རྒྱལ་ཡོངས་ཀྱི་ཕུལ་བྱུང་རྫོང་ཨུ་ཧྲུའུ་ཅི་རྣམས་དང་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད།

  ལྷན་རྒྱས་བཀྲ་ཤིས་བདེ་ལེགས། གཟེངས་རྟགས་ཐོབ་པའི་རྒྱལ་ཡོངས་ཀྱི་ཕུལ་བྱུང་རྫོང་ཨུ་ཧྲུའུ་ཅི་རྣམས་དང་ཐུག་འཕྲད་བྱུང་བས་དགའ་སྤྲོ་ཧ་ཅང་ཆེ། སང་ཉིན་ནི་ང་ཚོའི་ཏང་བཙུགས་ནས་ལོ་ངོ་94འཁོར་བའི་ཉིན་རེད། ཐོག་མར་ངས་ཏང་ཀྲུང་དབྱང་གིས་ཚབ་བྱས་ནས་ཁྱེད་རྣམ་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། རྒྱལ་ཡོངས་ཀྱི་ཆེས་རྒྱ་ཆེ་བའི་གུང་ཁྲན་ཏང་ཡོན་དང་ཏང་གི་ལས་དོན་སྒྲུབ་མཁན་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་ཞུ་རྒྱུ་ཡིན།

  ཏང་གི་འཁྲུངས་སྐར་སླེབས་རན་པའི་དུས་འདིར། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་མིང་ཐོག་ནས་སླར་ཡང་ཕུལ་དུ་བྱུང་བའི་རྫོང་ཨུ་ཧྲུའུ་ཅི་ཚན་པ་ཞིག་ལ་གཟེངས་རྟགས་སྤྲོད་རྒྱུ་འདི་ནི་ཧ་ཅང་དོན་སྙིང་ལྡན་པ་ཞིག་རེད་ལ། འདི་ནི་བླ་ན་མེད་པའི་གཟི་བརྗིད་ཅིག་ཀྱང་རེད། ལྷན་རྒྱས་ཚང་མ་ནི་རྒྱལ་ཡོངས་ཀྱི་(གྲོང་ཁྱེར་དང་ཆུས། ཆི་བཅས་ཀྱི་)རྗོང་ཨུ་ཧྲུའུ་ཅི་2800ལྷག་ཙམ་གྱི་ནང་ནས་བདམས་ཐོན་བྱུང་བ་ཞིག་ཡིན་ལ། ཚང་མས་རང་ཉིད་ཀྱི་ལས་གནས་ཐོག་ཕུལ་དུ་བྱུང་བའི་གྲུབ་འབྲས་བླངས་ཡོད་པ་དང་། ང་ཚོ་འགོ་ཁྲིད་ལས་བྱེད་པའི་ཁྲོད་ཀྱི་མིག་དཔེ་བཟང་པོ་ཡིན། ཐེངས་འདིའི་གཟེངས་རྟགས་ནི་ཚང་མའི་ལས་དོན་ལ་གདེང་འཇོག་བྱས་པ་ཞིག་དང་། སྔོན་ཐོན་ལ་རེ་སྙེག་དང་བཟང་པོ་ལ་ལེགས་གྲོས་ཀྱི་སྤྱི་ཚོགས་ཁོར་ཡུག་ཆགས་པའི་ཆེད་དུའང་ཡིན། སྔར་ལས་མང་བའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ལ་སྦྱོང་ན་མིག་དཔེ་དང་སྙེག་ན་དམིགས་འབེན་ཡོད་པ་ཞིག་དང་། སྔར་ལས་ལྷག་པའི་སྒོ་ནས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དང་། སྔར་ལས་ལྷག་པའི་སྒོ་ནས་ལས་སྒྲུབ་ལས་སྤེལ་བྱེད་རྒྱུའི་ཆེད་དུ་ཡིན། ཏང་ཀྲུང་དབྱང་གིས་ཐེངས་འདིའི་གཟེངས་བསྟོད་ཀྱི་བྱ་འགུལ་སྤེལ་བའི་དོན་སྙིང་གཞན་ཞིག་ནི་རྒྱ་ཆེའི་ལས་བྱེད་པ་འཚར་ལོངས་བྱུང་བར་བགྲོད་ལམ་ཡང་དག་སྟོན་བྱེད་ཞིག་ཀྱང་ཡིན།

