ལོ་རྒྱུས་སེམས་སུ་བཅངས་ནས་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ། ཞི་བདེར་གཅེས་སྤྲས་བྱས་ནས་མ་འོངས་གསར་པ་གསར་དུ་གཏོད།

དེབ་འདིའི་དཔྱད་གཏམ་པ།

  ཟླ་9པའི་ཚེས་3ཉིན། བརྗིད་ཉམས་ལྡན་པའི་གནམ་བདེ་སྒོ་མོ་ཆེ་སྔར་བས་བརྗིད་ཆགས་ཡིད་དུ་འོང་ཞིང་འཛམ་གླིང་ཡོངས་ཀྱི་མིག་དབང་འཕྲོགས། ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱས་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པའི་རྗེས་དྲན་ཚོགས་ཆེན་གནས་འདི་རུ་གཟབ་རྒྱས་ངང་བསྡུས་པ་རེད། འདི་ནི་ཐེངས་དང་པོ་རྒྱལ་ཁའི་ཉིན་མོར་དམག་གཟིགས་མཛད་སྒོ་སྤེལ་བ་སྟེ། འཛམ་གླིང་མི་དམངས་དང་མཉམ་དུ་རླབས་ཆེ་བའི་ཉིན་མོ་དེར་དྲན་གསོ་ཞུས་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲན་གསོའི་ཚོགས་ཆེན་དང་ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱས་པའི་དམག་འཁྲུག་ལ་རྒྱལ་ཁ་བླངས་ནས་ལོ་འཁོར་70ལོན་པའི་སྣེ་ལེན་ཚོགས་འདུ་དང་། ཀྲུང་གོ་མི་དམངས་ཀྱིས་ལྗར་འགོག་དམག་འཁྲུག་ལས་རྒྱལ་ཁ་བླངས་ནས་ལོ་འཁོར་70ལོན་པའི་དྲན་གསོའི་རྟགས་མ་གནང་བའི་མཛད་སྒོ་བཅས་ཀྱི་སྟེང་གསུང་བཤད་གལ་ཆེན་གནང་བས། ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་གི་ལོ་རྒྱུས་ཀྱི་དོན་སྙིང་དང་ལོ་རྒྱུས་གོ་གནས་ལ་གསལ་བཤད་གཏིང་ཟབ་བྱས་པ་དང་། ཐེངས་འདིའི་དམག་འཁྲུག་གིས་བྱིན་པའི་ལོ་རྒྱུས་ཀྱི་བློ་འབྱེད་གསལ་བཤད་གཏིང་ཟབ་བྱས་ཏེ། “དྲང་བདེན་རྣམ་པར་རྒྱལ་ངེས་པ་དང་ཞི་བདེ་རྣམ་པར་རྒྱལ་ངེས་པ། མི་དམངས་རྣམ་པར་རྒྱལ་ངེས་པ་”ཞེས་པའི་དུས་རབས་ཀྱི་འབོད་སྐུལ་བཏང་བ་དང་། ཀྲུང་གོ་མི་དམངས་ཀྱིས་ལོ་རྒྱུས་སེམས་སུ་བཅངས་ནས་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བ་དང་། ཞི་བདེ་གཅེས་སྐྱོང་དང་མ་འོངས་གསར་འབྱེད་བྱེད་པའི་ཆོད་སེམས་བརྟན་པོ་གསལ་བསྒྲགས་བྱས། གཏམ་བཤད་གལ་ཆེན་འདི་གསུམ་གྱིས་ཀྲུང་ཧྭ་མི་དམངས་ཀྱི་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་ཀྱི་མཐོ་ཚད་དུ་འགྲེངས་ཏེ། མིའི་རིགས་ཀྱི་མདུན་ལམ་དང་ལས་སྐལ་ལ་སེམས་ཀྱིས་བརྒྱུས་པ་དང་། ལོ་རྒྱུས་དང་འབྱུང་འགྱུར་ཤར་གཏོང་བྱས་ནས། ཀྲུང་གོ་དང་འཛམ་གླིང་འབྲེལ་ཅིང་མཐུད་དེ་ཀྲུང་གོ་མི་དམངས་ཀྱི་བསམ་པའི་འདོད་བློ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་བརྗོད་པ་དང་། དེ་ནི་ལོ་རྒྱུས་ལ་བལྟས་ནས་ད་ལྟ་བརྗོད་པའི་བློ་འབྱེད་ཟིན་ཏིག་དང་། ལོ་རྒྱུས་རྒྱུན་འཛིན་དང་འབྱུང་འགྱུར་གསར་གཏོད་བྱེད་པའི་བསྒྲགས་གཏམ་ཡིག་ཆ་ཡིན་ལ། མི་རིགས་ཀྱི་སྙིང་སྟོབས་ཆེས་ཆེར་འཕེལ་བ་དང་། ཀྲུང་གོའི་མི་དམངས་དང་འཛམ་གླིང་ཡོངས་ཀྱི་ཞི་བདེ་ལ་དགའ་བའི་མི་རྣམས་ཀྱིས་དོ་ཁུར་བྱེད་གནད་དུ་གྱུར་པ་རེད།

  ལོ་རྒྱུས་ཀྱི་གསལ་འདེབས་དང་བསླབ་བྱ་ནི་མིའི་རིགས་ཐུན་མོང་གི་རྒྱུ་ནོར་རེད། ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ནི། དྲང་བདེན་དང་ངན་གཡོ་དང་། འོད་སྣང་དང་མུན་ནག ཡར་རྒྱས་དང་ལོག་སྤྱོད་བཅས་བར་གྱི་རྒྱལ་ཕམ་ཐག་གཅོད་བྱེད་པའི་དམག་འཁྲུག་ཆེན་མོ་ཞིག་ཡིན། ཡ་ང་བའི་དམག་འཁྲུག་དེའི་ཁྲོད་ནས། ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་ནི་འགོ་བརྩམས་པ་ཆེས་སྔ་བ་དང་ཡུན་བསྲིངས་པ་ཆེས་རིང་བ། ཡུན་རིང་དབུལ་ཞིང་ཕོངས་པ་དང་། གཞན་དབང་དུ་ཚུད་ནས་ཉེས་རྡུང་ཕོག་པའི་ཀྲུང་ཧྭ་མི་རིགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་ཀ་རྡོ་ལྟ་བུའི་འགྱུར་མེད་ཀྱི་འདེགས་སྐྱོར་དང་སྣེ་འཁྲིད་འོག དཔའ་ངར་ཞུམ་མེད་དང་ཁྲག་བཏོན་དམར་འཛིང་བྱས་ནས་ལྗར་པན་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་རྦད་དེ་ཕམ་པར་བརྒྱབ་ནས་དམག་འཁྲུག་ལོ་རྒྱུས་སྟེང་དུ་ཁྱད་མཚར་བའི་བྱས་རྗེས་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་རང་གཤིས་བསྐྲུན། ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་གི་རྒྱལ་ཁ་ནི། ཉེ་རབས་ཚུན་ལ་ཀྲུང་གོས་ཕྱི་དགྲའི་བཙན་འཛུལ་ལ་འགོག་རྒོལ་བྱས་ཏེ་བླངས་པའི་རྒྱལ་ཁ་ཐེངས་དང་པོ་རེད། རླབས་ཆེ་བའི་རྒྱལ་ཁ་འདིས་ལྗར་པན་དམག་རྒྱལ་རིང་ལུགས་ཀྱིས་ཀྲུང་གོར་མི་སེར་དབང་སྒྱུར་བྱ་འདོད་པའི་ལྐོག་གཡོ་རྡུལ་དུ་བརླགས་པ་དང་། ཉེ་རབས་ཚུན་ལ་ཀྲུང་གོས་ཕྱི་དགྲའི་བཙན་འཛུལ་ལ་འགོག་རྒོལ་ཡང་ཡང་བྱས་ཀྱང་ཕམ་པ་ཡང་ཡང་གྱུར་པའི་ངོ་ཚ་ཡོངས་སུ་སེལ་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