སླར་སྐྱེས་ནུས་ཁུངས་གོང་སྤེལ་བཏང་ནས་ནུས་ཁུངས་དང་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས།

ཁྲེན་ཡོན།

  ཁོར་ཡུག་དང་གནམ་གཤིས། སྐྱེ་ཁམས། རྒྱུན་མཐུད་འཕེལ་རྒྱས་སོགས་ཀྱི་གནད་དོན་ཉིན་རེ་བཞིན་མངོན་གསལ་དུ་འགྲོ་བཞིན་པའི་དེང་གི་དུས་འདིར། ནུས་ཁུངས་གཙང་མའི་རྣམ་པ་གསར་པ་གོང་སྤེལ་གཏོང་བ་དང་སྲོལ་རྒྱུན་འགྱུར་རྡོ་ནུས་ཁུངས་ལ་བརྟེན་རྒྱུ་རིམ་གྱིས་འདོར་བ་ནི་རྒྱལ་ཁབ་སོ་སོའི་དཔལ་འབྱོར་རིམ་འགྱུར་གྱི་ཤུགས་རྒྱག་ས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཀྲུང་གོ་ལྟ་བུའི་མི་གྲངས་མང་བའི་རྒྱལ་ཁབ་ཆེན་པོ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ། ནུས་ཁུངས་ཟད་གྲོན་ཆེ་བའི་རྒྱལ་ཁབ་ཆེན་པོ་ཞིག་ལ་མཚོན་ནས་བཤད་ན། གཙང་མ་དང་སླར་སྐྱེས་ནུས་ཁུངས་གོང་སྤེལ་གཏོང་རྒྱུ་ནི། སྔར་ལས་གལ་ཆེ་བའི་དངོས་ཡོད་ཀྱི་དོན་སྙིང་དང་འཐབ་ཇུས་ཀྱི་དོན་སྙིང་ལྡན་ཡོད་ལ། རང་རྒྱལ་གྱི་ནུས་ཁུངས་བདེ་འཇགས་དང་། སྐྱེ་ཁམས་འཛུགས་སྐྲུན། ལག་རྩལ་ཡར་ཐོན། མི་དམངས་ཀྱི་འཚོ་བ་སོགས་ཕྱོགས་སོ་སོར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཐུབ་པ་རེད།

  གཅིག ནུས་ཁུངས་སྒེར་ཚུགས་དང་ནུས་ཁུངས་རང་གསོ་ལ་སྐུལ་སྤེལ་བཏང་ནས། ནུས་ཁུངས་བདེ་འཇགས་དང་དཔལ་འབྱོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས།

  རང་རྒྱལ་ནི་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཉིས་པར་གྱུར་ཡོད། དཔལ་འབྱོར་མགྱོགས་མྱུར་ངང་གོང་འཕེལ་དང་མི་གྲངས་དུང་ཕྱུར་13གྱི་ནུས་ཁུངས་འཛད་སྤྱོད་དགོས་མཁོ་ལས། རང་རྒྱལ་གྱི་ནུས་ཁུངས་མཁོ་འདོན་གྱི་འགལ་བ་ཉིན་རེར་འབུར་ཐོན་དུ་གཏོང་བཞིན་ཡོད། 2014ལོར། རྒྱལ་ཡོངས་ཀྱི་ནུས་ཁུངས་འཛད་སྤྱོད་སྤྱིའི་སྡོམ་འབོར་ནི་ཕལ་ཆེར་ཚད་ལྡན་རྡོ་སོལ་དུང་ཕྱུར་42.6ཡིན། དེའི་ནང་རྡོ་སོལ་འཛད་སྤྱོད་བྱེད་ཚད་ཀྱིས་66.0%ཟིན་ཡོད་པ་དང་། ཆུ་གློག་དང་། རླུང་ཤུགས་གློག ཉིང་རྡུལ་གློག རང་བྱུང་སོལ་རླངས་སོགས་ནུས་ཁུངས་གཙང་མའི་16.95%མ་གཏོགས་ཟིན་མེད། ལོ་དེར་མ་བཅོས་རྡོ་སྣུམ་ཏུན་དུང་ཕྱུར་3.1ནང་འདྲེན་བྱས་ཡོད་པ་དང་། ཕྱི་ལ་བརྟེན་ཚད་59.6%ལ་ཐོན་ཡོད། རང་བྱུང་སོལ་རླངས་ཕལ་ཆེར་སྨི་ལྷམ་པ་དུང་ཕྱུར་590ནང་འདྲེན་བྱས་ཡོད་པ་དང་། ཕྱི་ལ་བརྟེན་ཚད་32.2%ཐོན་ཡོད་པས། ཆ་སྙོམས་སུ་ལོ་རྒྱུས་ཀྱི་ཟིན་ཐོ་ལས་བརྒལ་ཡོད། དེ་ལས་གཞན། རང་རྒྱལ་གྱི་མ་བཅོས་རྡོ་སྣུམ་ནང་འདྲེན་བྱེད་པའི་སྣུམ་ལམ་སྣ་རྐྱང་ཡིན་པ་དང་། རྡོ་སྣུམ་ནང་འདྲེན་ལས་75%ཡས་མས་ཤིག་མ་ལིའུ་ཅ་མཚོ་འགག་བརྒྱུད་དགོས་པས་སྣུམ་ལམ་བདེ་འཇགས་ལ་འགན་སྲུང་བྱེད་དཀའ། ཀྲུང་གོ་དར་འཕེལ་སོང་བའི་གནས་ཚུལ་འོག ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཀྲུང་གོར་ཚོད་འཛིན་བྱེད་རྒྱུ་ཛ་དྲག་དང་། རང་རྒྱལ་མཐའ་འཁོར་གྱི་གནས་བབས་ཉིན་རེར་བཞིན་རྙོག་འཛིང་ཆེ་བ། ས་ཁུལ་འབྲེལ་ཁོངས་ཀྱི་ཆབ་སྲིད་འགྱུར་ལྡོག་བཅས་ཀྱིས་རང་རྒྱལ་གྱི་ནུས་ཁུངས་འདོན་སྤྲོད་མ་ལག་སྔར་བས་ཉམས་ཞན་དུ་གྱུར་ཡོད། ནུས་ཁུངས་བདེ་འཇགས་ནི་དཔལ་འབྱོར་བདེ་འཇགས་དང་འབྲེལ་ཡོད་ལ། ཐ་ན་རྒྱལ་ཁབ་བདེ་འཇགས་དང་ཡང་འབྲེལ་ཡོད། ནུས་ཁུངས་འདོན་སྤྲོད་མ་ལག་གི་ཉམས་ཐག་རང་བཞིན་གྱིས་རང་རྒྱལ་གྱི་ཕྱི་ཕྱོགས་མཉམ་འབྲེལ་ལ་སྐུལ་སྤེལ་གཏོང་བ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་སྔར་ལས་ལྷག་པའི་ནུས་པ་འདོན་རྒྱུ་བཀག་སྡོམ་བྱས་ཡོད།

