མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྱོང་བྱེད་དགོས།

  དོན་འགྲུབ་དབང་འབུམ།

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོར་ཤུགས་སྣོན་རྒྱག་པར། ཕུགས་དང་རྩ་བ་ནི་རིག་གནས་ཀྱི་དང་ལེན་ཆེ་རུ་གཏོང་བ་དང་། མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྱོང་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་འདུ་ཤེས་གསོ་སྐྱོང་ལེགས་པོ་བྱེད་པ་བཅས་ལ་རག་ལས་ཡོད། རིག་གནས་ཀྱི་དང་ལེན་ནི་ཆེས་གཏིང་རིམ་གྱི་དང་ལེན་ཡིན་ལ། མི་རིགས་མཐུན་སྒྲིལ་གྱི་རྩ་བ་དང་མི་རིགས་འཆམ་མཐུན་གྱི་བླ་སྲོག་ཀྱང་ཡིན།” འདི་ནི་ཧ་ཅང་གལ་ཆེ་བའི་བརྗོད་གཞི་ཞིག་ཡིན་ལ། དེང་ནས་ངེས་པར་ཐག་གཅོད་བྱེད་དགོས་པའི་གནད་དོན་ཞིག་ཀྱང་ཡིན། མི་རིགས་མཐུན་སྒྲིལ་གྱི་“རྩ་བ་”དང་“བླ་སྲོག་”དམ་པོར་འཛིན་པ་དང་། མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཆགས་སུ་བཅུག་ན། ད་གཟོད་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ཟམ་མི་ཆད་པར་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་ཐུབ།

  གཅིག ཀྲུང་ཧྭའི་རིག་གནས་ཏེ་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཆགས་པའི་ལྟེ་བའི་གོ་དོན་ལ་ཚན་རིག་དང་མཐུན་པའི་ཤེས་རྟོགས་བྱེད་དགོས།

  ཀྲུང་གོ་ནི་མི་རིགས་མང་བའི་ཀྲུང་གོ་ཞིག་ཡིན་པ་དང་། ཀྲུང་གོའི་ལོ་རྒྱུས་ཀྱི་འཕེལ་རིམ་ནི་མི་རིགས་ཁག་གོང་འཕེལ་དུ་འགྲོ་བ་དང་མི་རིགས་བར་ཕན་ཚུན་སྤེལ་རེས་དང་གདོང་ཐུག་དང་། ཕན་ཚུན་བསྡུ་ལེན་དང་དང་ལེན་བྱེད་པའི་ཐུན་མོང་གི་འཕེལ་རིམ་ཞིག་ཡིན། ཀྲུང་གོ་ནི་མི་རིགས་ཀྱི་རིག་གནས་མང་བའི་ཀྲུང་གོ་ཞིག་ཡིན་པ་དང་། ཀྲུང་ཧྭའི་རིག་གནས་ཀྱི་འཕེལ་རིམ་ནི་མི་རིགས་མང་པོའི་རིག་གནས་གོང་འཕེལ་དུ་འགྲོ་བ་དང་མི་རིགས་ཁག་གི་རིག་གནས་ཕན་ཚུན་ཤུགས་རྐྱེན་ཐེབས་པ་དང་ཕན་ཚུན་བསྡུ་ལེན་བྱེད་པའི་ཐུན་མོང་གི་འཕེལ་རིམ་ཞིག་ཡིན། ཀྲུང་གོ་ནི་ས་ཁོངས་ཀྱི་རིག་གནས་མང་བའི་ཀྲུང་གོ་ཞིག་ཡིན་པ་དང་། ས་ཁོངས་ཀྱི་རིག་གནས་ཁ་ཤས་ལ་མ་གཞི་ནས་མི་རིགས་རིག་གནས་ཀྱི་རྐང་ཚུགས་ཡོད། ཀྲུང་གོའི་ས་ཁོངས་རིག་གནས་ཀྱི་འཕེལ་རིམ་ནི་ས་ཁོངས་ཀྱི་རིག་གནས་སོ་སོ་གོང་འཕེལ་དུ་འགྲོ་བ་དང་མི་འདྲ་བའི་ས་ཁོངས་རིག་གནས་ཕན་ཚུན་དཔྱད་གཞིར་འཛིན་པ་དང་ཕན་ཚུན་རོགས་འདེགས་བྱེད་པའི་ཐུན་མོང་གི་འཕེལ་རིམ་ཞིག་ཡིན།