་ལྔ་སྟོང་གི་ཤེས་རིག་གྲུབ་འབྲས་ལ་སྲུང་སྐྱོབ་བྱས་པ་མ་ཟད། ཀྲུང་གོ་མི་དམངས་ཀྱིས་མི་རིགས་བློས་གཏོང་ཆེན་པོའི་སྒོ་ནས་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་ཤར་ཕྱོགས་ཀྱི་གཡུལ་ས་གཙོ་བོ་བརྟན་སྲུང་བྱས་ནས། འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་རྒྱལ་ཁ་ལེན་པར་བྱས་རྗེས་ཆེན་པོ་བཞག་ཡོད་པ་དང་མིའི་རིགས་ཀྱི་ཞི་བདེ་ལས་དོན་ལ་སྲུང་སྐྱོབ་བྱས་པ་རེད། ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་ལ་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་རྒྱབ་སྐྱོར་གནང་ཡོད་པས། དེ་ནི་ཀྲུང་གོ་མི་དམངས་དང་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་མཉམ་འབྲེལ་རྒྱལ་ཁབ་དང་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་དཔུང་བ་མཉམ་གཤིབ་ཀྱིས་འཐབ་འཛིང་བྱས་པའི་རླབས་ཆེ་བའི་རྒྱལ་ཁ་རེད། རླབས་ཆེ་བའི་རྒྱལ་ཁ་འདིས་ཀྲུང་གོའི་འཛམ་གླིང་སྟེང་གི་རྒྱལ་ཁབ་ཆེན་པོའི་གོ་གནས་ཡང་བསྐྱར་གཏན་ཁེལ་བྱས་ཏེ། ཀྲུང་གོ་མི་དམངས་ལ་འཛམ་གླིང་གི་ཞི་བདེར་དགའ་བའི་མི་དམངས་ཀྱི་བརྩི་བཀུར་ཐོབ་ཏུ་བཅུག་པ་རེད། རླབས་ཆེ་བའི་རྒྱལ་ཁ་འདི་ནི་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་དང་ཀྲུང་གོའི་མི་དམངས་ཀྱི་ལོ་རྒྱུས་ལས་སྐལ་གྱི་དཀྱོག་མཚམས་ཤིག་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་དཀྱོག་མཚམས་ཤིག་ཡིན་ཏེ། རླབས་ཆེ་བའི་རྒྱལ་ཁ་འདིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འབར་བའི་མདུན་ལྗོངས་བསྐྲུན་ནས། གནའ་བོའི་ཀྲུང་གོ་ཉིད་ཞུམ་པ་མེད་པར་མདུན་དུ་བསྐྱོད་པའི་བགྲོད་ལམ་གསར་པ་བཏོད་པ་རེད།

  རྒྱལ་ཁ་ཡིས་ཞི་བདེ་ལ་རྨང་གཞི་བཏིང་ཡོད་ཅིང་། དཔའ་བོ་ལ་རྗེས་སུ་ཡི་རངས་བྱེད་འོས། ཀྲུང་གོའི་ས་གཞི་ཆེན་པོའི་སྟེང་ཞི་བདེའི་ཉི་འོད་འཕྲོས་བཞིན་པའི་དུས་དེ་རིང་། ང་ཚོས་སྔར་ལས་ལྷག་པར་ལྗར་འགོག་དམག་འཁྲུག་གི་རྒྱལ་ཁའི་དོན་དུ་སྔོན་འགྱེལ་རྗེས་མཐུད་དང་གཡུལ་སར་ཁྲག་དྲོན་གཏོར་བའི་སྔོན་གཤེགས་དཔའ་བོ་རྣམས་ལ་རྗེས་དྲན་ཞུ། དཀའ་སྡུག་ཚད་མེད་ལྡན་པའི་བཙན་འཛུལ་ལ་ངོ་རྒོལ་བྱེད་པའི་དམག་འཁྲུག་དེའི་ཁྲོད་དུ། ཀྲུང་ཧྭ་མི་རིགས་འཇིགས་ཉེན་ཆེ་བའི་དུས་སུ་ཀྲུང་གོ་མི་དམངས་ཀྱི་རྒྱལ་གཅེས་འདུན་མ་མེ་ཕོང་ལྟར་མཁའ་རུ་འཕྱོ། ཀྲུང་གོ་གུང་ཁྲན་ཏང་གིས་བཏོན་པའི་ལྗར་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་གྱི་དར་ཆའི་འོག