  ནུས་ཁུངས་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ན། རྒྱལ་ཁབ་ཀྱི་ནུས་ཁུངས་འཐབ་ཇུས་ཐོག་ལེགས་སྒྲིག་བྱེད་དགོས། ཕྱོགས་གཅིག་ནས་ནུས་ཁུངས་སྒེར་ཚུགས་དེ་གཞི་རྩའི་ཁ་ཕྱོགས་དང་། རང་རྒྱལ་གྱི་རང་བྱུང་ཐོན་ཁུངས་ཀྱི་ལྷན་སྐྱེས་འདོན་སྤེལ་ལེགས་པོ་བྱེད་པ། སླར་སྐྱེས་ནུས་ཁུངས་གསར་འབྱེད། ཟད་གྲོན་ཇེ་ཉུང་གཏོང་བ་བཅས་བྱས་ནས་རང་རྒྱལ་གྱི་ནུས་ཁུངས་བདེ་འཇགས་ལ་ཕན་པའི་ནུས་ཁུངས་འགན་ལེན་མ་ལག་འཛུགས་དགོས། ནུས་ཁུངས་སྒེར་ཚུགས་ལ་ནང་དོན་གཉིས་ཡོད། གཅིག་ནི་ནུས་ཁུངས་ནུས་ཁུངས་ཚད་ཆེ་བའི་སྒོ་ནས་གྲོན་ཆུང་དང་ཟད་གྲོན་ཇེ་ཉུང་དུ་གཏོང་བ་དང་། ཕྱོགས་གཞན་ཞིག་ནི་ནུས་ཁུངས་ཚད་ཆེ་བའི་སྒོ་ནས་རང་གསོ་བྱས་ནས་རྒྱལ་སྤྱིའི་ཚོང་རར་བརྟེན་ཚད་ཇེ་ཆུང་དུ་གཏོང་དགོས། དུས་ཡུན་ཐུང་ངུའི་ནང་དུ། ནུས་ཁུངས་ཡོད་ཚད་སྒེར་ཚུགས་བྱ་རྒྱུ་ནི་དངོས་ཡོད་དང་མི་མཐུན་པས། སྔར་བཞིན་གོ་ལ་ཅན་གྱི་འཕེལ་ཕྱོགས་དེ་རྐང་འཛུགས་སར་འཛིན་པ་དང་། ཕྱི་ཕྱོགས་ནུས་ཁུངས་མཉམ་འབྲེལ་བྱེད་པར་ཤུགས་སྣོན་རྒྱག་ཅིང་། རྒྱལ་ཕྱིའི་འདོན་སྤྲོད་གཏན་འཇགས་སུ་བཏང་ནས། ཀྲུང་གོ་ལྟེ་བ་དང་ཀྲུང་གོར་ཞབས་ཞུ་སྒྲུབ་པའི་ནུས་ཁུངས་འགན་ལེན་མ་ལག་འཛུགས་དགོས། དུས་ཡུན་འབྲིང་རིང་ནས་བལྟས་ན། ནུས་ཁུངས་ནང་འདྲེན་དང་འགྱུར་བྱུང་ནུས་ཁུངས་ཟད་གྲོན་ཚད་ཆེ་བའི་སྒོ་ནས་ཇེ་ཉུང་དུ་གཏོང་བ་དང་། འགྱུར་རྡོ་ནུས་ཁུངས་ཚབ་བྱེད་པའི་སླར་སྐྱེས་ནུས་ཁུངས་ཏེ། དཔེར་ན་འོད་ནུས་དང་རླུང་ནུས། སྐྱེ་དངོས་རྒྱུའི་ནུས་ཁུངས་སོགས་འབད་པ་སྒོས་འཚོལ་ཞིབ་དང་གསར་འབྱེད་བྱས་ནས། ནུས་ཁུངས་མཁོ་འདོན་གཙོ་བོ་རང་ཉིད་ལ་བརྟེན་དགོས་པ་དང་། སྔར་ལས་བློ་གཏད་ཆོག་པ་དང་རྒྱུན་མཐུད་རུང་བ། སྔར་ལས་མཉེན་ཆ་ལྡན་པ་དང་རྡབ་ཤུགས་ཐེག་ཐུབ་པ་བྱེད་དགོས། འདི་ནི་དེང་སྐབས་རྒྱལ་ཁབ་སོ་སོའི་ནུས་ཁུངས་འཐབ་ཇུས་ཀྱི་གཞི་རྩའི་ཁ་ཕྱོགས་ཤིག་ཀྱང་ཡིན། ཨ་མེ་རུ་ཁར་དཔེར་བླངས་ན། སྔོན་མ་ཉི་ཁོ་སུང་སྲིད་གཞུང་གི་སྐབས་སུ། དེ་དུས་ཀྱི་འཛམ་གླིང་ནུས་ཁུངས་ཉམས་ཉེན་གྱི་ཤུགས་རྐྱེན་ཐེབས་པས། ཨ་མེ་རུ་ཁས་“ནུས་ཁུངས་སྒེར་ཚུགས་”ཀྱི་གོང་སྤེལ་བགྲོད་ལམ་འཚོལ་ཞིབ་བྱེད་འགོ་བརྩམས། ཉེ་བའི་ལོ་འགའི་རིང་། རྡོ་གཡམ་སོལ་རླངས་རྒྱལ་ཆེར་གསར་སྤེལ་བྱས་པས་ཨ་རུའི་ནུས་ཁུངས་སྒེར་ཚུགས་ལ་ཡར་རྒྱས་ཆེན་པོ་བྱུང་། བསྡོམས་རྩིས་བྱས་པ་ལྟར་ན། རྡོ་གཡམ་སོལ་རླངས་གསར་བརྗེའི་ཤུགས་རྐྱེན་ཐེབས་པས། ཨ་མེ་རུ་ཁ་ད་སྐབས་ཨུ་རུ་སུ་ལས་བརྒལ་ཏེ་འཛམ་གླིང་ཐོག་གི་རྡོ་སྣུམ་དང་རང་བྱུང་སོལ་རླབས་ཐོན་སྐྱེད་བྱེད་པའི་རྒྱལ་ཁབ་ཆེས་ཆེ་བར་གྱུར་ཡོད་པ་དང་། ནུས་ཁུངས་རང་གསོ་བྱེད་ཚད་བཅུ་ཆའི་དགུ་ལ་ཉེ་བ་རེད། སྣུམ་རླངས་རིན་གོང་གི་ལེགས་ཆས་ཨ་རུའི་བཟོ་སྐྲུན་ལས་རིགས་ཀྱི་འགྲན་རྩོད་བྱེད་ནུས་སྔར་བས་གོང་མཐོར་བཏང་ཡོད། མི་འགའ་ཤས་ཀྱི་སྔོན་རྩིས་བྱས་པ་ལྟར་ན། རྡོ་གཡམ་སོལ་རླངས་ཐོན་སྐྱེད་ཀྱིས་ལོ་རེའི་ཨ་མེ་རི་ཁའི་བཟོ་སྐྲུན་ལས་རིགས་ལ་མ་རྩ་ཨ་སྒོར་དུང་ཕྱུར་110ཡས་མས་གྲོན་ཆུང་བྱས་ཡོད་པ་རེད། བཟོ་སྐྲུན་ལས་རིགས་བསྐྱར་གསོ་བྱས་པ་ལས། ཨ་རུའི་བཟོ་ལས་ཅན་གྱི་འཐབ་ཇུས་ཡང་བསྐྱར་ལག་ལེན་བསྟར་བར་སྐུལ་འདེད་གཏོང་བ་མ་ཟད། ལས་ཞུགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱང་སྐུལ་ཁྲིད་བྱས་ཡོད། རང་རྒྱལ་གྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ན། རང་རྒྱལ་གྱི་ནང་འདྲེན་བྱ་སའི་ནུས་ཁུངས་ཀྱི་ས་ཆ་མང་པོའི་ཆབ་སྲིད་གནས་ཚུལ་གཏན་འཇགས་མིན་པ་དང་། ཟིང་ཆ་དང་སྡེ་གཟར་མང་པོ་འབྱུང་བས་རང་རྒྱལ་གྱི་ནུས་ཁུངས་ནང་འདྲེན་ལ་གཏན་འཇགས་མིན་པའི་རྒྱུ་རྐྱེན་མང་པོ་ལྡན་པ་རེད། རང་རྒྱལ་གྱི་སླར་སྐྱེས་ནུངས་ཁུངས་ཀྱི་མི་མངོན་གསོག་ཚད་ཧ་ཅང་ཆེ། ནུས་ཁུངས་སླར་སྐྱེས་གཙང་མ་ཤུགས་ཆེན་སྒོས་གོང་སྤེལ་གཏོང་རྒྱུ་ནི། རང་རྒྱལ་གྱི་ནུས་ཁུངས་སྒེར་ཚུགས་ཀྱི་འཐབ་ཇུས་ལ་སྐུལ་སྤེལ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན། སྐྱེ་དངོས་རྒྱུའི་ནུས་ཁུངས་ལ་དཔེར་བླངས་ན། རང་རྒྱལ་གྱི་གྲོང་གསེབ་ཏུ་ལོ་རེར་ཕལ་ཆེར་སོག་མ་ཏུན་དུང་ཕྱུར་8དང་། སྒོ་ཟོག་གི་གཅིན་སྐྱག་ཏུན་དུང་ཕྱུར་10། གཅིན་སྙི་ཏུན་དུང་ཕྱུར་40ཐོན་ཐུབ་མོད། འོན་ཀྱང་མང་ཆེ་བ་བཀོལ་སྤྱོད་ནུས་ལྡན་བྱས་ཐུབ་མེད། གལ་ཏེ་རང་རྒྱལ་གྱི་གྲོང་གསེབ་ཏུ་ལོ་རེར་བཀོལ་སྤྱོད་བྱས་མེད་པའི་སོག་མ་ཏུན་དུང་ཕྱུར་2དང་སྒོ་ཟོག་གི་གཅིན་སྐྱག་ཏུན་དུང་ཕྱུར་8་ལ་ནུས་ཁུངས་བསྒྱུར་བཅོས་བྱས་ན། དེ་ལས་ཐོན་པའི་རྫབ་རླངས་ཕབ་རྩིས་བྱས་ན་སྐྱེ་དངོས་རང་བྱུང་སོལ་རླངས་སྨི་ལྷམ་པ་དུང་ཕྱུར་686ཡོད་པ་ནི། 2014ལོའི་རྒྱལ་ཡོངས་ཀྱི་རང་བྱུང་སོལ་རླབས་འཛད་སྤྱོད་བྱས་ཚད་ཀྱི་37%ཡིན་པ་དང་། ནང་འདྲེན་བྱས་ཚད་ཀྱི་ལྡབ་102ཡིན་པས། གཞི་རྩའི་ཐོག་ནས་རང་བྱུང་སོལ་རླངས་རང་ཁ་རང་གསོ་བྱས་ཐུབ། གལ་ཏེ་གྲོང་ཁྱེར་གྱི་གཅིན་སྐྱག་དང་ཆུ་སྙིགས། སྐྱེ་ལྡན་གད་སྙིགས་ཚང་མ་བརྩིས་ན། བཀོལ་སྤྱོད་གང་ལེགས་བྱས་ཐུབ་ན་གྲངས་ཚད་སྔར་ལས་ཆེ་བ་དང་། སྐྱེ་དངོས་རང་བྱུང་སོལ་རླབས་ཕལ་ཆེར་སྨི་ལྷམ་པ་དུང་ཕྱུར་1000ལ་སླེབས་ཐུབ་པ་རེད།

  ཕྱོགས་གཞན་ཞིག་ནས། བཀྲམ་པའི་རང་བཞིན་གྱི་སླར་སྐྱེས་ནུས་ཁུངས་ཧུར་ཐག་སྒོས་གོང་སྤེལ་བཏང་ནས། ས་ཁོངས་ནུས་ཁུངས་ཀྱི་རང་གསོ་ནུས་པ་མཐོ་རུ་གཏོང་དགོས། ནུས་ཁུངས་མཁོ་སྤྲོད་དང་བཀོལ་སྤྱོད་བྱེད་སྟངས་ཐོག་ནས་བཤད་ན། མ་འོངས་པའི་ནུས་ཁུངས་འདོན་སྤྲོད་ལ་བཀྲམ་པའི་རང་བཞིན་དང་དྲ་བའི་རང་བཞིན་གཉིས་ཕན་ཚུན་ཟུང་སྦྲེལ་དང་། ཕན་ཚུན་ཁ་གསབ་བྱེད་པའི་གཞི་རྩའི་དཔེ་དབྱིབས་འབྱུང་བ་དང་། བཀྲམ་པའི་རང་བཞིན་ནི་སླར་སྐྱེས་ནུས་ཁུངས་ཀྱི་གྲུབ་ཆ་གཙོ་བོ་ཡིན། རང་རྒྱལ་གྱི་གྲོང་གསེབ་དང་གྲོང་བརྡལ་གྱི་གཞི་རྒྱ་ཆེ་ཞིང་། སྡོད་དམངས་ལྟོས་བཅས་ཀྱིས་ཁ་འཐོར་དུ་གནས་ཡོད་པས། བཀྲམ་པའི་རང་བཞིན་གྱི་ནུས་ཁུངས་གོང་སྤེལ་གཏོང་ན་གྲོང་ཁྱེར་ལས་དེ་བས་ཆ་རྐྱེན་བཟང་། སྐྱེ་དངོས་རྒྱུའི་ནུས་ཁུངས་བཀོལ་སྤྱོད་དང་བཀྲམ་པའི་རང་བཞིན་གྱི་མ་ལག་ཟུང་སྦྲེལ་བྱས་ན། ཚད་ཆེ་བའི་ཐོག་ནས་ཞིང་ལས་ཐོན་སྐྱེད་དང་། ནུས་ཁུངས་བཙོ་སྦྱང་། མཇུག་མཐའི་ནུས་ཁུངས་འཛད་སྤྱོད་ཀྱི་ནང་ཁུལ་འཁོར་སྐྱོད་དང་། ལྗང་མདོག་འཁོར་སྐྱོད་མངོན་འགྱུར་བྱུང་ནས། གྲོང་གསེབ་དང་། གྲོང་བརྡལ་ཆུང་བ། གྲོང་ཁྱེར་གྲོང་ཁུལ་བཅས་སུ་ནུས་ཁུངས་རང་གསོ་མངོན་འགྱུར་བྱས་ཐུབ་པ་དང་། གློག་དྲ་དང་རྡོ་སྣུམ། རང་བྱུང་སོལ་རླངས་སོགས་རྒྱལ་ཁབ་ནུས་ཁུངས་དྲ་བར་བརྟེན་ཚད་ཇེ་ཉུང་དུ་གཏོང་ཐུབ། འདི་ནི་རང་རྒྱལ་གྱི་ནུས་ཁུངས་མ་ལག་གི་ཉེན་འགོག་ནུས་བསྒྱུར་དང་། ནུས་ཁུངས་བདེ་འཇགས་འགན་སྲུང་བྱེད་པར་ཁྱོན་ཡོངས་རང་བཞིན་གྱི་དོན་སྙིང་ཆེན་པོ་ལྡན་ཡོད།