  ཀྲུང་ཧྭའི་རིག་གནས་ཀྱི་སྤྱིའི་མ་ལག་ནང་། མི་རིགས་སོ་སོའི་རིག་གནས་ཀྱི་མ་ལག་དང་ས་ཁོངས་ཀྱི་རིག་གནས་མ་ལག་གཉིས་ཕན་ཚུན་འབྲེལ་བ་དང་ཕན་ཚུན་ནུས་པ་ཐོན་རེས་ཀྱིས་དགེ་མཚན་སྟོང་དང་ལྡན་ཞིང་མཚར་སྡུག་འོད་སྟོང་འབར་ལ། རྣམ་པ་བཀྲ་ཞིང་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་འཛམ་གླིང་ཆེན་མོ་ཞིག་ཆགས་ཡོད། ལོ་ངོ་སྟོང་ཕྲག་ལྔའི་རིང་གི་འབྲེལ་འདྲིས་དང་གོང་འཕེལ་བརྒྱུད་ནས། ཀྲུང་གོའི་མི་རིགས་སོ་སོ་དང་ས་ཁུལ་སོ་སོའི་རིག་གནས་དག་ནི། དངོས་པོའི་རིག་གནས་ཕྱོགས་སུ་མཉམ་འདྲེས་སྔར་བས་མང་བ་དང་། ལམ་ལུགས་རིག་གནས་ཕྱོགས་སུ་གཅིག་གྱུར་སྔར་བས་མང་བ། བསམ་བློའི་རིག་གནས་ཕྱོགས་སུ་རྒྱུས་མངའ་དང་མཐུན་སྦྱོར་སྔར་བས་མང་བ་བཅས་བྱུང་ཡོད། མ་ལག་གང་དེར་སོ་སོ་རང་གི་ཁྱད་ཆོས་ཡོད་དེ། མི་རིགས་མི་འདྲ་བ་སོ་སོའི་རིག་གནས་ལ་བལྟས་ན། རིག་གནས་འདི་དག་ལོ་ངོ་སྟོང་ཕྲག་འགའི་ཤེས་རིག་དར་འཕེལ་གྱི་དུས་རིམ་བརྒྱུད་དེ་སོ་སོ་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་རྒྱུ་ཁྱད་པར་ཅན་ཆགས་པ་དང་། མི་འདྲ་བའི་མི་རིགས་དང་ མི་འདྲ་བའི་ས་ཁོངས། མི་འདྲ་བའི་སྐད་བརྡ། མི་འདྲ་བའི་ཡི་གེ མི་འདྲ་བའི་རྩོམ་རིག མི་འདྲ་བའི་རོལ་དབྱངས། མི་འདྲ་བའི་བྲོ་གར། མི་འདྲ་བའི་མཛེས་རྩལ་ལ་སོགས་པ་སྟེ། བར་ཁྱད་དང་དབྱེ་བ། རྟགས་མཚན། ཁྱད་ཆོས་འདི་དག་གིས་ཀྲུང་ཧྭ་མི་རིགས་ཀྱི་འབྱམས་ཀླས་པ་དང་ཟླ་མེད་པའི་རིག་གནས་ཀྱི་རྣམ་པ་དང་། རིག་གནས་ཀྱི་ནོམ་པ། རིག་གནས་ཀྱི་ཐོན་ཁུངས་བཅས་ཆགས་པ་ནི། རིན་ཆེན་དང་པོ་གསེར་ལྟར་རིན་ཐང་ཆེ་ལ། ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་བྱེད་པ་དང་། ཀྲུང་གོའི་ཤེས་རིག་ཟམ་མི་ཆད་པར་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་བྱེད་ཀྱིན་ཡོད།

  ཀྲུང་གོའི་ལོ་ངོ་སྟོང་ཕྲག་ལྔ་ནི་མི་རིགས་ཁག་ཀྲུང་ཧྭའི་ས་གཞི་ཆེན་པོའི་ཐོག་མཉམ་དུ་གནས་པའི་ལོ་ངོ་སྟོང་ཕྲག་ལྔ་ཡིན་པ་དང་། དེའི་རིང་མི་རིགས་ཁག་བར་འགྲན་རྩོད་དང་འཐབ་རྩོད་བྱས་ཏེ། དར་རྒུད་བྱུང་བ་རང་བཞིན་གྱི་ཆོས་ཉིད་དུ་གྲུབ་མོད་ཀྱི། གཙོ་རྒྱུགས་ནི་ནམ་ཡང་སྤེལ་རེས་དང་འབྲེལ་འདྲིས་དང་མིག་ལྟོས་བསྡུ་ལེན། སོ་སྲུང་རོགས་རེས། མཉམ་གནས་མཉམ་དར་བཅས་ཡིན། ཀྲུང་ཧྭའི་ས་གཞི་ཆེན་པོ་ཐོག་གི་ཐུན་མོང་གི་བདག་པོ་ཡིན་པའི་ཐད་དུ། ཀྲུང་ཧྭའི་ས་གཞི་ཆེན་པོ་ཉིད་ཀྲུང་གོའི་མི་རིགས་ཁག་གི་ཐུན་མོང་གི་ཁྱིམ་གཞིས་སུ་གྱུར་ཅིང་། ལོ་ངོ་སྟོང་ཕྲག་འགའི་རིང་འཛུགས་སྐྲུན་བྱས་ཏེ། ང་ཚོས་ཀྲུང་གོའི་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྱོང་བྱེད་པའི་རྩ་བའི་དངོས་པོའི་རྨང་གཞིར་གྱུར་ཡོད།

  མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྱོང་བྱེད་པར་ལྟ་བ་གསལ་འཛིན་བྱེད་དགོས་ཏེ། དེ་ནི་རང་ཡོན་རང་གཅེས་ཞེས་པ་སྟེ། མི་རིགས་རེ་རེའི་རིག་གནས་ལ་བརྩི་བཀུར་བྱེད་རྒྱུ་དེའོ།། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “མི་རིགས་གང་དེར་སོ་སོའི་རིག་གནས་དང་ལེན་བྱེད་དུ་མི་འཇུག་པ་ནི་མི་འགྲིག” ཅེས་པ་དང་། “གྲངས་ཉུང་མི་རིགས་ཀྱི་རིག་གནས་རྗེས་ལུས་སུ་འདོད་པ་དང་། མཐོང་ཆུང་བྱེད་པ་དང་ཐ་ན་དེ་མུར་བཞག་ནས་རང་བཞིན་གྱིས་འཇིག་པར་བྱེད་པའི་ལྟ་ཚུལ་འཛིན་པ་ནི་ནོར་འཁྲུལ་ཡིན།” ཞེས་པའོ།། གཞན་ཡོན་སྙིང་ཚིམ་བྱེད་དགོས་ན། “སོ་ལྟ་རོགས་རེས་”དང་“ཕན་ཚུན་བརྩི་བཀུར་དང་། ཕན་ཚུན་སེམས་ཁུར། ཕན་ཚུན་སློབ་སྦྱོང་། ཕན་ཚུན་རྒྱབ་སྐྱོར་”བཅས་བྱེད་དགོས། ཡོན་ཐོག་ཡོན་བརྩེགས་བྱེད་དགོས་ན། “ཀྲུང་ཧྭའི་རིག་གནས་དང་ལེན་བྱེད་པ་དང་མི་རིགས་རང་གི་རིག་གནས་དང་ལེན་བྱེད་པ་གཉིས་མཉམ་དུ་གསོ་སྐྱོང་བྱེད་པ་ལས་འགལ་འདུ་ལྟག་སྤྲོད་བྱས་མི་ཉན།” གསར་བརྗེའི་རང་བཞིན་གྱི་ངེས་ཤེས་འདི་རིགས་ཁོ་ནས་ད་གཟོད་གསར་བརྗེའི་རང་བཞིན་གྱི་ཐུན་མོང་གི་ངེས་ཤེས་ཆགས་ཐུབ་ལ། གསར་བརྗེའི་རང་བཞིན་གྱི་ཐུན་མོང་གི་ངེས་ཤེས་འདི་རིགས་ཆགས་པ་ཁོ་ནས་ང་ཚོས་ད་གཟོད་གསར་བརྗེའི་རང་བཞིན་གྱིས་ཀྲུང་གོའི་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྱོང་བྱས་ཐུབ། ཀྲུང་ཧྭའི་རིག་གནས་ཀྱི་འདྲ་ས་ནི་“མི་རིགས་སོ་སོའི་རིག་གནས་ཀྱི་དགེ་མཚན་ཕྱོགས་བསྡུས་སུ་ཆགས་པ་”དེ་ཡིན། མི་རིགས་གང་དེར་སོ་སོ་རང་གི་རིག་གནས་དང་སྲོལ་རྒྱུན་ཡོད་པ་དང་། རིག་གནས་དང་ལེན་ཞེས་པ་དེའང་མི་རིགས་རང་གི་རིག་གནས་ནས་འགོ་རྩོམ་དགོས་ཀྱི། མི་རིགས་རང་གི་རིག་གནས་དང་ལེན་མི་བྱས་ན། ཀྲུང་ཧྭའི་རིག་གནས་དང་ལེན་བྱེད་པ་ཞིག་ག་ལ་སྲིད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་དོན། “མི་རིགས་སོ་སོའི་མི་དམངས་ལ་ཡང་དང་བསྐྱར་དུ་བཤད་དགོས་པ་ནི། མི་རིགས་སོ་སོ་ཚང་མས་ཀྲུང་ཧྭའི་རིག་གནས་ཆགས་པ་དང་གོང་འཕེལ་དུ་འགྲོ་བའི་ཐད་བྱས་རྗེས་བཞག་ཡོད་ཅིང་། མི་རིགས་སོ་སོས་ཕན་ཚུན་ལ་དགའ་མགུ་དང་སློབ་སྦྱོང་བྱེད་དགོས། རྒྱའི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་དང་འདྲ་མཚུངས་སུ་བརྩི་ལ་གྲངས་ཉུང་མི་རིགས་ཀྱི་རིག་གནས་སྣང་མེད་དུ་སྐྱུར་བ་དང་། རང་མི་རིགས་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་དང་ལོགས་སུ་དགར་ཅིང་ཀྲུང་ཧྭའི་རིག་གནས་དང་ལེན་མི་བྱེད་པ་བཅས་ཚང་མ་མི་འགྲིག་སྟེ། མཐའ་གཅིག་ཏུ་ཁྱད་གསོད་བྱེད་དགོས།” ཞེས་པའོ།། འཁྱེར་སོ་རྣམ་པ་འདི་གཉིས་པོ་བཀག་འགོག་བྱེད་དགོས་ན། “ཀྲུང་ཧྭའི་རིག་གནས་”ཞེས་པའི་གོ་དོན་གྱི་གཞི་རྩའི་སྙིང་པོ་ངེས་པར་དུ་གཏན་ཁེལ་བྱེད་དགོས་པ་སྟེ། དེ་ནི་ཀྲུང་ཧྭའི་རིག་གནས་ནི་ཀྲུང་གོའི་མི་རིགས་སོ་སོའི་རིག་གནས་ཡིན་ལ།“མི་རིགས་སོ་སོའི་རིག་གནས་ཀྱི་དགེ་མཚན་ཕྱོགས་བསྡུས་སུ་ཆགས་པ་”ཡང་ཡིན། རྒྱ་རིགས་ཀྱིས་གྲངས་ཉུང་མི་རིགས་ཀྱི་རིག་གནས་དེ་ཀྲུང་ཧྭའི་རིག་གནས་ཡིན་ལ་ཀྲུང་ཧྭའི་རིག་གནས་ཀྱི་ཆ་ཤས་ཞིག་ཡིན་པ་དང་ལེན་བྱེད་དགོས་ཤིང་། གྲངས་ཉུང་མི་རིགས་ཀྱིས་རྒྱའི་རིག་གནས་དེ་ཀྲུང་ཧྭའི་རིག་གནས་ཡིན་ལ་ཀྲུང་ཧྭའི་རིག་གནས་ཀྱི་ཆ་ཤས་ཞིག་ཡིན་པ་དང་ལེན་བྱེད་དགོས། “ཆ་ཤས་”འདི་གཉིས་པོ་ཕྱོགས་གཅིག་ཏུ་བསྣན་ན་ཀྲུང་ཧྭའི་རིག་གནས་ཉིད་ད་གཟོད་ཆ་ཚང་བ་ཞིག་ཡིན། ཙུང་ལི་ལི་ཁེ་ཆའང་གིས་ཀྱང་གསུངས་དོན། “ཀྲུང་ཧྭའི་རིག་གནས་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་དུ་གསར་སྐྲུན་བྱས་པ་ཞིག་ཡིན་ཞིང་། དེའི་ཁོངས་སུ་མི་རིགས་སོ་སོའི་ཁྱད་ཆོས་ལྡན་པའི་རིག་གནས་འདུས་ཡོད་ལ། དེ་ནི་ང་ཚོའི་མི་རིགས་ཀྱི་ཐུན་མོང་གི་ངེས་ཤེས་ཡིན་ལ། ཀྲུང་ཧྭ་མི་རིགས་གོང་བུ་གཅིག་ཏུ་འགྲིལ་བའི་བསམ་བློའི་སྦྲེལ་ཐག་ཀྱང་ཡིན།” ཞེས་སོ།། འདི་ནི་བསམ་པའི་ཐོག་གི་ལག་སྦྲེལ་དང་འཁྱུད་འཐམ་ལྟ་བུ་ཡིན་གྱི། དོན་སྙིང་གལ་ཆེ་ལ་ཟབ་མོ་ལྡན་ཡོད། ང་ཚོས་གོ་དོན་འདི་ཉིད་སྤྱི་ཚོགས་ཡོངས་སུ་ཐུན་མོང་གི་ངེས་ཤེས་སུ་རྒྱ་ཁྱབ་ཏུ་འགྱུར་བར་བྱེད་དགོས།