ཀྲུང་གོ་མི་དམངས་ཀྱིས་ཤ་ཁྲག་ལ་བརྟེན་ནས་མི་རིགས་འཇིགས་ཉེན་ལས་སྐྱོབ་པ་དང་མི་རིགས་ཀྱི་ལ་རྒྱ་སྲུང་བའི་ལྕགས་མཁར་བསྐྲུན་ཏེ། ཚེ་སྲོག་དང་ཁྲག་དྲོན་གྱིས་ཀྲུང་ཧྭ་མི་དམངས་ཀྱི་ལོ་རྒྱུས་སྟེང་གི་ཕྱིའི་གཉའ་གནོན་ལ་འགོག་རྒོལ་བྱས་པའི་རླབས་ཆེ་བའི་ལེ་ཚན་གསར་པ་བཀོད། སྐབས་དེར། ལྗར་འགོག་གི་དཔའ་བོ་གྲངས་མེད་ཀྱིས་གནམ་འོག་གི་དར་རྒུད་ནི་སྐྱེ་བོ་ཀུན་ལ་ཡོད་པའི་འགན་འཁྲི་ཡིན་པའི་རྒྱལ་གཅེས་ཀྱི་བརྩེ་སེམས་དང་། འཆི་དགོས་ཀྱང་དཔའ་མི་ཞུམ་པའི་སྙིང་སྟོབས། གཏུམ་བཙན་ལ་མི་སྐྲག་པ་དང་དམར་འཛིང་མཐའ་འཁྱོལ་བྱེད་པའི་དཔའ་བོའི་བློ་སྤོབས། ལན་བརྒྱར་ཕམ་ཡང་ཡིད་ཐང་མི་ཆད་པ་དང་བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁ་ཐོབ་ངེས་ཡིན་པའི་ཆོད་སེམས་བཅས་ལ་བརྟེན་ནས། རླབས་ཆེ་བའི་ལྗར་འགོག་གི་སྙིང་སྟོབས་བསྐྲུན། ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱས་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པའི་དུས་འདིར། ཀྲུང་དབྱང་གིས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱི་ཚབ་བྱས་ནས་ལྗར་འགོག་དམག་འཁྲུག་ལ་ཞུགས་མྱོང་བའི་འཐབ་མོ་བ་རྒན་པ་དང་བློ་མཐུན་རྒན་པ། ལྗར་འགོག་དམག་དཔོན་དང་སྔོན་གཤེགས་དཔའ་བོའི་ཁྱིམ་མི་བཅས་ཁྱོན་བསྡོམས་བློ་མཐུན་ཁྲི་21ལྷག་ལ་ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པའི་རྗེས་དྲན་རྟགས་མ་གནང་རྒྱུ་ཐག་གཅོད་བྱས་ཏེ། ཁོ་ཚོས་ལོ་རྒྱུས་ལ་བཞག་པའི་བྱས་རྗེས་ལ་གཟེངས་བསྟོད་དང་ཁོ་ཚོའི་གཟི་བརྗིད་དང་གོ་གནས་གསལ་པོ་བྱས་པ་དེས་ལྗར་འགོག་དཔའ་བོ་ལ་ཐུགས་ཁུར་ཟབ་བཞེས་དང་བླ་ན་མེད་པའི་གུས་འདུད་ཞུ་བཞིན་པ་མཚོན་ཡོད་ལ། ལོ་རྒྱུས་སེམས་སུ་བཅངས་ཡོད་པ་དང་ལྗར་འགོག་གི་སྙིང་སྟོབས་དར་སྤེལ་གཏོང་བཞིན་པ་མཚོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན་“མི་རིགས་རེ་བ་ཅན