  རྫོང་བདག་སྐྱོང་ལེགས་པོ་བྱས་ན་གནམ་འོག་བདེ་ལ་འགོད་ཐུབ་ཅེས་པ་ལྟར། ངས་ཐེངས་མང་བཤད་མྱོང་བ་ཞིག་སྟེ། ང་ཚོའི་ཏང་གི་རྩ་འཛུགས་གྲུབ་ཚུལ་དང་རྒྱལ་ཁབ་སྲིད་དབང་གི་གྲུབ་ཚུལ་ཁྲོད། རྫོང་རིམ་པ་ནི་གོང་འོག་མཐུད་འབྲེལ་བྱེད་པའི་འགག་རྩའི་ལྷུ་ཚིགས་ཤིག་ཡིན་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་འགན་ལེན། བརྟན་བརླིང་སྲུང་སྐྱོང་བྱེད་པའི་གལ་ཆེ་བའི་རྨང་གཞི་ཞིག་ཡིན་ལ། ལས་བྱེད་པས་ལས་སྒྲུབ་ལས་སྤེལ་དང་སྦྱོང་བརྡར་འཚར་ལོངས་བྱུང་བའི་རྩ་བའི་ནུས་པ་སྦྱོང་བརྡར་བྱེད་པའི་གནས་གཞི་ལྟ་བུ་ཞིག་ཀྱང་ཡིན། རྫོང་ཨུ་ནི་ང་ཚོའི་ཏང་གིས་སྲིད་གཉེར་རྒྱལ་སྐྱོང་གི་“བཀོད་འདོམས་བྱེད་ཡུལ་དངོས་”ཡིན་པ་དང་། རྫོང་ཨུ་ཧྲུའུ་ཅི་ནི་“སྤྱིའི་བཀོད་འདོམས་བྱེད་མཁན་”ཡིན་ལ། ང་ཚོའི་ཏང་གིས་རྫོང་གི་ས་ཆ་རུ་རྒྱལ་སྐྱོང་སྲིད་གཉེར་བྱེད་པའི་སྟོབས་ཤུགས་གཙོ་བོ་ཞིག་ཀྱང་ཡིན།

  ལོ་འགོར། ངས་རྫོང་ཨུ་ཧྲུའུ་ཅི་འགའ་ཞིག་དང་བཞུགས་མོལ་གྱི་སྐབས་སུ་བཤད་མྱོང་བ་སྟེ། རྫོང་ཨུ་ཧྲུའུ་ཅི་ནི་དཔོན་ཆེན་མོ་དེ་འདྲ་མ་ཡིན་ན་ཡང་། འགན་འཁྲི་མི་ཆུང་ལ་ཁུར་པོའང་མི་ཡང་། རྫོང་ཨུ་ཧྲུའུ་ཅི་ཡག་པོ་ཞིག་བྱེད་དགོས་ན་ལས་སླ་མོ་ཞིག་མ་རེད་ཅེས་བཤད་ཡོད། ཅའོ་ཡུས་ལུའུ་དང་དབྱང་ཧྲན་ཀྲོའུ། ཀུའུ་ཝེན་ཁྲང་སོགས་བློ་མཐུན་ཚང་མ་ནི་རྫོང་ཨུ་ཧྲུའུ་ཅིའི་མིག་དཔེ་བཟང་པོ་ཡིན་པས། རྫོང་ཨུ་ཧྲུའུ་ཅི་རྣམས་ཀྱིས་ཁོ་ཚོར་མིག་དཔེ་བལྟ་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་སེམས་ནང་ཏང་ཡོད་པ་དང་། སེམས་ནང་མི་དམངས་ཡོད་པ། སེམས་ནང་འགན་འཁྲི་ཡོད་པ། སེམས་ནང་སྡོམ་པ་ཡོད་པར་བྱས་ཏེ། ཏང་དང་མི་དམངས་ཀྱི་ཡིད་རྟོན་རུང་བའི་ལས་བྱེད་པ་བཟང་པོ་བྱེད་དགོས།