  གཉིས། མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཉིད་ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་བརྟན་པོར་གཞི་ཚུགས་དགོས།

  སྲོལ་རྒྱུན་ནི་མི་རིགས་ཤིག་གི་ནང་སེམས་ཀྱི་ཨང་རྟགས་དང་རྒྱུད་རྒྱུ་ཡིན་ལ། རང་ཉིད་འགོག་སྲུང་བྱེད་པའི་མཁར་རྫོང་དང་གོ་ཆའང་ཡིན། ཀྲུང་གོའི་མི་རིགས་སོ་སོའི་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་རྨང་རྡོ་དང་འབྱུང་ཁུངས་ཡིན་ལ། རྩ་ཆེའི་ཐོན་ཁུངས་དང་རྒྱུ་ནོར་ཡང་ཡིན། སྐབས་འགར་ང་ཚོའི་འཚོ་བའི་ཁྲོད་དུ་དེ་ཉིད་མི་མཐོང་བར་སྣང་མོད་ཀྱི། འོན་ཀྱང་དེ་ནི་ཁ་དབུགས་ལྟར་དུ་གནས་ཏེ་ཚབ་བྱེད་མི་རུང་བའི་གསོ་སྐྱོང་གི་ནུས་པ་ཐོན་གྱིན་ཡོད།