་ལ་དཔལ་བོ་མེད་མི་རུང་། རྒྱལ་ཁབ་མདུན་ལམ་ཅན་ལ་སྔོན་བསྐྱོད་མེད་མི་རུང་”ཞེས་པ་དང་། “རླབས་ཆེ་བའི་ལྗར་འགོག་དམག་འཁྲུག་གི་སྙིང་སྟོབས་ནི་ཀྲུང་གོ་མི་དམངས་ཀྱིས་བར་ཆད་དང་དཀའ་ཁག་ཡོད་ཚད་སེལ་ཏེ་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་སྐུལ་ལྕག་གཏོང་བའི་བསམ་པའི་སྒུལ་ཤུགས་དེ་ཡིན།” ཞེས་གསུངས། ང་ཚོས་དུས་གཏན་དུ་དཔའ་བོ་ལ་བརྩི་མཐོང་བྱེད་པ་དང་། དཔའ་བོ་ལ་སྲུང་སྐྱོབ་བྱེད་པ། དཔའ་བོ་ལ་སློབ་སྦྱོང་དང་གཅེས་སྐྱོང་བཅས་བྱེད་དགོས་པ་དང་། རླབས་ཆེ་བའི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། རླབས་ཆེ་བའི་ལྗར་འགོག་དམག་འཁྲུག་གི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱེད་པ་དང་། དད་མོས་ཀྱི་རྨང་རྡོ་བརྟན་པོ་འཛུགས་པ་དང་བསམ་བློའི་སྙིང་སྟོབས་ཆེར་བསྐྱེད་དེ་སྔོན་གཤེགས་དཔའ་བོ་གྲངས་མེད་ཀྱིས་འགྲུབ་མེད་པའི་ཕུགས་འདུན་མངོན་འགྱུར་བྱེད་དགོས།

  དམག་འཁྲུག་གི་འཇིགས་སྣང་བརྒྱུད་མོང་མཁན་དག་གིས་ཞི་བདེའི་རིན་ཐང་དེ་བས་རྟོགས། ལོ་ངོ་70ཡར་སྔོན་གྱི་དམག་འཁྲུག་དེས་དུ་ཞག་དགོང་ལ་འཐིབས་ཤིང་ཚེ་སྲོག་རྡུལ་དུ་བརླགས་ནས་མིའི་རིགས་ལ་ནམ་ཡང་བརྗེད་ཐབས་བྲལ་བའི་སེམས་ཀྱི་རྨ་ཁ་བཟོས་ཡོད་ལ། དེས་ལོ་རྒྱུས་འཕེལ་འགྱུར་ལ་ཁྲག་གི་བསླབ་བྱ་བཏང་ཡོད། “ལོ་རྒྱུས་ཀྱིས་ང་ཚོར་གནང་བའི་དྲང་བདེན་རྣམ་པར་རྒྱལ་ངེས་པ་དང་ཞི་བདེ་རྣམ་པར་རྒྱལ་ངེས་པ། མི་དམངས་རྣམ་པར་རྒྱལ་ངེས་པ་བཅས་ཀྱི་རླབས་ཆེ་བའི་བདེན་དོན་དེ་ཡིད་ལ་དམ་པོར་འཛིན་དགོས།” བློ་མཐུན་ཞི་ཅིན་ཕིང་གི་“རྣམ་པར་རྒྱལ་ངེས་པ་གསུམ་”གྱི་གལ་ཆེ་བའི་ཆོད་གཏམ་འདི་ནི་ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལོ་རྒྱུས་ཀྱི་ཚད་མཐོ་བའི་སྤྱི་སྡོམ་དང་། ཞི་བདེ་གཅེས་འཛིན་དང་ཞི་བདེ་སྲུང་སྐྱོབ་བྱེད་པའི་ཚ་ངར་གྱི་འབོད་སྐུལ་ཡིན་ལ། འཛམ་གླིང་ལ་ང་ཚོའི་ལོ་རྒྱུས་ཀྱི་ལྟ་བ་གསལ་བསྒྲགས་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རིམ་ཁྲོད་དྲང་བདེན་ནི་ངན་གཡོ་ལས་རྣམ་པར་རྒྱལ་ངེས་པ་དང་། ཞི་བདེ་ནི་བཙན་འཛུལ་ལས་རྣམ་པར་རྒྱལ་ངེས་པ། མི་དམངས་ནི་ཧྥ་ཞི་སི་རིང་ལུགས་དང་དམག་རྒྱལ་རིང་ལུགས་ལས་རྣམ་པར་