དོན་འཛུགས་སྐྲུན་དེ་རྩ་བར་འཛིན་དགོས་ལ། མུ་མཐུད་ནས་སྨྱན་གཟུགས་ཆ་འཕྲིན་ནང་དོན་གྱི་རྐང་འཛིན་འགྲན་རྩོད་བྱེད་ནུས་ཇེ་མཐོར་གཏོང་དགོས། གསར་འགྱུར་སྨྱན་གཟུགས་ནི་ཏང་དང་རྒྱལ་ཁབ་ཀྱི་མགྲིན་པ་ལྟ་བུ་ཞིག་ཡིན་པས། ནང་དོན་ནི་ནམ་ཡང་རྩ་བ་ཡིན་པ་དང་། དེས་རང་སྟེང་འཚོ་གནས་དང་འཕེལ་རྒྱས་ཐག་གཅོད་པའི་གནད་འགག་ཅིག་ཡིན། སྨྱན་གཟུགས་མཉམ་འདྲེས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱེད་དགོས་ན། ལག་རྩལ་གྱི་སྣེ་འཁྲིད་གཙིགས་ཆེར་འཛིན་པ་དང་ཆབས་ཅིག་ཏུ་ནང་དོན་གྱི་འཛུགས་སྐྲུན་དེ་དུས་ནམ་ཡིན་ཡང་གལ་ཆེ་བའི་གནས་སུ་འཇོག་དགོས་པ་དང་། ནང་དོན་གྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆ་ལས་རྒྱལ་བར་བྱེད་དགོས། སྤུས་ཀ་དེ་ཆེད་ལས་ཅན་གྱི་ཚད་དུ་སླེབས་དགོས། སྲོལ་རྒྱུན་སྨྱན་གཟུགས་ཀྱིས་ཆ་འཕྲིན་བསྡུ་སྒྲིག་དང་བདེན་མིན་ཞིབ་དཔྱད། དབྱེ་ཞིབ་གསལ་འགྲེལ་བཅས་བྱེད་པའི་ཕྱོགས་ནས། གསར་དར་སྨྱན་གཟུགས་ཀྱིས་ཚབ་བྱས་མི་ཐུབ་པའི་ལེགས་ཆ་ཡོད་ལ། ལེགས་ཆ་འདི་དག་ངེས་པར་དུ་ཚད་མཐོ་བའི་སྒོ་ནས་འདོན་སྤེལ་དང་གསར་དར་སྨྱན་གཟུགས་ནང་ཁྱབ་པར་བྱེད་དགོས། ཁྱབ་སྤེལ་བྱེད་པར་ཧྲག་བསྡུས་མགྱོགས་མྱུར་དང་གནད་དུ་འཁེལ་བ་མང་ཙམ་ཐོན་སྐྱེད་བྱེད་པ། གསར་ལ་མྱུར་བ་དང་འགུག་ཤུགས་ཆེ་བའི་ཆ་འཕྲིན་དག་གཙིགས་ཆེན་དུ་འཛིན་དགོས། ཞབས་ཞུའི་ཐོག་ནས་སོ་སོར་དགར་བ་དང་ནན་ཏན་སྒོས་སྤྱོད་མཁན་གྱི་དགོས་མཁོ་མི་འདྲ་བར་དབྱེ་ཞིབ་བྱེད་པ་དང་། དམིགས་ས་ཡོད་པའི་སྒོ་ནས་ཁྱད་ཆོས་ལྡན་པའི་ཆ་འཕྲིན་ཐོན་རྫས་ཐོན་སྐྱེད་བྱས་ཏེ། རེ་རེ་བཞིན་སྤྱོད་མཁན་གྱི་ལག་ཏུ་འབྱོར་ཐབས་བྱེད་པ་དང་མི་རེ་རེ་ལ་བསྟུན་ནས་བཟོ་བ་དང་། གནད་ལ་ཁེལ་ཞིང་ཡང་དག་པའི་སྒོ་ནས་ཁྱབ་སྤེལ་བཏང་སྟེ་གསར་འགྱུར་ཁྱབ་བསྒྲགས་ཀྱི་དངོས་ཕན་རང་བཞིན་མཐོ་རུ་འདེགས་དགོས། དུས་མཚུངས་སུ་སྨྱན་གཟུགས་དང་སྤྱོད་མཁན་བར་གྱི་འབྲེལ་འདྲིས་དང་བསམ་བློ་བརྗེ་རེས་ཇེ་མང་དུ་གཏོང་བ་དང་། སྤྱོད་མཁན་གྱིས་གསར་འགྱུར་ཁུངས་སྣེ་དང་གསར་འགྱུར་རྒྱུ་ཆ། བསམ་འཆར་དང་གྲོས་འཆར་འདོན་པར་སྐུལ་འདེད་བྱེད་པ། སྤྱོད་མཁན་གྱི་དོ་ཁུར་བྱེད་ཚད་དང་ནང་དུ་ཞུགས་ཚད་མཐོར་འདེགས་གཏོང་བ། མཉམ་འགུལ་ཁྲོད་ཞུགས་པ་དང་ཞུགས་པའི་ཁྲོད་ཁྱབ་སྤེལ་གཏོང་དགོས། འགྲེམས་སྟོན་ཐོག་བརྒྱུད་ལམ་སྣེ་མང་ཅན་མངོན་འགྱུར་བྱེད་པ་དང་། སྣེ་མང་ཅན་གྱི་འགྲེམས་སྟོན་གྱིས་ཐོན་རྫས་ཀློག་ཐུབ་པ་ནས་ལྟ་ཐུབ་པར་བྱེད་པ། འཇགས་རྣམ་ནས་འགུལ་རྣམ། རྩ་གཅིག་ནས་རྩ་མང་དུ་མངོན་འགྱུར་བྱས་ཏེ། ང་ཚོའི་གསར་འགྱུར་ལ་གསོན་ཤུགས་སྦྱིན་དགོས།