  དར་རྒྱུན་རིང་བའི་རྒྱའི་རིག་གནས་དང་སྲོལ་རྒྱུན་གྱིས་ཞི་མཐུན་མཉམ་གནས་ཀྱི་ལྟ་ཚུལ་གཅེས་སུ་འཛིན་པ་ནི། དཔེར་ན་སྣོན་བཅུད་ཟུང་འབྲེལ་དང་ཤེས་སྤྱོད་ཟུང་འབྲེལ། གཞུང་ལུགས་ཉེར་སྤྱོད། “རྒྱལ་ཁམས་བདེ་ན་མི་སེར་བདེ།” “ལུགས་དང་མཐུན་ན་ཆོས་ཀུན་འབྱུང་། ཐམས་ཅད་འདྲ་ན་ཆོས་ཀུན་འཇིག” “བསྟུན་ལ་མཁས་ཀྱང་གཞན་རྗེས་མི་འབྲང་།” ཞེས་པ་ལྟ་བུ། དུས་བསྟུན་མདུན་སྐྱོད་ཀྱི་ལྟ་ཚུལ་གཅེས་སུ་འཛིན་པ་ནི། དཔེར་ན་“ཉིན་རེར་གསར་སྐྱེས་ཉིན་བཞིན་གསར། །གསར་པའི་ཁ་ལ་གསར་པ་གཅེས། །” ཞེས་པ་དང་། “མཐའ་ལ་སོན་པས་འགྱུར་བ་དང་། །འཕོ་འགྱུར་བྱུང་བས་གྲོལ་བར་འགྱུར། །གྲོལ་བར་གྱུར་པས་བརྟན་པོར་འགྱུར། །” རང་སྟོབས་བསྐྱེད་པ་དང་།སྤྱོད་པ་བཟང་པོས་ཆོས་ཀུན་ཐེག་ཅེས་པ་ལྟ་བུ། དེ་བཞིན་ཀུན་གྱི་གནམ་འོག་དང་སྤྱི་སྙོམས་ཆེན་པོའི་ལྟ་ཚུལ་ཡང་གཅེས་སུ་འཛིན་པ་རེད། བསམ་བློ་འདི་དག་ནི་ང་ཚོས་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྱོང་བྱེད་པར་དགེ་མཚན་ལྡན་པ་མ་ཟད། མིའི་རིགས་ཀྱི་སྤྱི་ཚོགས་དང་འཛམ་གླིང་གི་སྒྲིག་རིམ་ལེགས་པོ་འཛུགས་པར་ཡང་དགེ་མཚན་ལྡན་པ་རེད། རྒྱའི་རིག་གནས་ཁྲོད་ཀྱི་སློབ་སྦྱོང་དང་བློ་སྦྱོང་ལ་མཐོང་ཆེན་བྱེད་པ་དང་། གཞུང་སེམས་དྲང་མོ་དང་སེམས་ཁམས་ཚུལ་ལྡན། བློ་སྦྱོང་། ཁྱིམ་སྐྱོང་། རྒྱལ་སྐྱོང་། གནམ་འོག་བདེ་འགོད་བཅས་ཀྱི་མི་ཚེའི་ཕུགས་བསམ་དང་ཚད་གཞི་དང་། མི་ཡི་ཡུལ་ལ་སེམས་སྐྱེད་ཅིང་། །སྐྱེ་འགྲོའི་དོན་ལ་སྲོག་ཀྱང་བསྡོ། །དམ་པ་གོང་མའི་རིག་རྒྱུན་སྐྱོང་། །བསྐལ་བརྒྱའི་ཞི་བདེའི་སྲོལ་ནི་འབྱེད། །ཅེས་པ་དང་། སྔོན་དུ་བྱེད་ཕོད་པ་དང་། རྒྱལ་ཁབ་དར་དང་རྒུད་པ་གང་། །འབངས་མི་སེར་ལའང་འཁུར་སྐལ་ཡོད། །ཅེས་པའི་འོས་འགན་དང་འགན་འཁྲི། དེ་བཞིན་དམ་པ་མཐོང་ན་མིག་ལྟོས་ཞེས་པ་དང་། བདེན་པའི་རྒྱབ་ལངས། “བདག་ཉིད་གང་ལ་མི་དགའ་བ། །གཞན་ལ་ཀུན་ཏུ་དེ་མི་བྱ། །” “ཉམ་ཐག་དུས་སུ་རང་ཉིད་འཐུས་ཚང་གཏོང་། །དར་རྒྱས་དུས་སུ་གནམ་འོག་ཕུན་ཚོགས་གཏོང། །” “རང་གི་རྒན་ལ་བཀུར་བ་བཞིན། །གཞན་གྱི་རྒན་ལའང་བཀུར་བར་བྱ། །རང་གི་བུ་ལ་བྱམས་པ་བཞིན། །གཞན་གྱི་བུ་ལའང་བྱམས་པར་བྱ། །”ཞེས་པའི་རང་ཉིད་བློ་སྦྱོང་བྱེད་པ་སོགས་ཚང་མར་བློ་གྲོས་དང་ཤེས་རིག་གི་བསམ་པའི་འོད་ཟེར་འཕྲོ་བཞིན་ཡོད།

  སྤྱི་ལེ་གྲུ་བཞི་མ་ཁྲི་ཚོ་960ཡི་ས་གཞི་རྒྱ་ཆེན་པོའི་སྟེང་དུ་མི་དམངས་དུང་ཕྱུར་13གྱི་བསམ་པའི་ཁྱིམ་གཞིས་འཛུགས་སྐྱོང་བྱེད་རྒྱུ་ནི་ལས་སླ་མོ་ཞིག་ག་ལ་ཡིན། གྲངས་ཉུང་མི་རིགས་ཀྱི་རིག་གནས་ལ་བལྟས་ན། རྒྱའི་མི་རིགས་ཀྱི་རུའུ་ལུགས་དང་། སངས་རྒྱས་ཆོས་ལུགས། ཏའོ་ཅའོ་ཆོས་ལུགས་བཅས་གསུམ་དུ་མ་ཟད། དབྱི་སི་ལན་ཆོས་ལུགས་དང་ཡེ་ཤུའི་ཆོས་ལུགས། བོད་བརྒྱུད་ནང་བསྟན། ལྷོ་བརྒྱུད་ནང་བསྟན་ཆོས་ལུགས་དང་རྣམ་པ་མི་འདྲ་བའི་དམངས་ཁྲོད་དད་མོས་སོགས་ཀྱང་ཡོད། ཆོས་ལུགས་གང་མང་ཞིག་གིས་བསམ་བློ་དང་ཀུན་སྤྱོད་ཀྱི་ངོས་ཐད་དུ་ཚང་མས་བྱམས་དང་སྙིང་རྗེ་དང་། བརྩེ་བ། བཟོད་སྒོམ། ཞི་བདེ། དྲང་བདེན། དྲང་གཞག གཤིས་བཟང་བཅས་གཅེས་འཛིན་བྱེད་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་དོན། “གྲངས་ཉུང་མི་རིགས་ཀྱི་རིག་གནས་ནང་དུ། རང་བྱུང་ལ་བརྩི་མཐོང་དང་སེམས་ཅན་ལ་གཅེས་སྤྲས་བྱེད་པ་དང་། འཚོ་བ་ལ་དགའ་ཞེན་ཆེ་ལ་ལས་ལ་བརྩོན་ཞིང་བབ་ཆགས་པ། རིགས་རུས་མཐུན་ཞིང་རྒན་ལ་བཀུར་བ། མགྲོན་པོར་སྣེ་ལེན་ལེགས་ལ་སོ་སྲུང་རོགས་རེས་བྱེད་པ། བདེན་པ་མཐོང་ལ་བརྩོན་ཞིང་དཔའ་ངར་ཞུམ་པ་མེད་པ། ཁ་དན་ཚིག་ལ་གནས་ཤིང་ལུགས་འགལ་ཐོབ་པ་མི་ལེན། རང་བཀུར་རང་གཅེས་དང་ཕྱི་ཐག་རིང་ཞིང་གནས་ལུགས་བཤད་པ་ལ་སོགས་པའི་ལྟ་བ་གཅེས་སུ་འཛིན་པ་རེད། ལྟ་བ་དེ་དག་བསྲེགས་བཅད་བརྡར་གསུམ་དང་རྒྱས་བཤད། དར་སྤེལ་བཅས་ཤུགས་ཆེན་པོས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་དར་སྤེལ་གཏོང་བར་སྔར་བས་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་གསོས་བཅུད་མཁོ་འདོན་བྱེད་དགོས།”

  སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པའི་ཐད་དུ་མར་ཁེ་སི་རིང་ལུགས་ནི་ང་ཚོའི་རྩ་བའི་མཛུབ་སྟོན་བསམ་བློ་ཡིན། མར་ཁེ་སི་རིང་ལུགས་ཀྱིས་མི་སྒེར་གྱི་རང་དབང་དང་གོང་འཕེལ་ནི་མི་ཡོད་ཚད་རང་དབང་དང་གོང་འཕེལ་འགྲོ་བའི་སྔོན་འགྲོ་དང་བླ་ན་མེད་པའི་ཕུགས་བསམ་ཡིན། མིའི་རང་དབང་དང་ཕྱོགས་ཡོངས་ཀྱི་གོང་འཕེལ་ནི་ང་ཚོའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྱོང་བྱེད་པའི་མ་འོངས་ཕྱོགས་སྟོན་ཡིན་ཞིང་། ཀྲུང་གོའི་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྱོང་བྱེད་རྒྱུ་ནི་དམིགས་འབེན་འདི་ཉིད་མངོན་དུ་འགྱུར་བའི་དགོས་ངེས་རྒྱུད་རིམ་ཡིན། མིག་སྔར། དཔལ་འབྱོར་རྨང་གཞི་ངེས་ཅན་ཞིག་གི་ཐོག་བཙུགས་པའི་ཐུན་མོང་གི་འཚོ་བ་དང་ཐོན་སྐྱེད་དང་། དེ་ལས་ཆགས་པའི་ཐུན་མོང་གི་རིག་གནས་ལམ་ལུགས་ཁོ་ནས་ད་གཟོད་ཐུན་མོང་གི་རིག་གནས་སྙིང་སྟོབས་དང་རིག་གནས་སེམས་ཁམས་གསོ་སྐྱོང་བྱེད་ཐུབ་ལ། ད་གཟོད་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྱོང་བྱས་ཐུབ།

  གསུམ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ནི་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཆགས་པའི་རྩ་བ་ཡིན།

  སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལ་ནི་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྱོང་བྱེད་པའི་གོ་རིམ་ནང་དུ་རྨང་གཞི་རང་བཞིན་གྱི་བྱེད་ནུས་ལྡན་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་དར་སྤེལ་གཏོང་བར། ཐུན་མོང་གི་ཕུགས་འདུན་ཐོག་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་རྒྱུ་མངོན་འགྱུར་བྱེད་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་མཐའ་དག་ཕྱོགས་གཅིག་ཏུ་བསྒྲིལ་དགོས། མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྱོང་བྱེད་པར། ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཉིད་རྩ་གནད་དུ་འཛིན་དགོས།