  གཉིས། སྐྱེ་ཁམས་ཁོར་ཡུག་གི་འགྲོ་སོང་ཁ་གསབ་བྱས་ནས། ལྗང་མདོག་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་དགོས།

  རང་རྒྱལ་གྱི་དུས་ཡུན་རིང་པོའི་སྡེབ་བཀྲམ་འཕེལ་རྒྱས་དེས་སྐྱེ་ཁམས་ཁོར་ཡུག་ལ་བཙོག་བཟོ་དང་གཏོར་བརླག་ཚབས་ཆེན་བཟོས་པ་དང་། སྐྱེ་ཁམས་ངན་འགྱུར་དང་ཁོར་ཡུག་འགྲོ་སོང་གིས་འཕེལ་རྒྱས་ཀྱི་རྒྱུན་མཐུད་རང་བཞིན་ལ་ཚོད་བགམ་ནན་མོ་བཟོས་ཡོད་པས། མི་དམངས་མང་ཚོགས་ཀྱི་བསམ་འཆར་ཧ་ཅང་ཆེ། བཙོག་བཟོ་འདི་ཚོ་རང་རྒྱལ་གྱི་ནུས་ཁུངས་འཛད་སྤྱོད་གྲུབ་ཚུལ་ལུགས་མཐུན་མིན་པ་དང་འབྲེལ་བ་ཆེན་པོ་ཡོད། རང་རྒྱལ་གྱི་ནུས་ཁུངས་འཛད་སྤྱོད་ཁྲོད། རྡོ་སོལ་གྱིས་གྲུབ་ཆ་གལ་ཆེན་བཟུང་ཡོད་པ་དང་། རྡོ་སོལ་འབར་རྗེས་དབྱང་གཉིས་མུ་ཟི་འགྱུར་རྫས་དང་། དབྱང་གཉིས་ཐཱན་རྫས། དུ་ཞག་མང་པོ་ཕྱི་འབུད་བྱས་རྗེས། རྡོ་སོལ་དུ་བ་ཅན་གྱིས་མཁའ་དབུགས་འབག་བཙོག་བཟོས་པ་རེད། དེ་ལས་གཞན། རང་རྒྱལ་གྲོང་གསེབ་ཏུ་གསོ་སྤེལ་གད་སྙིགས་གང་འདོད་དུ་འཕེན་པ་དང་། ལོ་ཏོག་གི་སོག་མ་བསྲེགས་པ་དང་འདོར་བ། བཟོ་གྲྭའི་བཙོག་ཆུ་དེ་ལས་ཆོད་དམའ་བའི་སྒོ་ནས་ཐག་གཅོད་གཏོང་བ་བཅས་ཀྱིས་ཞིང་ས་དང་། ཆུ། མཁའ་དབུགས་བཅས་ལ་བཙོག་བཟོ་ཚབས་ཆེན་བཟོས་པ་རེད། དེ་ལས་སོག་མ་བསྲེགས་པ་དེས་སྨུག་རྡུལ་ལ་ཐལ་རྡུལ་12%དང་ཏན་དབྱང་འགྱུར་རྫས་5%ཡི་“ངན་རྐྱེན་”བཞག་ཡོད་པ་རེད། སྒོ་ཟོག་གི་གཅིན་སྐྱག་གང་འདོད་དུ་ཕྱིར་འབུད་དང་ནད་ཀྱིས་ཤི་བའི་སྒོ་ཟོག་གང་འདོད་དུ་དོར་བ་དེས་ནད་འབུ་ཁྱབ་སྤེལ་བཏང་ནས་མི་དང་སྒོ་ཟོག་གི་བདེ་ཐང་ལ་གནོད་པ་བཟོས་པ་རེད།

  སྐྱེ་ཁམས་བསྐྱར་གསོ་དང་། ཁོར་ཡུག་འགྲོ་སོང་ལ་ཁ་གསབ་བྱེད་དགོས་ན། ངེས་པར་དུ་ནུས་ཁུངས་སྲིད་ཇུས་ལེགས་བཅོས་བྱེད་དགོས། འདིའི་ཁྲོད་དུ་རྡོ་སྣུམ་དང་རང་བྱུང་སོལ་རླངས་མང་པོ་ནང་འདྲེན་བྱས་ནས་རྡོ་སོལ་གྱི་ཚབ་བྱས་ཆོག རྒྱང་རིང་ལ་བལྟས་ན། སྐྱེ་ཁམས་ལེགས་བཅོས་ལ་ཕན་པ་ཡོད་ཀྱང་ནུས་ཁུངས་བདེ་འཇགས་ལ་རོགས་རམ་ཆེན་པོ་བྱས་མི་ཐུབ། སོལ་རླངས་སྒྲིག་ཆས་ལ་བཟོ་བཅོས་བྱས་པ་བརྒྱུད་ནས། བཟོ་ལས་ནུས་སྲི་སྙིགས་འཕྲི་ལ་སྐུལ་སྤེལ་བཏང་ཡང་ཆོག མིག་སྔར་བྱ་བ་འདི་ལ་འབྲས་བུ་ཅུང་ཙམ་ཐོབ་ཡོད། འོན་ཀྱང་རྒྱལ་ཡོངས་སུ་ཁྱབ་སྤེལ་གཏོང་བར་ད་དུང་དུས་ཡུན་རིང་པོར་འབད་བརྩོན་བྱེད་དགོས། རྩ་བའི་ཐོག་ནས་བཤད་ན། སླར་སྐྱེས་ནུས་ཁུངས་གཙང་མ་དང་། ལྷག་པར་དུ་སྐྱེ་དངོས་རྒྱུའི་ནུས་ཁུངས་གོང་སྤེལ་བཏང་ན། ད་གཟོད་ནུས་ཁུངས་ཟད་གྲོན་གྱིས་ཁོར་ཡུག་བཙོག་བཟོ་བྱས་པའི་གནད་དོན་རྦད་དེ་ཐག་གཅོད་གཏོང་ཐུབ།