  གཤམ་དུ་ངས་ལྷན་རྒྱས་ལ་བླང་བྱ་བཞི་འདོན་རྒྱུ་ཡིན།

  གཅིག་ནི་ཆབ་སྲིད་རྟོགས་མཁན་ཞིག་བྱེད་དགོས། རྫོང་ཨུ་ཧྲུའུ་ཅི་ལ་གལ་ཆེ་བའི་ཆབ་སྲིད་ལས་འགན་ཡོད་པས། ཆབ་སྲིད་ལ་བརྟེན་རྒྱུ་ནི་ཨང་དང་པོ་ཡིན། ཚང་མས་ཏང་ལ་མཐའ་གཅིག་ཏུ་བློ་དཀར་རྒྱུའི་རེ་བ་དང་། ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་བསམ་བློའི་ཐོག་དང་ཆབ་སྲིད་ཀྱི་ཐོག བྱ་སྤྱོད་ཀྱི་ཐོག་ནས་ཚད་མཐོ་གཅིག་གྱུར་དང་། ཕུགས་བསམ་དང་དད་སེམས་ཇེ་བརྟན་གཏོང་བ། གུང་ཁྲན་ཏང་མིའི་བསམ་པའི་ཁྱིམ་གཞིས་བརྟན་སྲུང་བཅས་བྱེད་དགོས། རང་རྟོགས་སྒོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་དང་། རང་རྟོགས་སྒོས་ཏང་གི་སྒྲིག་ལམ་དང་སྒྲིག་སྲོལ་ལག་བསྟར་བྱས་ཏེ། ཏན་ཏན་ཏིག་ཏིག་གིས་དུས་དང་རྣམ་པ་ཀུན་ཏུ་ཀླད་པ་གསལ་པོ་དང་དུས་དང་རྣམ་པ་ཀུན་ཏུ་ལངས་ཕྱོགས་བརྟན་པོ་འཛིན་དགོས།

  གཉིས་ནི་འཕེལ་རྒྱས་ཀྱི་ལམ་གཏོད་པ་བྱེད་དགོས། རྫོང་ཨུ་ཧྲུའུ་ཅི་སྟེ་ཁྱད་པར་དུ་དབུལ་ཕོངས་ས་ཁུལ་གྱི་རྫོང་ཨུ་ཧྲུའུ་ཅི་ཡིས་འཕེལ་རྒྱས་ཐད་འགན་འཁུར་ཐུབ་པ་དང་འབད་འབུངས་ཚད་མེད་བྱེད་དགོས། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཕྲོད་པར་བྱེད་ཅིང་སྣེ་འཁྲིད་བྱེད་པ་དང་། བསྒྱུར་བཅོས་ཟབ་སྤེལ་གྱི་བརྒྱུད་རིམ་གསར་པར་རྒྱུས་ལོན་དང་འཕྲོད་པར་བྱེད་དགོས། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པར་ལན་འདེབས་པ་དང་། དངོས་ཡོད་ནས་འགོ་ཚུགས་རྒྱུ་རྒྱུན་འཁྱོངས་བྱེད་ཅིང་། མང་ཚོགས་ལ་སྣེ་འཁྲིད་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་ཏེ། ཁྱད་པར་དུ་དབུལ་སྐྱོར་གསར་འབྱེད་ཀྱི་མཁྲེགས་གཏོར་དམག་འཐབ་ཡག་པོ་བརྒྱབ་ནས། མི་སེར་རྣམས་ལ་འཚོ་བ་ཇེ་བཟང་ཇེ་ལེགས་དང་། ཏན་ཏན་ཏིག་ཏིག་གིས་ཕྱོགས་གཅིག་ལ་དཔོན་བྱས་ན་ཕྱོགས་དེ་ལ་བདེ་སྐྱིད་བསྐྲུན་ཐུབ་པ་ཞིག་བྱེད་དགོས།