  རང་རྒྱལ་གྱི་ལོ་ངོ་ལྔ་སྟོང་ལྷག་གི་ཤེས་རིག་བྱུང་འཕེལ་གྱི་ལོ་རྒྱུས་ནང་དུ། མི་རིགས་ཁག་གིས་ཐུན་མོང་ཐོག་མེས་རྒྱལ་གྱི་མཛེས་པའི་རི་ཀླུང་དང་ཡངས་པའི་མངའ་ཁོངས་བསྐྱེད་ལ། ཐུན་མོང་ཐོག་ཡུན་རིང་བའི་ལོ་རྒྱུས་དང་ཕུན་སུམ་ཚོགས་པའི་རིག་གནས་བཏོད་ཡོད། མི་རིགས་མང་པོའི་གཅིག་གྱུར་ཆེན་པོ་དང་མི་རིགས་ཁག་གི་སྣ་མང་གཞི་གཅིག་ནི་ཕ་མེས་ཡང་མེས་ཀྱིས་ང་ཚོར་བཞག་པའི་གལ་ཆེའི་རྒྱུ་ནོར་ཞིག་ཡིན་ལ། ང་ཚོའི་རྒྱལ་ཁབ་ཀྱི་གལ་ཆེའི་དགེ་མཚན་ཡང་ཡིན། དེ་ཉིད་ལོ་རྒྱུས་འཕེལ་རིམ་གྱི་ཁྱད་ཆོས་སུ་མངོན་པར་གྲུབ་པས། རང་རྒྱལ་གྱི་མི་རིགས་ཁག་ཁྱབ་ཚུལ་གྱི་ཐོག་ཏུ་ཕན་ཚུན་འདྲེས་སྡོད་དང་། རིག་གནས་ཐོག་ཕན་ཚུན་བསྡུ་ཉར། དཔལ་འབྱོར་ཐོག་ཕན་ཚུན་གཅིག་ལ་གཅིག་རྟེན། བརྩེ་གདུང་ཐོག་ཕན་ཚུན་བློ་ཉེ་བ་བཅས་ཀྱི་གནས་བབས་གྲུབ་ཅིང་། ཁྱོད་ང་དང་འབྲེལ་ལ་ང་ཁྱོད་དང་འབྲེལ་ཞིང་། ཕན་ཚུན་སུ་ལའང་འབྲལ་མི་ཐུབ་པའི་སྣ་མང་གཞི་གཅིག་རྣམ་པ་ཆགས་ཡོད།

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། 1840ལོར་ཉལ་ཐའི་དམག་འཁྲུག་བྱུང་རྗེས་སུ། ཕྱི་རྒྱལ་གྱི་བཙན་འཛུལ་དང་རྒྱལ་ཁབ་དང་མི་རིགས་འཇིག་ཉེན་བྱུང་བས་རང་རྒྱལ་མི་རིགས་ཁག་གི་ལས་དབང་སྔར་བས་དམ་པོར་སྦྲེལ་བ་རེད། ཁྲག་དང་རྔུལ་ཆུས་ཐུན་མོང་དུ་འཐབ་རྩོད་བྱས་པས་མི་རིགས་ཁག་གི་མི་དམངས་ལ་ངོས་ཟིན་ཟབ་མོ་ཞིག་ཐོབ་པ་ནི། ཀྲུང་ཧྭ་མི་རིགས་ལ་ཐུན་མོང་གི་ལས་དབང་འཕྲད་ཡོད་པ་དང་། གཅིག་དར་ཀུན་དར་དང་གཅིག་རྒུད་ཀུན་རྒུད་ཡིན་ནོ།། མི་རིགས་སོ་སོས་རང་ཉིད་ཀྱི་ལས་དབང་དང་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཉིས་དམ་འབྲེལ་བྱས་ན་ད་གཟོད་མདུན་ལམ་དང་རེ་བ་ཡོད། ཐུན་མོང་གི་ལས་དབང་འདི་ཉིད་ངེས་དགོས་ན། ཐོག་མར་ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་གི་གནས་བབས་ངེས་དགོས་ཏེ། གཞི་གཅིག་ཁོངས་སུ་སྣ་མང་འདུས་ལ་སྣ་མང་གིས་གཞི་གཅིག་གྲུབ་ཡོད་པ་དང་། གཞི་གཅིག་དེ་སྣ་མང་དང་ཁ་འབྲལ་མི་ཐུབ་ལ་སྣ་མང་ཡང་གཞི་གཅིག་དང་ཁ་འབྲལ་མི་ཐུབ། གཞི་གཅིག་ཅེས་པ་ནི་རྒྱལ་ཁབ་དང་ལམ་ལུགས། ཕུགས་འདུན། དམིགས་འབེན། འོས་འགན་བཅས་གཅིག་པར་ཟེར་ཞིང་། སྣ་མང་ཞེས་པ་ནི་མི་རིགས་དང་སྐད་བརྡ། རིག་གནས། སྲོལ་རྒྱུན་བཅས་མང་པོར་ཡོད་པར་ཟེར། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཏུ། སྣ་མང་ཞེས་པ་ཕུན་སུམ་ཚོགས་པ་དང་། གསོན་ཤུགས་སྒུལ་ཤུགས་འཕེལ་ཤུགས་གསུམ་བཅས་ལ་གོ་བ་དང་། གཞི་གཅིག་ཅེས་པ་མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་བསམ་བློ་དང་། ཏང་གི་འགོ་ཁྲིད། སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་རྩ་གནད་དང་ཐུན་མོང་གི་ལས་དབང་གི་འདུ་ཤེས་བཅས་ལ་གོ།