  སྨྱན་གཟུགས་མཉམ་འདྲེས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱེད་དགོས་ན། ངེས་པར་དུ་སྒྲིག་སྲོལ་གསར་གཏོད་བྱ་རྒྱུ་སྒུལ་ཤུགས་སུ་བྱས་ནས་བསྒྱུར་བཅོས་ཀྱི་གོམ་ཁ་ཇེ་མགྱོགས་སུ་གཏོང་བ་དང་། སྨྱན་གཟུགས་མཉམ་འདྲེས་འཕེལ་རྒྱས་དང་འཕྲོད་པའི་རྩ་འཛུགས་མ་ལག་དང་ཁྱབ་སྤེལ་མ་ལག དོ་དམ་མ་ལག་བཅས་བཙུགས་ནས་མཉམ་འདྲེས་འཕེལ་རྒྱས་ཡོང་བ་ལ་འགན་སྲུང་བྱེད་དགོས། ལས་མི་བཀོལ་སྤྱོད་བྱེད་པའི་ལམ་ལུགས་ལ་འཕོ་འགྱུར་བཏང་སྟེ། གཅིག་གྱུར་གྱི་ཤེས་ལྡན་མི་སྣ་བཀོལ་སྤྱོད་བྱེད་པའི་ལམ་ལུགས་དོ་དམ་མ་ལག་འཛུགས་པ་དང་བྱ་གཞག་སྒྲུབ་པའི་ཁོར་ཡུག་ལེགས་པོ་ཞིག་ཆགས་སུ་འཇུག་དགོས། དེང་རབས་ཅན་གྱི་ལང་གཟུགས་ཁྱབ་སྤེལ་མ་ལག་འཛུགས་དགོས་པ་དང་། ཁྱབ་སྤེལ་རྣམ་པ་དང་ཁྱབ་སྤེལ་བྱེད་ཐབས་ཕུན་སུམ་ཚོགས་པར་གཏོང་བ། ཁྱབ་སྤེལ་ལམ་བུ་དང་ལས་སྟེགས་རྒྱ་བསྐྱེད་བཅས་བྱས་ནས། སྨྱན་གཟུགས་ཁྱབ་སྤེལ་དེ་སྔར་ལས་ཇེ་མགྱོགས་དང་ཁྱབ་རྒྱ་སྔར་ལས་ཇེ་ཆེར་གཏོང་དགོས། ཚན་རིག་དང་མཐུན་ལ་ནུས་པ་ཡོད་པའི་སྨྱན་གཟུགས་དོ་དམ་མ་ལག་འཛུགས་དགོས་ན། ཐོག་མཐའ་བར་གསུམ་དུ་ཏང་གིས་སྨྱན་གཟུགས་ལ་དོ་དམ་བྱེད་པའི་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྐུལ་འདེད་ཧུར་ཐག་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས། དོ་དམ་ཚད་ལྡན། ཁྲིད་སྟོན་བརྟན་སྲུང་བཅས་ཀྱི་བླང་བྱ་གཞིར་བཟུང་ནས། ཕྱོགས་གཅིག་ནས་མཉམ་འདྲེས་གཙོ་བོ་འཛིན་པ་དང་། ཕྱོགས་གཞན་ཞིག་ནས་དོ་དམ་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས། དོ་དམ་སྒྲིག་སྲོལ་བདེ་བགྲོད་དང་། མཉམ་འདྲེས་འཕེལ་རྒྱས་ཀྱི་བཀག་སྡོམ་རྣམས་དག་སེལ་བྱེད་པ། དྲ་ཐོག་དང་དྲ་ཐོག་མ་ཡིན་པ། ལས་རིགས་མི་འདྲ་བ་ལ་ཚན་རིག་གི་དོ་དམ་དང་དོ་དམ་ལེགས་པོ་བྱས་ནས། བརྒྱུད་སྤེལ་སྒྲིག་ལམ་སྔར་བས་ཚད་ལྡན་དུ་གཏོང་བ་དང་། མཉམ་འདྲེས་འཕེལ་རྒྱས་དེ་ཡང་དག་པའི་ལམ་ལ་བསྐྱོད་པར་ཁག་ཐེག་བྱེད་དགོས། སྨྱན་གཟུགས་ཐོན་ཁུངས་སྡེབ་སྒྲིག་བྱེད་པར་སྐུལ་འདེད་དང་། བྱེད་ནུས་བསྐྱར་བཟློས་དང་ནང་དོན་གཅིག་མཚུངས་ཡིན་པ། ནུས་པ་ཁ་ཐོར་ཡིན་པ་བཅས་ཀྱི་གནད་དོན་གང་ནུས་ཀྱིས་ཐག་གཅོད་གཏོང་བ་དང་། ཐོན་ཁུངས་བཀོད་སྒྲིག་ལེགས་བསྒྱུར་བྱས་ཏེ། མུ་མཐུད་ནས་གསར་འགྱུར་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་གཏོང་དགོས། ཀྲུང་དབྱང་གི་གསར་འགྱུར་སྨྱན་གཟུགས་གཙོ་བོ་དག་མཉམ་འདྲེས་འཕེལ་རྒྱས་ཀྱི་མདུན་དུ་བསྐྱོད་པ་བྱས་ནས། སྟོབས་ཤུགས་དང་ཁྱབ་བསྒྲགས་ནུས་ཤུགས། སྤྱིའི་ཡིད་ཆེས་ནུས་ཤུགས། བག་ཆགས་འཇོག་ནུས་བཅས་འཛོམས་པའི་རྣམ་པ་གསར་པའི་སྨྱན་གཟུགས་ཚོགས་པ་ཞིག་ཆགས་པར་འབད་བརྩོན་བྱེད་དགོས།

  མིག་སྔར། སྨྱན་གཟུགས་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་ལས་ཀ་ཁག་ཏན་ཏན་ཏིག་ཏིག་གིས་སྐུལ་སྤེལ་གཏོང་བཞིན་ཡོད་ལ། སྤྱིའི་ཆ་ནས་ལེགས་པོ་འཁྱོངས་འདུག གཙོ་རྒྱུན་སྨྱན་གཟུགས་ཁག་ཧུར་ཐག་གིས་དྲ་ཐོག་ཏུ་འཕེལ་རྒྱས་འགྲོ་བཞིན་པ་དང་། སྨྱན་གཟུགས་གསར་པའི་དཔུང་ཁག་ཏུ་ཞུགས་བཞིན་ཡོད་པས་སྟོབས་ཤུགས་ཆེན་པོ་མངོན་བཞིན་ཡོད། ཁྲིམས་བཞིན་དྲ་རྒྱ་ལ་དོ་དམ་དང་། ཁྲིམས་བཞིན་དྲ་རྒྱ་བཅོས་སྐྱོང་བྱེད་པའི་གོམ་སྟབས་བརྟན་པོའི་ངང་སྤེལ་བ་དང་བསྟུན་ནས། དྲ་ཐོག་གི་གླེང་ཕྱོགས་སྐྱེ་ཁམས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། དྲང་ཕྱོགས་ཀྱི་ནུས་པ་དེ་བས་ཀྱང་ངར་ཤུགས་ལྡན་པས། བརྗོད་བྱ་གཙོ་བོ་དེ་བས་ཀྱང་མངོན་གསལ་དོད་པོ་རེད། དེ་དང་མཉམ་དུ་གསལ་པོ་མཐོང་བ་ནི། སྨྱན་གཟུགས་མཉམ་འདྲེས་འཕེལ་རྒྱས་འདི་ནི་འགོ་རྩོམ་པ་ཙམ་ཡིན་ཕྱིར། དེ་ནི་འགན་འཁྲི་ལྕི་ལ་ལམ་ཐག་ཤིན་ཏུ་རིང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྨྱན་གཟུགས་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་སྐོར་གྱི་གསུང་བཤད་གལ་ཆེན་གནང་བ་ལ་གཏིང་ཟབ་པོའི་སྒོ་ནས་སློབ་སྦྱོང་བྱེད་དགོས་པ་དང་། བྱ་སྤྱོད་ལེགས་པོར་སྒྱུར་བ་དང་ཡུན་རིང་བྱས་རྗེས་འཇོག་པ། བློ་ཁོག་ཆེན་པོས་གསར་གཏོད་དང་བློ་དཀར་ཞིང་འགན་འཁུར་ཕོད་པ་བཅས་བྱས་ནས། སྨྱན་གཟུགས་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་ལམ་ཁ་ནས་བརྟན་ཞིང་མགྱོགས་ལ་ལེགས་པོ་བསྐྱོད་པར་འབད་འབུངས་བྱས་ཏེ། མུ་མཐུད་ནས་སྨྱན་གཟུགས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གསར་གཏོད་བྱེད་པ་དང་ཏང་གི་གསར་འགྱུར་བྱ་གཞག་ལ་བྱས་རྗེས་ལེགས་པོ་ཞིག་འཇོག་དགོས།

  གནམ་ལྷ་རྒྱལ་གྱིས་བསྒྱུར།