  གསུམ་ནི་མང་ཚོགས་དང་སེམས་མཐུན་པ་བྱེད་དགོས། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ནི་ང་ཚོའི་ཏང་གི་རྩ་བའི་དགོངས་དོན་ཡིན། རྫོང་ཨུ་ཧྲུའུ་ཅི་ནི་ཐད་ཀར་གཞི་རིམ་གྱི་མང་ཚོགས་དང་ཁ་གཏད་པས་ངེས་པར་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུའི་རྩ་བའི་དགོངས་དོན་རྒྱུན་འཁྱོངས་དང་། རང་རྟོགས་སྒོས་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་ཅིང་། མང་ཚོགས་དང་སེམས་མཐུན་པ། མི་དམངས་ལ་བདེ་སྐྱིད་བསྐྲུན་པ་བཅས་བྱེད་དགོས། ཚང་མས་ནམ་ཡང་མི་སེར་ཡིད་ལ་འཇོག་རྒྱུའི་རེ་བ་དང་། དཀའ་སྡུག་གཞན་གྱི་སྔོན་ལ་མྱོང་ཞིང་བདེ་བ་གཞན་གྱི་རྗེས་སུ་རོལ་བ། ཏན་ཏན་ཏིག་ཏིག་གིས་མང་ཚོགས་སེམས་ནང་འཇོག་པ་དང་། མང་ཚོགས་ལ་དགའ་བ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་བྱེད་དགོས།

  བཞི་ནི་སྡེབ་ཚན་གྱི་སྣེ་འཁྲིད་པ་བྱེད་དགོས། “ལུག་ཚོགས་ལམ་དུ་ཆས་པར་ལུག་ཐོག་མ་དེར་བརྟེན་དགོས་”ཞེས་པ་ལྟར། སྣེ་འཁྲིད་པའི་འགག་རྩ་ནི་“སྣེ་འཁྲིད་”ཞེས་པའི་ཡིག་འབྲུ་གཉིས་ལ་རག་ལས། ཚང་མས་སྣེ་འཁྲིད་ནས་ཏང་གཤིས་ལྡན་དང་། སྤྱོད་པ་གཙོ་བོར་འཛིན་པ། དཔེ་མཚོན་དུ་འཛིན་རྒྱུའི་རེ་བ་དང་། སྣེ་འཁྲིད་ནས་“ནན་གསུམ་དྲང་གསུམ་”གྱི་ཆེད་དོན་སློབ་གསོ་ལེགས་པོ་སྤེལ་དགོས། སྣེ་འཁྲིད་ནས་སྡེབ་ཚན་གྱིས་དཔུང་ཁག་འཁྲིད་རྒྱུ་དམ་འཛིན་བྱེད་པ། སྣེ་འཁྲིད་ནས་ཁྲིམས་ལྟར་དོན་དག་སྒྲུབ་པ། སྣེ་འཁྲིད་ནས་སྤྱོད་གཙང་རང་གཅུན་བྱེད་པ། སྣེ་འཁྲིད་ནས་ཏང་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ། སྣེ་འཁྲིད་ནས་སྤྱོད་པ་གཙང་བའི་མི་ཞིག་བྱེད་པ་དང་། རྣམ་དག་གི་བྱ་བ་སྒྲུབ་པ། དྲང་བདེན་གྱི་དཔོན་བྱེད་པ། ཏན་ཏན་ཏིག་ཏིག་གིས་དོན་དག་ཚང་མར་སྣེ་འཁྲིད་པ་དང་། དུས་དང་རྣམ་པ་ཀུན་ཏུ་སྣེ་འཁྲིད་པ། གང་ས་གང་དུ་སྣེ་འཁྲིད་པ། ཏན་ཏན་ཏིག་ཏིག་གིས་དཔེ་མཚོན་ལེགས་པོ་དང་གོང་གིས་འོག་ལ་མིག་དཔེ་བཟང་པོ་བྱེད་དགོས།

  རིམ་པ་སོ་སོའི་ཏང་ཨུ་དང་རྩ་འཛུགས་སྡེ་ཁག་གིས་རྫོང་ཨུ་ཧྲུའུ་ཅི་ལ་སེམས་ཁུར་དང་བདག་གཅེས་བྱེད་དགོས་པ་དང་། རྫོང་ཨུ་ཧྲུའུ་ཅི་ལ་རྒྱབ་སྐྱོར་བྱས་ནས་ལས་ཀ་སྒྲུབ་པ་དང་ལས་དོན་སྤེལ་དགོས།

  བློ་བཟང་ལྷ་མོས་བསྒྱུར།