  ཐུན་མོང་གི་ལས་དབང་གི་འདུ་ཤེས་དེ་ཉིད་ལྡན་ན། ད་གཟོད་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྱོང་བྱས་ཐུབ་ལ། ད་གཟོད་རིག་གནས་དང་ལེན་དོན་དམ་དུ་མངོན་འགྱུར་བྱས་ཐུབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པ་ནང་བཞིན་ཏེ། “རིག་གནས་དང་ལེན་གྱི་གནད་དོན་ཐག་གིས་བཅད་ན། རླབས་ཆེའི་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བཅས་ཐད་ཀྱི་དང་ལེན་ད་གཟོད་བརྟན་པོར་ཚུགས་ཐུབ།” དེར་བརྟེན། མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྱོང་བྱེད་པར། ལྟེ་བ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་མངོན་དུ་འགྱུར་བར་བསམ་པའི་འདེགས་སྐྱོར་སྟོབས་དང་ལྡན་པ་མཁོ་འདོན་བྱེད་དགོས། ང་ཚོས་ཟབ་མོར་ངེས་དགོས་པ་ཞིག་ནི། དངོས་པོའི་ཐོག་ནས་སྟོབས་དང་ལྡན་པ་དེར་བསམ་པའི་འདེགས་སྐྱོར་མེད་ན་ཡུན་མི་བརྟན་ལ། བསམ་པའི་ཐོག་ནས་སྟོབས་དང་ལྡན་པ་དེ་ནི་ད་གཟོད་ངེས་པ་དོན་གྱིས་སྟོབས་དང་ལྡན་པ་སྟེ། དཀའ་གནད་མདུན་དགྲོལ་དང་འཚར་ལོངས་ལེགས་པོ་འབྱུང་ཐུབ་ངེས་ཡིན་ནོ།།

  བཞི། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་ནི་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཆགས་པའི་གནད་འགག་ཡིན།

  ང་ཚོ་འདི་འདྲའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ན་མཚོན་ན། རྒྱལ་ཁབ་གཅིག་འགྱུར་ཡོང་རྒྱུ་ནི་ཀྲུང་གོའི་མི་རིགས་ཁག་གི་ཆེས་མཐོ་བའི་ཁེ་ཕན་ཡིན། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་རྒྱུ་བཅས་ནི་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྱོང་བྱེད་པར་ངེས་པར་དུ་བརྟན་སྲུང་བྱེད་དགོས་པའི་རྩ་བའི་རྩ་དོན་ཡིན།

  འདུ་ཤེས་འཛིན་སྟངས་དང་སྲིད་ཏང་། སྲིད་དབང་དང་མི་རིགས་བར་ལ་ནང་གནས་འབྲེལ་བ་ཟབ་མོ་ལྡན་ཡོད་པར། ང་ཚོས་དུས་ནམ་ཡང་རིག་པ་གསལ་པོ་བྱེད་དགོས། སྲིད་འཛིན་ཏང་ཡིན་པའི་ངོས་ནས། ཀྲུང་གོ་གུང་ཁྲན་ཏང་ནི་ང་ཚོའི་བྱ་གཞག་ལ་སྣེ་ཁྲིད་བྱས་ཏེ་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པའི་སྟོབས་ཤུགས་གཙོ་བོ་ཡིན། གུང་ཁྲན་ཏང་གི་འགོ་ཁྲིད་འོག ཀྲུང་གོའི་མི་དམངས་ཀྱིས་རི་བོ་ཆེན་པོ་གསུམ་མགོ་རྟིང་བསློགས་ནས། ཀྲུང་གོ་གསར་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ་དང་། དུས་མཚུངས་སུ་ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དེ་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་རླབས་ཆེའི་ལག་ལེན་དང་ཟུང་འབྲེལ་བྱས་ཏེ། མའོ་ཙེ་ཏུང་དགོངས་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཆགས་པ་རེད། མར་ཁེ་སི་རིང་ལུགས་ནི་ང་ཚོའི་རིགས་པའི་གཞུང་ལུགས་ཀྱི་འགོ་རྩོམ་ས་དང་འབྱུང་གནས་ཡིན་ལ་དར་ཆའང་ཡིན། ཏང་ནི་དར་ཆ་དེ་ཉིད་སྒྲེང་མཁན་ཏེ། དར་ཆ་ནམ་ཡང་མཐོན་པོར་ལྷབ་ལྷུབ་བསྐྱོད་པའི་རྩ་འཛུགས་ཀྱི་འགན་སྲུང་ཡིན། དེར་བརྟེན། ཀྲུང་གོ་རུ་གལ་ཏེ་དར་ཆར་འགྱུར་བ་བྱུང་ན། དར་ཆ་དེ་ཉིད་སྒྲེང་མཁན་དགོས་དོན་མེད་ལ། གལ་ཏེ་དར་ཆ་སྒྲེང་མཁན་མེད་ན། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་རྒྱལ་ཁབ་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་གནས་ཐུབ་དཀའ་བ་རེད། དེ་བས། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་རྒྱུན་འཁྱོངས་བྱེད་པ་གཉིས་གཅིག་གྱུར་ཡིན་པ་དང་། དེ་ནི་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྱོང་བྱེད་པར་ངེས་པར་དུ་ཁོང་དུ་བརྟན་པོར་ཆུད་དགོས་པའི་རྩ་བའི་རྩ་དོན་ཡིན།

  (རྩོམ་པ་པོ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ།)

  བསོད་ནམས་དབང་རྒྱལ་གྱིས་བསྒྱུར།