རྒྱལ་ངེས་པའི་ལྡོག་མེད་ཀྱི་ཆོས་ཉིད་གསལ་བསྒྲགས་བྱས་ནས། དེང་སྐབས་ཀྱི་འཛམ་གླིང་ཞི་བདེའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་ཁ་ཕྱོགས་བསྟན་ཡོད། ཡང་དག་པའི་ལོ་རྒྱུས་ལྟ་བ་མཐའ་འཁྱོངས་བྱེད་པ་དང་། ལོ་རྒྱུས་མིག་དཔེར་བཟུང་ནས་ང་ཚོར་གསལ་འདེབས་བྱས་ན་ད་གཟོད་སྔར་ལས་ལྷག་པའི་འབྱུང་འགྱུར་གསར་གཏོད་བྱ་ཐུབ། ང་ཚོས་དམག་འཁྲུག་གི་གནོད་འཚེ་ལ་ཕྱིར་དྲན་བྱེད་རྒྱུ་ནི་སེམས་བཟང་གི་མི་རྣམས་ཀྱིས་ཞི་བདེ་ལ་རེ་སྨོན་དང་ཞི་བདེ་བརྟན་སྲུང་བྱ་རྒྱུ་འབོད་སྐུལ་གཏོང་བ་ལས་འཁོན་འཛིན་རྒྱུད་འཛིན་བྱས་པ་མིན། དུས་དེ་རིང་། ཞི་བདེ་དང་འཕེལ་རྒྱས་ནི་དུས་རབས་ཀྱི་བརྗོད་གཞི་གཙོ་བོར་གྱུར་ཡོད་མོད། ཡིན་ནའང་འཛམ་གླིང་སྔར་བཞིན་ཞི་འཇགས་མིན་པ་དང་། གནོད་འཚེའི་རལ་གྲི་དེ་སྔར་བཞིན་མི་རིགས་ཀྱི་མགོ་བོར་འཕྱར་ཡོད། སྔོན་གྱི་བསླབ་བྱ་མི་བརྗེད་པར་རྗེས་མའི་མིག་དཔེར་འཛིན་དགོས་པ་དང་། ལོ་རྒྱུས་ཀྱི་སྐྱོ་གར་གཏན་ནས་བསྐྱར་འཁྲབ་བྱེད་དུ་འཇུག་མི་རུང་བ་དེ་ནི། དེ་སྔ་མིའི་རིགས་ཀྱི་རང་དབང་དང་བདེན་དོན། ཞི་བདེའི་ཆེད་དུ་རང་སྲོག་ཕུལ་བའི་འདས་པོ་དག་དང་། དོན་མེད་དམར་གསོད་ཐེབས་པའི་ཤི་བོ་རྣམས་ཀྱི་རྗེས་དྲན་ལེགས་ཤོས་དེ་རེད་ལ། ད་ལྟ་ང་ཚོས་ངེས་པར་དུ་ཐེག་དགོས་པའི་འགན་འཁྲི་དང་འོས་འགན་དེ་ཡང་ཡིན། ཞི་བདེ་ཡོང་རྒྱུ་ལས་སླ་བོ་ཞིག་མིན་པས་ཞི་བདེར་སྲུང་སྐྱོབ་བྱེད་དགོས། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་ངང་འབྲེལ་འདྲིས་བྱེད་པ་དང་། འཆམ་མཐུན་ངང་འཕེལ་རྒྱས་སུ་འགྲོ་བ། ཐུན་མོང་གིས་དར་རྒྱས་སུ་གཏོང་བ་ནི་མིའི་རིགས་ཀྱི་བགྲོད་ལམ་ཡང་དག་ཡིན། ཞི་བདེའི་ཆེད་དུ་ང་ཚོས་མིའི་རིགས་ཀྱི་ལས་དབང་གཅིག་ཏུ་སྦྲེལ་ཡོད་པའི་འདུ་ཤེས་བརྟན་པོར་བཅངས་དགོས་པ་དང་། འཛམ་གླིང་གི་རྒྱལ་ཁབ་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཁྲིམས་དམིགས་ཡུལ་དང་རྩ་དོན་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ་དང་རྒྱལ་སྤྱིའི་མ་ལག་ལ་མཉམ་དུ་སྲུང་སྐྱོབ་བྱས་ཏེ། མཉམ་ལས་མཉམ་རྒྱལ་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་འབྲེལ་བ་གསར་པ་ཧུར་ཐག་གིས་བཙུགས་ནས། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཀྱི་མཆོག་གྱུར་ལས་དོན་མཉམ་དུ་སྤེལ་དགོས།