  སྐྱེ་དངོས་རྒྱུའི་ནུས་ཁུངས་དེ་ནུངས་ཁུངས་གཙང་མ་གལ་ཆེན་ཞིག་ཡིན་པའི་ཆ་ནས། སྐྱེ་ཁམས་ཕན་འབྲས་ཧ་ཅང་མངོན་གསལ་ཡིན། ཚད་ལེན་ཞིབ་རྩིས་བྱས་པ་ལྟར་ན། སྐྱེ་དངོས་རྒྱུ་ནུས་ཁུངས་ཅན་དུ་བཀོལ་སྤྱོད་བྱས་ན། གནོད་ལྡན་དངོས་པོའི་ཕྱིར་གཏོང་ཚད་ཆེ་བའི་སྒོ་ནས་ཇེ་ཉུང་དུ་གཏོང་ཐུབ་སྟེ། རྒྱལ་ཡོངས་སུ་ལོ་རེར་དབྱང་གཉིས་ཐཱན་རྫས་ཏུན་ཁྲི་5000ལྷག་ཇེ་ཉུང་དུ་གཏོང་ཐུབ། འདི་ཡང་འཛམ་གླིང་གིས་གནམ་གཤིས་འགྱུར་ལྡོག་ལ་བཞག་པའི་བྱས་རྗེས་གལ་ཆེན་ཞིག་ཡིན། གྲོང་གསེབ་ཀྱི་རྫབ་རླངས་གོང་སྤེལ་བཏང་བ་བརྒྱུད་ནས། “གསོ་སྤེལ+རྫབ་རླངས+འདེབས་འཛུགས་”བཅས་ཀྱི་འཁོར་རྒྱུག་བཟང་པོ་ཆགས་ནས། སྐྱེ་ལྡན་རྫས་ཞིང་ནང་དུ་བཞག་ན་ལུད་རྫས་དང་ཞིང་སྨན་གྱི་བཀོལ་ཚད་25%ཇེ་ཉུང་དུ་གཏོང་ཐུབ། གལ་ཏེ་གྲོང་གསེབ་ཀྱི་སོག་མ་དང་མི་ཕྱུགས་ཀྱི་གཅིན་སྐྱག བཟའ་འཕྲོའི་གད་སྙིགས། རྫབ་ཆུའི་གད་སྙིགས། འཚོ་བའི་བཙོག་ཆུ། ཐ་ན་གྲོང་ཁྱེར་སྦུབས་ལམ་གྱི་འདམ་རྫབ་དག་སྐྱེ་ལྡན་དབྱེ་ཕྲལ་བྱས་ནས་ནུས་ཁུངས་དང་ནད་འབུ་མེད་པ། དུག་མེད་པ། གནོད་པ་མེད་པ་བཅས་ཀྱི་སྐྱེ་ལྡན་ལུད་རྫས་ཞིང་ནང་དུ་གཏོར་ན། ལུད་རྫས་བཀོལ་ཚད་ཚད་ཆེ་བའི་སྒོ་ནས་ཇེ་ཉུང་དུ་གཏོང་ཐུབ་པ་དང་། ཞིང་ས་ལེགས་བཅོས་བྱས་ཐུབ་པ་མ་ཟད། སྤྱི་ལ་ཕན་པའི་ལྗང་མདོག་ཞིང་ལས་ཐོན་རྫས་མཁོ་འདོན་བྱས་ཐུབ། མིག་སྔར། རང་རྒྱལ་གྱི་གྲོང་གསེབ་ཏུ་ལོ་རེར་ལུད་རྫས་ཏུན་ཁྲི་5000ལྷག་བཀོལ་སྤྱོད་བྱེད་པ་དང་། རྡོ་སོལ་དང་སྣུམ། གློག་ཤུགས་ཐོན་ཁུངས་བཅས་འཛད་སྤྱོད་བྱེད་པའི་དུས་མཉམ་དུ། ཞིང་ས་སྨྱག་ས་ཚི་སྐམ་དང་། སྐྱུར་འགྱུར། ས་རྒྱུ་གཤིན་ཚད་མར་འགྲིབ་པ། ཞིང་ཁུལ་སྦགས་བཙོག ཆུ་དེ་འཚོ་བཅུད་འཛོམས་པོར་འགྱུར་བ་རེད། སྐྱེ་དངོས་རྒྱུའི་ནུས་ཁུངས་འཕེལ་རྒྱས་ཤུགས་ཆེར་བཏང་ན། ཁོར་ཡུག་འགྲོ་སོང་གི་གནས་བབས་ཁག་པོ་དེ་རྩ་བའི་ཐོག་ནས་བསྒྱུར་བར་ཕན་པ་ཡོད། འདས་ཟིན་པའི་འབག་བཙོག་གི་ལྡོག་ཕྱོགས་ཀྱི་རྒྱུ་རྐྱེན་དང་། ལྡོག་ཕྱོགས་ཀྱི་མ་རྩ་ཡོ་བསྲང་བྱས་ནས། མིའི་རིགས་ཀྱི་ནུས་ཁུངས་བཀོལ་སྤྱོད་དེ་ཡང་བསྐྱར་རང་བྱུང་ཁམས་ཆེན་མོའི་པང་དུ་ལོག་དགོས་པ་དང་། སྐྱེ་ཁམས་འཁོར་རྒྱུག་གི་དྲང་ཕྱོགས་ཀྱི་རྒྱུ་རྐྱེན་དང་དྲང་ཕྱོགས་ཀྱི་མ་རྩ་བསྒྱུར་ནས། རི་སྔོ་ཆུ་དྭངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་དགོས།

  གསུམ། གྲོང་གསེབ་ཀྱི་འཚོ་བ་ལེགས་བཅོས་བྱས་ནས། གྲོང་གསེབ་དང་གྲོང་བརྡལ་གོང་བུར་གཅིག་འདྲིལ་ཡོང་བར་སྐུལ་འདེད་གཏོང་དགོས།

  འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་འགྲུབ་བྱ་བའི་དམིགས་ཡུལ་མངོན་འགྱུར་བྱེད་དགོས་ན། མི་འདང་ས་དེ་གྲོང་གསེབ་དང་། ལྷག་པར་དུ་དབུལ་ཕོངས་ས་ཁུལ་དུ་གནས་ཡོད། གྲོང་གསེབ་ཏུ་འབྱོར་འབྲིང་ཁྱོན་ཡོངས་ནས་མངོན་འགྱུར་བྱེད་དགོས་ན། གྲོང་གསེབ་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་དང་། གྲོང་མིའི་ཆུ་དང་གློག རླངས་པ་བཅས་ཀྱི་བཀོལ་སྤྱོད་གནད་དོན་ཐག་གཅོད་གཏོང་རྒྱུ་ནི་གཞི་རྩའི་འགན་འཁྲི་ཞིག་ཡིན། མིག་སྔར། རང་རྒྱལ་གྲོང་གསེབ་ཏུ་མི་རེའི་ཆ་སྙོམས་ཀྱི་ནུས་ཁུངས་འཛད་སྤྱོད་ཆུ་ཚད་དམའ་བ་དང་། ནུས་ཁུངས་སྤུས་ལེགས་ཀྱི་བསྡུར་ཚད་དམའ། གྲོང་གསེབ་གསར་པ་འཛུགས་སྐྲུན་དང་གྲོང་བརྡལ་ཅན་གསར་པ་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་པ་དང་བསྟུན་ནས། གྲོང་གསེབ་ཀྱི་ནུས་ཁུངས་དགོས་མཁོ་མངོན་གསལ་དུ་ཇེ་མཐོར་འགྲོ་བ་རེད། གྲོང་གསེབ་ཀྱི་སྐྱེ་དངོས་རྒྱུའི་ནུས་ཁུངས་མགྱོགས་མྱུར་ངང་གསར་སྤེལ་བྱས་ནས། གད་སྙིགས་རིན་ཆེན་དུ་བསྒྱུར་བ་དང་། གནོད་འཚེ་ཕན་པར་བསྒྱུར་བ་མངོན་འགྱུར་བྱུང་ན། གད་སྙིགས་འབག་བཙོག་ཇེ་ཉུང་དུ་གཏོང་བ་དང་གྲོང་གསེབ་ཀྱི་ཁོར་ཡུག་ཇེ་ཡག་ཏུ་གཏོང་བར་ཕན་པ་མ་ཟད། ད་དུང་ཡུལ་བབས་དང་བསྟུན་ཐུབ་ལ། དུས་ཐོག་ཏུ་གྲོང་མིའི་ནུས་ཁུངས་བཀོལ་བའི་གནད་དོན་ཐག་གཅོད་གཏོང་ཐུབ། སླར་སྐྱེས་ནུས་ཁུངས་དེ་གྲོང་གསེབ་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་སུ་བསྒྱུར་ན། ད་དུང་ཞིང་ལས་ཐོན་ལས་ཀྱི་ལྕགས་ཐག་ཇེ་རིང་དང་གྲོང་གསེབ་ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱེད་པ། སྐྱེ་ཁམས་ཞིང་ལས་གོང་སྤེལ་ལ་སྐུལ་འདེད་གཏོང་བ། ཞིང་ལས་བདག་གཉེར་ཕན་ཁེ་ཇེ་མཐོར་གཏོང་བ། གྲོང་གསེབ་ཀྱི་ལས་ཞུགས་ཆུ་ཚད་རྒྱ་ཆེར་བཅས་བཏང་ནས། ཞིང་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་རིམ་འགྱུར་འབྱུང་བར་སྐུལ་འདེད་གཏོང་ཐུབ།

  གཞན་ཡང་། གྲོང་གསེབ་ཀྱི་སྐྱེ་དངོས་རྒྱུའི་ནུས་ཁུངས་གསར་སྤེལ་བྱས་ན། ད་དུང་མ་རྩ་གཏོང་བར་སྐུལ་སྤེལ་དང་། སྤྱི་ཚོགས་ཀྱི་མ་རྩ་འཐེན་ནས་གྲོང་གསེབ་འཛུགས་སྐྲུན་ནང་དུ་ཞུགས་ཏེ། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཐོག་གི་འགྲོ་སོང་ཇེ་མང་དུ་གཏོང་ཐུབ། མིག་སྔར། པེ་ཅིན་བདེ་ཆིང་ཡོན་ཀུང་སི་ཡིས་ཡན་ཆིང་གི་ཚོད་ལྟ་བྱེད་ཁུལ་དུ་སོག་མ་ནུས་ཁུངས་ཅན་དུ་བསྒྱུར་ནས། དཔལ་འབྱོར་ཕན་ཁེ་དང་སྐྱེ་ཁམས་ཕན་ཁེ། སྤྱི་ཚོགས་ཕན་ཁེ་བཅས་ཅུང་ལེགས་པོ་ཐོབ་ཡོད། མུའུ་1གི་སོག་མས་ཕལ་ཆེར་རྫབ་རླངས་གཙང་མ་སྨི་ལྷམ་པ་46དང་། སྐྱེ་ལྡན་ལུད་རྫས་སྤྱི་རྒྱ་250ཐོན་སྐྱེད་བྱས་ཐུབ་པ་དང་། བཙོག་དངོས་སྤྱི་རྒྱ་26ཇེ་ཉུང་དུ་གཏོང་ཐུབ། གལ་ཏེ་དཔེ་དབྱིབས་འདི་རྒྱལ་ཡོངས་སུ་ཁྱབ་སྤེལ་བཏང་ན། ལོ་རེར་སོག་མ་ཏུན་དུང་ཕྱུར་3.28ཐག་གཅོད་ཐུབ་པ་དང་། སྤྱིའི་མ་དངུལ་སྒོ་དུང་ཕྱུར་ཁྲི་2.9སྐུལ་ཁྲིད་བྱས་ཐུབ། དེ་ལས་སྐྱེ་དངོས་རྒྱུ་རང་བྱུང་སོལ་རླངས་བཟོ་སྐྲུན་ལ་སྒོར་དུང་ཕྱུར་ཁྲི་1.7གྱི་མ་དངུལ་གཏོང་བ་དང་། གྲོང་གསེབ་རིམ་པའི་རང་བྱུང་སོལ་རླངས་ཀྱི་སྦུབས་ལམ་འཛུགས་སྐྲུན་ལ་སྒོར་དུང་ཕྱུར་ཁྲི་1.2ཀྱི་མ་དངུལ་བཏང་བ་རེད། འདི་ནི་དེང་སྐབས་དཔལ་འབྱོར་མར་འགྲིབ་པའི་གནོན་ཤུགས་ཅུང་ཆེ་བའི་གནས་ཚུལ་འོག་ཏུ། ནུས་པ་ཆེ་བའི་མ་དངུལ་གཏོང་ཡུལ་གསར་པ་སྔོག་འདོན་བྱེད་པར་དོན་སྙིང་བཟང་པོ་ལྡན་ཡོད་པས། དེང་སྐབས་གཏན་འཇགས་ཐུབ་ལ། རྒྱང་རིང་ལ་ཡང་ཕན་ཐོགས་ཐུབ་ཅེས་བཤད་ཆོག

  བཞི། ཚན་རིག་ལག་རྩལ་མགྱོགས་མྱུར་ངང་ཡར་ཐོན་བཏང་ནས། ལག་རྩལ་གྱི་མཐོ་གནོན་བཙན་ས་བཟུང་དགོས།

  ནུས་ཁུངས་གསར་པ་གོང་སྤེལ་གཏོང་རྒྱུ་ནི་སྐབས་གསར་པའི་བཟོ་ལས་གསར་བརྗེའི་ཁ་ཕྱོགས་གལ་ཆེན་དང་གཏོར་སའི་ཁ་ཤོ་ཡིན། ནུས་ཁུངས་གསར་པ་གསར་སྤེལ་དང་བཀོལ་སྤྱོད་བྱེད་པའི་ལག་རྩལ་ཆུ་ཚད་སྟེང་ནས་བཤད་ན། རང་རྒྱལ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་གཉིས་ཀྱི་རྒྱུགས་འགོ་འཛུགས་ས་ཕལ་ཆེར་མཉམ་དུ་གནས་ཡོད། སུས་གོ་སྐབས་གནད་འགག་དམ་འཛིན་བྱས་ན། དེས་འཕེལ་རྒྱས་ཀྱི་རང་འགུལ་དམ་འཛིན་བྱས་ཐུབ་པ་རེད། ལོ་འདི་འགའི་རིང་ལ། རང་རྒྱལ་གྱི་ཉི་མའི་ནུས་པ་དང་། རླུང་ནུས་སོགས་ནུས་ཁུངས་གསར་པ་གསར་སྤེལ་དང་བཀོལ་སྤྱོད་བྱེད་པའི་ལག་རྩལ་མུ་མཐུད་ནས་ཇེ་མཐོར་སོང་བ་དང་། འགའ་ཤས་རྒྱལ་སྤྱིའི་ཆུ་ཚད་ལས་ལེགས་པོ་ཡོང་ཡོད། སྐྱེ་དངོས་རྒྱུའི་ནུས་ཁུངས་ཀྱི་ཁྱབ་ཁོངས་ཁྲོད་དུ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྫབ་རླངས་ལག་རྩལ་སྔར་བས་ཇེ་མཐོར་སོང་ཡོད་པ་དང་། ཕྱི་གཏོང་ནང་འདྲེན་གྱི་བཟོ་སྐྲུན་རྒྱུ་ཆ་མགྱོགས་མྱུར་ངང་ཁྱབ་གདལ་དུ་སོང་ཡོད། ལག་རྩལ་གནད་འགག་ཁ་ཤས་ཟིན་ཐོ་ལས་བརྒལ་ཡོད་པ་མ་ཟད་ཐོན་ལས་ཅན་དུ་འགྱུར་བ་མངོན་འགྱུར་བྱུང་ཡོད། དེ་ལས་གཞན། སྐྱེ་དངོས་ཚན་རིག་ལག་རྩལ་གྱི་ཁྱབ་ཁོངས་སུ་ཡང་གྲུབ་འབྲས་གསར་པ་ཐོབ་ཡོད། དཔེར་ན། སྐྱེ་དངོས་རྨང་ཝུའུ་ཨའ་ཨན་གཉིས་ལག་རྩལ་གྱིས། སྐྱེ་དངོས་རྒྱུ་ཡིས་རྡོ་སྣུམ་མཉམ་སྦྱོར་གྱི་སྐྱེ་དངོས་དཔེ་འགྲེའི་རྒྱུ་ཆ་ཅུས་ཞན་ཨན་56ཚབ་བྱས་ནས་ དབྱང་གཉིས་ཐཱན་རྫས་ཀྱི་ཕྱིར་གཏོང་ཚད་ཧ་ཅང་ཇེ་ཉུང་དུ་སོང་བ་མ་ཟད། རྒྱུ་ཆར་འདུས་ཚད་དམའ་བ་དང་ལྡེམ་ཤུགས་བསྐྱར་གསོ་བྱེད་ཚད་མཐོ་བ། ངོ་བོ་འབར་འགོག་སོགས་ཀྱི་ལེགས་ཆ་ལྡན་ཡོད་པ་དང་། རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཆ་ཚང་ལྡན་ཡོད། ཡང་དཔེར་ན། ཧྥོ་ཅི་ཉི་ཡ་རྩིས་ཚན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཀྲང་དབྱི་ཧེང་གིས་ལུས་ཕྱིའི་འདྲེས་གྲུབ་ཀྱི་སྐྱེ་དངོས་མ་ལག་ལག་རྩལ་བཀོལ་ནས། མ་རྨོས་ལོ་ཏོག་ནང་གི་རྒུན་འབྲུམ་མངར་ཆ་དང་ཤིང་གི་མངར་ཆ་གཉིས་ཆིང་རླུང་དུ་བསྒྱུར་བ་དང་། ཐོན་ཚད་ཆེས་ཆེ་ཤོས་སུ་གྱུར་ཡོད། མ་འོངས་པར། སྐྱེ་དངོས་ཀྱི་ནུས་ཁུངས་གསར་སྤེལ་དང་བཀོལ་སྤྱོད་ཀྱིས་ལག་རྩལ་གལ་ཆེན་ཁ་ཤས་ཐོག་སྔར་ལས་ལྷག་པའི་ཐོད་བརྒལ་འབྱུང་དུ་འཇུག་དགོས། དཔེར་ན། སྐྱེ་དངོས་ཀྱི་བསྐྱུར་བསྙལ་ལས་ཆོས་མཐོར་འདེགས་ཐུབ་མིན་དང་། ཡང་དུ་མཐོར་འདེགས་གཏོང་ཐུབ་མིན། བཟོ་སྐྲུན་ཕན་ནུས་ཆེ་བའི་འགྱུར་འདེད་མྰེ་བརྒྱུད་ནས། སྐྱེ་དངོས་རྒྱུའི་མ་བཅོས་རྒྱུ་ཆའི་ནང་གི་ཚི་སྣའི་རྫས་དང་ཤིང་རྒྱུ་རྫས་གཉིས་ཅི་ཐུབ་སྒོས་ཅྰ་ཝན་དང་ཆིང་རླུང་དུ་བསྒྱུར་དགོས། སྐྱེ་དངོས་ཀྱི་འོད་སྦྱོར་ནུས་པ་བསྒྱུར་ཚད་མཐོར་འདེགས་གཏོང་ཐུབ་མིན་དེ། སྐྱེ་དངོས་ཀྱི་རྒྱུད་རྒྱུ་ལེགས་བཅོས་བྱས་པ་བརྒྱུད་ནས། འོད་སྦྱོར་ནུས་པའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་དགོས་པ་དང་། དབྱང་གཉིས་ཐཱན་རྫས་ལྡབ་འགྱུར་གྱིས་བསྡུ་ལེན་བྱས་ནས། ས་སྟེང་དུ་“ནུས་ཁུངས་འདེབས་རྒྱུ་”མངོན་འགྱུར་བྱེད་དགོས། སྐྱེ་དངོས་རྒྱུའི་མ་བཅོས་རྒྱུ་ཆའི་ཡོང་ཁུངས་རྒྱ་ཆེར་གཏོང་ཐུབ་མིན་དེ། སྐྱེ་ཚད་མགྱོགས་པའི་སྐྱེ་དངོས་དང་འཚོ་བའི་གད་སྙིགས་དང་མི་ཕྱུགས་ཀྱི་གཅིན་སྐྱག གྲོང་ཁྱེར་གྱི་བཙོག་ཆུ་དང་ཁྱེར་བསགས་བྱེ་འདམ་སོགས་སྐྱེ་ལྡན་རྫས་ཡོད་ཚད་དེ་ནུས་ཁུངས་ཀྱི་མ་བཅོས་རྒྱུ་ཆར་བླངས་ཆོག་པའི་ཆ་རྐྱེན་ལྡན། ལྗང་མདོག་སྐྱེ་ཁམས་དང་ནུས་སྲི་སྙིགས་འཕྲིའི་སྟེང་དུ་“ཀླད་ཀོར་བཞི་”ཡི་དམིགས་ཡུལ་མངོན་འགྱུར་བྱེད་དགོས་ཏེ། གཅིག་ནི་འབག་བཙོག་གི་ཕྱིར་གཏོང་རྒྱུ་ཀླད་གོར་ཡིན་པ་དང་། གཉིས་ནི་ཆུའི་ཐོན་ཁུངས་ཀྱི་ཕྱིར་གཏོང་རྒྱུ་ཀླད་ཀོར་ཡིན་པ། གསུམ་ནི་དྲོད་སྲུང་ནུས་ཚད་ཟད་པ་ཀླད་ཀོར་ཡིན་པ། བཞི་ནི་ཉིན་དཀར་གློག་ཞུ་སྤར་བ་ཀླད་ཀོར་ཡིན་པ་དང་བཅས་བཞིའོ། །

  མདོར་ན། རང་རྒྱལ་གྱི་སྐྱེ་དངོས་རྒྱུའི་ནུས་ཁུངས་འཐབ་ཇུས་འཕེལ་རྒྱས་གཏོང་བ་ལ་དོན་སྙིང་གལ་ཆེན་ལྡན་པ་དང་། ཆ་རྐྱེན་གཞི་རྩའི་ཐོག་ནས་འཛོམས་ཡོད་ལ། འཕེལ་རྒྱས་ཀྱི་བར་སྟོང་ཧ་ཅང་རྒྱ་ཆེ། མིག་སྔར། ང་ཚོར་འཕྲད་ཡོད་པ་ནི་ལག་རྩལ་དང་མ་དངུལ་གྱི་གནད་དོན་མིན་པར། གནད་འགག་ནི་ངོས་འཛིན་གྱི་གནད་དོན་ཡིན། འབྲེལ་ཡོད་སྡེ་ཁག་གིས་ལས་ཀ་འདི་གཙིགས་སུ་བཟུང་ནས། སྐྱེ་དངོས་རྒྱུའི་ནུས་ཁུངས་གོང་སྤེལ་གཏོང་རྒྱུ་དེ་རྗེས་ཕྱོགས་ཀྱི་འཐབ་ཇུས་ཁ་ཕྱོགས་གལ་ཆེན་ཞིག་ཏུ་འཇོག་དགོས་པ་དང་། “ལོ་ལྔ་ཚན་བཅུ་གསུམ་”གྱི་དུས་སྐབས་ནང་དམིགས་ཡུལ་འགའ་གཏན་འཁེལ་བྱས་ནས། སྐུལ་སློང་ལམ་སྲོལ་འཛུགས་སྐྲུན་དང་འཐུས་ཚང་གཏོང་བ་དང་། མ་དངུལ་དང་ཁྲལ་བསྡུ། ཁ་གསབ་རོགས་དངུལ་སོགས་ཀྱི་ཕྱོགས་ནས་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་དང་གློག་འདོན་གློག་རིན། ལས་གཞི་གལ་ཆེན། དཔེ་སྟོན་ཁུལ་འཛུགས་སྐྲུན་བཅས་དང་བཟོ་སྐྲུན་དུས་མཇུག་གི་སྲུང་སྐྱོབ་བཅས་ལ་རྒྱབ་སྐྱོར་བྱེད་དགོས། ཁྲིམས་སྐྱོང་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། ཚོང་རའི་འཇུག་འཐུས་ཇེ་ལྷོད་དུ་གཏོང་བ། དམིགས་བསལ་གཉེར་སྐྱོང་བྱེད་དབང་གི་ཚོང་ར་དག་ཐེར་བྱེད་པ། འོད་ཤུགས་གློག་དྲར་འཇུག་པར་རྒྱབ་སྐྱོར་བྱེད་པ། སྐྱེ་དངོས་རང་བྱུང་སོལ་རླངས་དེ་རང་བྱུང་སོལ་རླངས་ཀྱི་སྦུབས་དྲ་དང་རླངས་འཁོར་གྱི་འབར་རླངས་ཁྱབ་ཁོངས་སུ་འཇུག་པ་བཅས་བྱས་ནས། རྒྱལ་ཡོངས་རང་བཞིན་གྱི་ཚོང་རས་སླར་སྐྱེས་དང་སྐྱེ་དངོས་ཀྱི་ནུས་ཁུངས་ཁྱབ་གདལ་གཏོང་བར་རྒྱབ་སྐྱོར་བྱེད་དགོས། འགག་རྩའི་ཁྱབ་ཁོངས་ཀྱི་ལག་རྩལ་མགྱོགས་མྱུར་ངང་འགག་སྒྲོལ་བྱེད་དགོས་པ་དང་། ཇུས་གཞི་དམིགས་སུ་བཀར་བ། ཐོན་ཁུངས་སྡེབ་སྒྲིག་བྱེད་པ། གཅིག་བསྡུས་སྒོས་དཔེ་དབྱིབས་བཟང་བོ་རྒྱ་ཆེར་སྤེལ་དགོས། མ་རྩ་འཇོག་པ་དང་མ་རྩ་བསྡུ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ་དང་། སྲིད་གཞུང་དང་། ཁེ་ལས། དངུལ་རྩའི་ལས་ཁུངས། ཁྱིམ་ཚང་གི་ཞིང་ར་སོགས་མང་བོ་ཚབ་ཞུགས་བྱེད་ལ། ཚང་མར་ཁེ་ཕན་རེག་ཐུབ་པའི་ཚོང་ར་ཅན་གྱི་འཁོར་རྒྱུག་མ་ལག་འཛུགས་ནས། སྐྱེ་དངོས་རྒྱུའི་ནུས་ཁུངས་གསར་སྤེལ་དང་བཀོལ་སྤྱོད་བྱེད་པའི་ཐོན་ལས་ཅན་གྱི་ཆུ་ཚད་རིམ་གྱིས་ཇེ་མཐོར་བཏང་སྟེ། རང་རྒྱལ་གྱི་ནུས་ཁུངས་དང་སྐྱེ་ཁམས་བདེ་འཇགས་ལ་འགལ་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས།

  ཚེ་རིང་བྱམས་ཀྱིས་བསྒྱུར།