  ཀྲུང་ཧྭ་མི་རིགས་ནི་ཐོག་མ་ཉིད་ནས་ཞི་བདེ་ལ་མོས་ཤིང་། ཀྲུང་གོའི་མི་དམངས་ཀྱིས་“རྒྱལ་སྟོབས་ཆེ་ན་གནམ་འོག་དབང་དུ་བསྡུས་”ཞེས་པའི་གཏན་ཚིགས་རྙིང་པར་ནམ་ཡང་ཁས་མི་ལེན། ཉེ་རབས་ཀྱི་ལོ་རྒྱུས་སྟེང་།ཀྲུང་ཧྭ་མི་རིགས་ལ་དུས་ཡུན་རིང་པོའི་ནང་བཙན་དབང་རྒྱལ་ཁབ་ཀྱིས་བཙན་འཛུལ་དང་བརྙས་བཅོས་ཕོག་མྱོང་།ཡིན་ན་ཡང་ཀྲུང་གོའི་མི་དམངས་ཀྱིས་དེ་ལས་སློབ་གསོ་ཐོབ་པ་ནི་ཆེ་བས་ཆུང་བ་ཟ་བའི་གནས་ལུགས་མ་ཡིན་ལ། སྔར་བས་ཞི་བདེར་གཅེས་འཛིན་བྱེད་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་རེད། ལོ་རྒྱུས་ཀྱི་ཡིད་སྐྱོ་བའི་ཤེས་ཚོར་ལ་གཞིགས་ནས། ཀྲུང་གོ་ཉིད་འཕེལ་རྒྱས་གང་འདྲ་ཞིག་ལ་སླེབས་ནའང་ནམ་ཡང་བཙན་དབང་མི་སྤྱོད་པ་དང་རྒྱ་སྐྱེད་མི་གཏོང་ཞིང་། རང་གིས་བརྒྱུད་མྱོང་བའི་ཉམ་ང་བའི་བར་ཆད་དེ་མི་རིགས་གཞན་ལ་བཙན་འགེལ་གཏན་ནས་མི་བྱས། ཀྲུང་གོའི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཞི་བའི་ངང་འཕེལ་རྒྱས་སུ་གཏོང་བའི་བགྲོད་ལམ་དུ་བསྐྱོད་རྒྱུ་དང་། ཐོག་མཐའ་བར་གསུམ་དུ་མཉམ་ལས་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱེད་རྒྱུ། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་རྨང་གཞིའི་ཐོག་རྒྱལ་ཁབ་ཡོད་ཚད་དང་མཛའ་མཐུན་ངང་འཕེལ་རྒྱས་སུ་འགྲོ་བ་དང་། བློ་བརྟན་འགྱུར་མེད་ཀྱིས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་གོང་འཕེལ་སྟོབས་ཆེར་འགྲོ་བ་དང་བསྟུན་ནས་འཛམ་གླིང་གི་ཞི་བདེའི་སྟོབས་ཤུགས་གོང་འཕེལ་སྟོབས་ཆེར་འགྲོ་ངེས་ཡིན། ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་བར་མཛའ་མཐུན་མཉམ་གནས་བྱས་ཏེ། ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་རྒྱལ་ཁའི་གྲུབ་འབྲས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ནས། མིའི་རིགས་ཀྱི་ཆེད་དུ་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འཇོག་རྒྱུར་འབད་བརྩོན་བྱེད་རྒྱུ་ཡིན། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་ནི་མི་དམངས་ཀྱི་བུ་ཕྲུག་དམག་ཡིན་པ་དང་། དེ་ནི་ཀྲུང་གོ་དང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་གཙོ་བོ་ཡིན། རྗེས་དྲན་ཚོགས་ཆེན་གྱི་སྟེང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོས་དམག་དཔུང་གི་དམག་མི་འབུམ་གསུམ་འཕྲི་འཐེན་བྱེད་རྒྱུ་ཡིན་ཞེས་བསྒྲགས། དེ་ནི་ཀྲུང་གོའི་དམག་མི་འཕྲི་འཐེན་ཆེན་པོ་ཐེངས་མང་བྱས་རྗེས་ཀྱི་བྱེད་སྟངས་ཡག་ཤོས་ཤིག་དང་ཞི་བདེ་ཡོངས་ཤོས་ཤིག་རེད། ཀྲུང་གོས་ལག་ལེན་དངོས་ཀྱི་སྟེང་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་པའི་ཆོད་སེམས་བརྟན་པོ་གང་ལེགས་མཚོན་པ་དང་། རང་རྒྱལ་གྱི་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་ཞི་བདེ་སྲུང་སྐྱོང་དང་འཕེལ་རྒྱས་དོན་གཉེར། མཉམ་དུ་དར་རྒྱས་གཏོང་བའི་ལྷག་བསམ་དང་རེ་འདུན་གང་ལེགས་མཚོན་ཡོད།

  ཁ་སང་གི་ལོ་རྒྱུས་ནི་དེ་རིང་གི་མི་རྣམས་ཀྱིས་བཀོད་འབྲི་བྱས་པ་ཞིག་མ་ཡིན་མོད། འོན་ཀྱང་། དེ་རིང་གི་མི་རྣམས་ཀྱིས་མིག་སྔར་དམ་འཛིན་དང་མ་འོངས་གསར་འབྱེད་བྱེད་པར་ཁ་སང་གི་ལོ་རྒྱུས་དང་ཁ་འབྲལ་ཐབས་མེད། ལོ་ངོ་70ཡར་སྔོན་དུ་མིའི་རིགས་ཀྱིས་ཚེ་སྲོག་ཁྲི་སྟོང་མང་པོ་བློས་བཏང་ནས་ཞི་བདེ་བསྐྱར་འགོད་དང་དཔལ་ཡོན་བསྐྱར་བསྐྲུན་བྱས། དུས་དེ་རིང་། ཀྲུང་གོ་ཉིན་རེ་ནས་ཟླ་རེར་འགྱུར་ལྡོག་འབྱུང་བཞིན་ཡོད་ལ། ང་ཚོ་ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་རྒྱུ་དང་བར་ཐག་ཉེ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་སྲུང་བྱས་ནས། ལོ་རྒྱུས་ཀྱིས་གནང་བའི་རླབས་ཆེའི་བདེན་ལུགས་ཡིད་ལ་བརྟན་པོར་བཅངས་ཏེ། རླབས་ཆེ་བའི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་དང་། རླབས་ཆེ་བའི་ལྗར་འགོག་དམག་འཁྲུག་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། མི་དམངས་ཁྲི་སྟོང་མང་པོས་བློ་རྩེ་གཅིག་ཏུ་བསྒྲིལ་ཞིང་ལྷག་བསམ་རྣམ་པར་དག་པས་“ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱུང་ཆེད་འབད་འཐབ་ལྷོད་མེད་བྱེད་རྒྱུ་དང་། དུས་གཏན་དུ་འཛམ་གླིང་ཧྲིལ་བོར་ཞི་བདེའི་འོད་སྣང་གིས་སྤྲོས་ཆེད་འབད་འཐབ་ལྷོད་བྱེད་དགོས།

  སངས་རྒྱས་སྐྱིད་ཀྱིས་བསྒྱུར།