ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མང་ཚོགས་ཚོགས་པའི་གོང་འཕེལ་བགྲོད་ལམ་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས་བྱེད་དགོས།

  དེབ་འདིའི་དཔྱད་གཏམ་པ།

  ཉིན་ཁ་ཤས་ཀྱི་སྔོན་ལ། ཏང་ཀྲུང་དབྱང་གིས་ཏང་གི་མང་ཚོགས་ཚོགས་པའི་ལས་ཀའི་ཚོགས་འདུ་འཚོགས་ཏེ། 《ཀྲུང་གུང་ཀྲུང་དབྱང་གིས་ཏང་གི་མང་ཚོགས་ཚོགས་པའི་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་བསམ་འཆར་》ཞེས་པ་ཁྱབ་བསྒྲགས་བྱས། འདི་ནི་ང་ཚོ་ཏང་གི་ལོ་རྒྱུས་སྟེང་གི་ཐོག་མ་ཡིན་ལ། ཏང་གི་མང་ཚོགས་ཚོགས་པའི་བྱ་གཞག་འཕེལ་རྒྱས་གཏོང་བར་དོན་སྙིང་ཆེན་པོ་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་ཏུ་གསུང་བཤད་གལ་ཆེན་གནང་ཡོད་དེ། གནས་བབས་གསར་པའི་འོག་ཏང་གི་མང་ཚོགས་ཚོགས་པའི་ལས་ཀའི་དོན་སྙིང་གལ་ཆེན་དང་། ཁ་ཕྱོགས་དང་དམིགས་ཡུལ། གཞི་རྩའི་བླང་བྱ་བཅས་ཞིབ་རྒྱས་གནད་འཁེལ་དང་། ཏང་གི་མང་ཚོགས་ཚོགས་པའི་ལས་ཀའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གནད་དོན་རབ་དང་རིམ་པ་གསལ་བཤད་བྱས། གསུང་བཤད་ནང་དུ་མར་ཁེ་སི་རིང་ལུགས་ཀྱི་ཕུལ་བྱུང་རྩོམ་པ་པོའི་མང་ཚོགས་ལས་ཀའི་གཞི་རྩའི་བསམ་བློའི་ལྟ་བ་རྒྱུན་འཛིན་བྱས་ཡོད་ལ། དུས་རབས་གསར་པའི་ཁྱད་ཆོས་དང་དེང་སྐབས་ཀྱི་ཀྲུང་གོའི་དོན་དངོས་ཟུང་འབྲེལ་བྱས་ནས་ཏང་གི་མང་ཚོགས་ཚོགས་པའི་ལས་ཀའི་གཞུང་ལུགས་ཕུན་ཚོགས་དང་འཕེལ་རྒྱས་སུ་བཏང་ཡོད། དེ་ལ་འཐབ་ཇུས་རང་བཞིན་དང་བསམ་བློ་རང་བཞིན། དམིགས་གཏད་རང་བཞིན་བཅས་ཤུགས་ཆེ་ལྡན་ཡོད་པ་དང་། གནས་བབས་གསར་པའི་འོག་ཏང་གི་མང་ཚོགས་ཚོགས་པའི་ལས་ཀར་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན།

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་ཏང་ཀྲུང་དབྱང་གི་མང་ཚོགས་ཚོགས་པའི་ཚོགས་འདུའི་ཐོག་གི་གཏམ་བཤད་གལ་ཆེན་ནང་དུ། ཏང་གི་ལོ་རྒྱུས་ཀྱི་འཕེལ་རིམ་དང་དེང་སྐབས་ཀྱི་འགྲན་རྩོད་ལ་གཞིགས་ནས། མར་ཁེ་སི་རིང་ལུགས་ཀྱི་དངོས་གཙོའི་ལོ་རྒྱུས་ལྟ་ཚུལ་གྱིས་མང་ཚོགས་ཚོགས་པའི་ལས་ཀ་ནི་ཅི་ཞིག་ཡིན་པ་དང་། མང་ཚོགས་ཚོགས་པའི་ལས་ཀ་ལེགས་པོ་སྒྲུབ་དགོས་པའི་རྒྱུ་མཚན་ཅི་ཡིན་པར་ཞིབ་རྒྱས་གསལ་པོ་བྱས་ཡོད། ང་ཚོའི་ཏང་ནི་མང་ཚོགས་ཀྱི་ལས་ཀར་བརྟེན་ནས་གཞི་བཙུགས་པ་དང་། མང་ཚོགས་ཀྱི་ལས་ཀར་བརྟེན་ནས་གོང་འཕེལ་དང་ཇེ་རྒྱས་སུ་ཕྱིན་པ་ཞིག་ཡིན། མང་ཚོགས་ཀྱི་ལས་ཀ་ནི་ཏང་གི་རྩ་བའི་རང་བཞིན་དང་། རྨང་གཞིའི་རང་བཞིན་གྱི་ལས་ཀ་ཡིན། འོན་ཀྱང་ཏང་གི་མང་ཚོགས་ལས་ཀའི་ཁ་གཏད་ས་རྒྱ་ཆེ་བ་དང་རིམ་པ་སྣ་མང་ཡོད་པས་ཏང་ལ་མང་ཚོགས་དང་འབྲེལ་བ་ཟབ་མོ་བྱེད་པའི་མང་ཚོགས་ཚོགས་པའི་རོགས་རམ་ལ་བརྟེན་ནས་མང་ཚོགས་ལས་ཀ་སྒྲུབ་པའི་དགོས་མཁོ་ཡོད། འདི་ནི་ང་ཚོ་ཏང་གི་གསར་སྐྲུན་ཞིག་དང་ལེགས་ཆ་ཞིག་རེད། དཀའ་སྤྱད་ཚད་མེད་མྱངས་བའི་གསར་བརྗེའི་འཐབ་རྩོད་ཀྱི་དུས་སྐབས་སུ། ང་ཚོ་ཏང་གིས་བཟོ་ཚོགས་དང་། གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་གསར་འཛུགས་བྱས། ལོ་རྒྱུས་ལས་ར་སྤྲོད་བྱུང་བ་ལྟར་ན། བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པ་ནི་ནམ་ཡིན་ཡང་ཏང་གིས་མང་ཚོགས་ལ་འབྲེལ་བ་བྱེད་སྤྱད་ཀྱི་ཟམ་པ་དང་སྦྲེལ་ཐག་ཡིན་ལ། ནམ་ཡིན་ཡང་ཏང་གི་ལས་རོགས་ཡིན། མང་ཚོགས་ཚོགས་པའི་བྱ་གཞག་ནི་ཏང་གི་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཡིན། ཏང་གི་མང་ཚོགས་ཚོགས་པའི་བྱ་གཞག་ནི་ཏང་གིས་རྒྱལ་སྲིད་སྐྱོང་བའི་རྒྱུན་ལྡན་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལས་ཀ་ཞིག་དང་། ཏང་གིས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་སྐུལ་སློང་བྱས་ནས་ཏང་གི་ལས་འགན་གཙོ་བོ་ལེགས་འགྲུབ་འབྱུང་བར་འབད་པ་བྱ་རུ་འཇུག་པའི་ལག་ཆ་གལ་ཆེན་ཞིག་ཡིན། དེ་དུས་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་ནས་གསར་བརྗེ་དང་དམག་འཁྲུག་རྒྱག་པའི་སྐབས། མང་ཚོགས་ཚོགས་པའི་རྩ་འཛུགས་ནི་མེད་དུ་མི་རུང་བ་ཞིག་རེད། ལྷག་པར་དུ་མཐུན་འགྲིག་སྒོས་“ཁྱོན་ཡོངས་བཞིའི་”འཐབ་ཇུས་སྒྲིག་བཀོད་ལ་སྐུལ་སྤེལ་དང་། “ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་སྟེ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་གནས་བབས་གསར་པའི་འོག་ཏུ། བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་འབྲེལ་བ་བྱས་པའི་རྒྱ་ཆེའི་མི་དམངས་མང་ཚོགས་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་འགྲུབ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་གོང་སྤེལ་གཏོང་བའི་གཞི་རྩའི་སྟོབས་ཤུགས་ཡིན་ལ། བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་སྤེལ་བ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་བ། ཏང་གི་སྲིད་འཛིན་གོ་གནས་སྲ་བརྟན་གཏོང་བ། རྒྱལ་ཁབ་ཀྱི་ཡུན་རིང་བདེ་འགོད་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་རྟེན་ས་གཙོ་བོ་ཡིན། ཏང་གི་མང་ཚོགས་ཚོགས་པའི་ལས་ཀར་ཤུགས་སྣོན་རྒྱག་པ་ལས་ཉམས་ཞན་དུ་བཏང་མི་རུང་ལ། ལེགས་བཅོས་དང་གོང་མཐོར་གཏོང་བ་ལས་འཕེལ་མེད་རང་གནས་སུ་བཞག་མི་རུང་།

  དེང་སྐབས། ཏང་ཡོངས་ལ་འཕྲད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་དང་མྱུར་མཁོ་ཞིག་ཡོད་པ་ནི། མང་ཚོགས་ཀྱི་ལས་ཀ་ཡག་པོ་སྒྲུབ་རྒྱུ་དང་། ཏང་དང་མི་དམངས་མང་ཚོགས་ཀྱི་ཤ་ཁྲག་གི་འབྲེལ་བ་རྒྱུན་འཁྱོངས་བྱེད་རྒྱུ་དེ་ཡིན། འདི་སྒྲུབ་པར་བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་རྩ་འཛུགས་ཀྱིས་“རྒྱུ་སྐར་དབུས་ན་ཟླ་བ་”ལྟ་བུའི་ནུས་པ་སྔར་ལས་ལྷག་པའི་སྒོ་ནས་འདོན་སྤེལ་བྱས་ནས། ཏང་གི་མང་ཚོགས་ལས་ཀར་ཤུགས་སྣོན་རྒྱག་ཞོར་དུ། རང་ཉིད་སྔར་ལས་འོད་སྟོང་འབར་བར་བྱེད་དགོས། ང་ཚོས་ངེས་པར་དུ་ཏང་གི་སྲིད་འཛིན་གྲལ་རིམ་གྱི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་སྲ་བརྟན་གཏོང་བའི་ཆབ་སྲིད་མཐོ་ཚད་ནས། ཏང་གི་མང་ཚོགས་ཚོགས་པའི་ལས་ཀར་མཐོང་ཆེན་དང་། ཏང་གི་མང་ཚོགས་ཚོགས་པའི་ལས་ཀ་དམ་འཛིན་ཡག་པོ། ཏང་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཐུན་མོང་གིས་དབུགས་རྔུབ་པ་དང་ལས་དབང་གཅིག་པ། གཅིག་སེམས་གཅིག་ལ་སྦྲེལ་བ་བཅས་འགན་ལེན་བྱེད་དགོས།

  མཐུན་འགྲིག་སྒོས་“ཁྱོན་ཡོངས་བཞི་”སྐུལ་སྤེལ་གཏོང་བའི་འཐབ་ཇུས་སྒྲིག་བཀོད་ནང་དུ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་གོང་སྤེལ། རྒྱལ་ཁབ་སྐྱོང་བ་དང་སྐྱོང་བའི་ནུས་པ་དེང་རབས་ཅན་དུ་སྐུལ་སྤེལ་གཏོང་བ་བཅས་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་དམིགས་ཡུལ་དུ་བཞག་པར་གོ་གནས་དང་ནུས་པ་ཧ་ཅང་གལ་ཆེན་ཡོད། རྒྱལ་ཁབ་སྐྱོང་བའི་མ་ལག་སྟེ་མ་ལག་ཆུང་བ་མང་པོ་ལས་གྲུབ་པའི་མ་ལག་རྙོག་འཛིང་དེའི་ནང་དུ། ཏང་གིས་སྲོག་ཤིང་ལྟ་བུའི་འགོ་ཁྲིད་ཀྱི་གོ་གནས་བཟུང་ཡོད་པ་དང་། བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་ནི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས།་གཅིག་ཀྱང་ཆད་མི་རུང་། ང་ཚོས་ངེས་པར་དུ་རྒྱལ་ཁབ་སྐྱོང་བའི་མ་ལག་དང་སྐྱོང་བའི་ནུས་པ་དེང་རབས་ཅན་དུ་སྐུལ་སྤེལ་གཏོང་བའི་ཆབ་སྲིད་ཀྱི་མཐོ་ཚད་ནས། མང་ཚོགས་ཚོགས་པའི་ལས་ཀར་མཐོང་ཆེན་དང་མང་ཚོགས་ཚོགས་པའི་རྩ་འཛུགས་དེ་འཛུགས་སྐྲུན་བྱས་ནས་སྔར་ལས་གསོན་ཤུགས་ལྡན་པ་དང་། སྔར་ལས་བློ་བརྟན་སྟོབས་ཆེན་དུ་བཏང་སྟེ་ རྒྱལ་ཁབ་སྐྱོང་བའི་མ་ལག་དང་སྐྱོང་བའི་མ་ལག་དེང་རབས་ཅན་དུ་སྐུལ་སྤེལ་གཏོང་བའི་སྟོབས་ཤུགས་གལ་ཆེན་དུ་གཏོང་དགོས།

  གནས་བབས་གསར་པའི་འོག་ཏང་གི་མང་ཚོགས་ཚོགས་པའི་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས་ན། ཏང་གི་མང་ཚོགས་ཚོགས་པའི་ལས་ཀའི་ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ནན་ཏན་སྒོས་རྒྱུན་འཁྱོངས་དང་ཤུགས་སྣོན་བྱེད་རྒྱུ་ནི་ཆེས་གལ་ཆེ་བ་ཡིན། “རང་བཞིན་གསུམ་པོ་”འདིས་མང་ཚོགས་ཚོགས་པའི་ལས་ཀའི་ངོ་བོའི་ཁྱད་ཆོས་བཟུང་ཡོད་པ་དང་། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་གཞི་རྩའི་གནས་ཐིག་གཏན་འཁེལ་བྱས་ཡོད་ལ། མང་ཚོགས་ཚོགས་པའི་བྱ་གཞག་གིས་རྩ་དོན་ཅི་ཞིག་རྒྱུན་འཁྱོངས་བྱེད་པ་དང་། དམིགས་ཡུལ་གང་གི་ཕྱོགས་ལ་འབད་པ་བྱེད་རྒྱུ་བཅས་ཀྱི་གནད་དོན་ལ་དྲིས་ལན་གསལ་པོ་བཏབ་ཡོད། ཆབ་སྲིད་རང་བཞིན་ནི་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་བླ་སྲོག་ཡིན་ལ། དེ་ནི་ཨང་དང་པོ་ཡིན། ཏང་གི་མང་ཚོགས་ཚོགས་པའི་ལས་ཀའི་ཆབ་སྲིད་རང་བཞིན་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་པར་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ངེས་པར་དུ་རང་རྟོགས་སྒོས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་རྒྱུ་ནི་གནད་འགག་ཡིན། རང་ཉིད་ནམ་ཡིན་ཡང་ཏང་གི་འགོ་ཁྲིད་འོག་ཏུ་འཇོག་པ་དགོས་པ་དང་། བསམ་བློ་དང་ཆབ་སྲིད་དང་ལག་ལེན་བཅས་ཀྱི་སྟེང་དུ་བློ་མཐུན་ཞི་ཅིན་ཕིང་སྤྱི་ཁྱབ་ཧྲུའུ་ཅི་བྱས་པའི་ཏང་ཀྲུང་དབྱང་དང་ཚད་མཐོ་བའི་སྒོ་ནས་གཅིག་གྱུར་ཡོང་དགོས། རང་རྟོགས་སྒོས་ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོབ་དང་། ཏང་གི་འདོད་བློ་དང་བཞེད་དགོངས་ལ་བློ་བརྟན་པོས་དོན་འཁྱོལ་བྱེད་དགོས། ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་ལུགས་སྲོལ་ནན་སྲུང་བྱེད་ཅིང་། དཀའ་སྡུག་གང་མང་གི་ཚོད་བགམ་ཐུབ་པ་དང་། ཡིན་མིན་ཆེན་པོའི་གནད་དོན་མདུན་དུ་ལངས་ཕྱོགས་བརྟན་པོ་དང་དར་ཆ་གསལ་པོ་ཡིན་པ། གནད་འགག་གི་དུས་སུ་གདོང་མཆོང་དཔུང་གཏོར་དང་། སྒྲ་འབྱིན་གྲི་འཕྱར་བཅས་ཐུབ་པ་བྱེད་དགོས། ཏང་གི་མང་ཚོགས་ཚོགས་པའི་ལས་ཀའི་ཆབ་སྲིད་རང་བཞིན་དེ། གཙོ་བོ་བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་མང་ཚོགས་ལ་སྣེ་ཁྲིད་ནས་ཏང་གི་སྐད་ཆར་ཉན་པ་དང་། ཏང་དང་མཉམ་དུ་བསྐྱོད་པའི་ཆབ་སྲིད་འགན་འཁྲི་འཁུར་ཐུབ་པ། ཏང་གི་སྲིད་སྐྱོང་བའི་གྲལ་རིམ་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་སྲ་བརྟན་གཏོང་བའི་བྱས་རྗེས་བཅས་ཀྱི་ཐོག་ནས་མངོན་པ་ཡིན། འདི་ནི་མང་ཚོགས་ཚོགས་པའི་རྩ་འཛུགས་དང་སྤྱིར་བཏང་གི་སྤྱི་ཚོགས་རྩ་འཛུགས་གཉིས་ཀྱི་རྩ་བའི་ཁྱད་པར་ཡིན་ལ། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ལས་ཀ་ཡག་པོ་སྒྲུབ་མིན་གྱི་ཆབ་སྲིད་ཀྱི་ཚད་གཞི་ཡང་ཡིན། དུས་ནམ་ཡིན་ཡང་སྣང་མེད་དུ་འཇོག་མི་རུང་ལ། དུས་ནམ་ཡིན་ཡང་བརྗེད་མི་རུང་། སྔོན་ཐོན་རང་བཞིན་ནི་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་གཏོགས་གཤིས་རང་སྟེང་གི་འགན་འཁྲི་དང་། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་འོས་འགན་དང་ལས་འགན་ལག་བསྟར་བྱེད་པའི་ནང་གནས་ཀྱི་བླང་བྱ་ཡིན། ཏང་གི་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ལས་ཀའི་སྔོན་ཐོན་རང་བཞིན་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་དགོས་ན། ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་སྟེ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་པའི་དུས་རབས་ཀྱི་བརྗོད་གཞི་ཡིད་ལ་དམ་པོར་འཛིན་དགོས་ལ། ཏང་དང་རྒྱལ་ཁབ་ཀྱི་ལས་ཀ་སྤྱི་ལ་དམ་པོར་དམིགས་ནས། རྒྱ་ཆེའི་མི་དམངས་མང་ཚོགས་དུས་རབས་ཀྱི་མདུན་ནས་བསྐྱོད་པར་རྩ་འཛུགས་དང་སྐུལ་སློང་བྱེད་དགོས། བསྒྱུར་བཅོས་དང་གོང་སྤེལ་དང་གཏན་འཇགས་བཅས་ཀྱི་རིམ་པ་དང་པོའི་སྐབས་བྱས་རྗེས་འཇོག་དགོས། ནམ་ཡིན་ཡང་ཏང་དང་མི་དམངས་ཀྱི་ལངས་ཕྱོགས་སུ་བསྡད་དགོས་པ་དང་། ཏང་ལ་སེམས་ངལ་སེལ་རོགས་དང་དམངས་ལ་ཁེ་ཕན་ལེན་རོགས་བྱས་ནས་མང་ཚོགས་ཚོགས་པའི་རྩ་འཛུགས་ལ་གོང་བུར་འགྲིལ་ཤུགས་དང་འཐབ་རྩོད་ནུས་ཤུགས་ཆེན་པོ་ལྡན་དུ་འཇུག་དགོས། མང་ཚོགས་ལ་ཞུབས་ཞུ་དང་མང་ཚོགས་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་པའི་དར་ཆེན་མཐོན་པོར་བསྒྲེངས་ནས། རང་འགུལ་ངང་མང་ཚོགས་ཀྱི་ཁྲོད་དང་ གཞི་རིམ་དུ་མི་སེམས་གཅིག་འགྲིལ་དང་སོ་ཁ་བརྟན་སྲུང་། གདོང་མཆོང་དཔུང་གཏོར་བྱེད་པའི་འཐབ་རྩོད་རུ་ཁག་དང་ལས་ཀའི་རུ་ཁག་བྱེད་དགོས། མང་ཚོགས་རང་བཞིན་ནི་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་རྩ་བའི་ཁྱད་ཆོས་ཡིན། ཏང་གི་མང་ཚོགས་ཚོགས་པའི་ལས་ཀའི་མང་ཚོགས་རང་བཞིན་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་དགོས་ན། ངེས་པར་དུ་ཚང་མ་དམངས་ཀྱི་དོན་དུ་ཡིན་རྒྱུ་རྒྱུན་འཁྱོངས་དང་། རྩ་འཛུགས་དང་ལྷག་པར་དུ་གཞི་རིམ་གྱི་རྩ་འཛུགས་ཤུགས་ཆེན་སྒོས་འཐུས་ཚང་དུ་གཏོང་དགོས། མང་ཚོགས་དང་འབྲེལ་བའི་ཡུན་ཕན་ལམ་སྲོལ་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་དགོས། སྤྱིར་བཏང་གི་མང་ཚོགས་ལ་སྔར་བས་སེམས་ཁུར་དང་ལྟ་རྟོག་བཅས་བྱེད་པ་དང་། དུད་ཁྱིམ་མང་པོར་བསྐྱོད་པ་དང་། དུད་ཁྱིམ་མང་པོར་འཚམས་འདྲི་ཞུ་བ། དུད་ཁྱིམ་མང་པོར་འབྲེལ་བ་འཛུགས་པ་བཅས་བྱེད་དགོས། དུས་རྟག་པར་མང་ཚོགས་ལ་ངོ་ཐུག་གདོང་འཕྲད་དང་སེམས་ལ་སེམས་བསྟན་ནས་འབྲེལ་འདྲིས་བྱས་ཏེ། མང་ཚོགས་ལ་བཅངས་པའི་བརྩེ་བ་ཇེ་ཟབ་དང་། ཏང་གིས་མི་དམངས་མང་ཚོགས་ལ་འབྲེལ་བ་བྱེད་པའི་ཟམ་པ་དང་སྦྲེལ་ཐག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། གནས་བབས་གསར་པའི་འོག་ཏང་གི་མང་ཚོགས་ཚོགས་པའི་ལས་ཀ་ལེགས་པོ་བསྒྲུབ་དགོས་ན། ཏང་གི་མང་ཚོགས་ཚོགས་པའི་ལས་ཀའི་འགོ་ཁྲིད་ལ་ངེས་པར་དུ་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས། “ནན་གསུམ་དྲང་གསུམ་”དེ་མང་ཚོགས་ཚོགས་པའི་ལས་ཀའི་ཕྱོགས་སོ་སོར་དོན་འཁྱོལ་བྱེད་དགོས་པ་དང་། ཚད་གཞི་ནན་མོ་དང་རེ་བ་ནན་མོ་རྒྱུན་འཁྱོངས་བྱེད་དགོས། འགན་འཁྲི་དང་འགན་ནུས་ལག་བསྟར་ནན་མོ་དང་། རང་ཉིད་འཛུགས་སྐྲུན་ལ་ཤུགས་སྣོན་ནན་མོ། སྒྲིག་ལམ་དང་ལུགས་སྲོལ་བརྩི་སྲུང་ནན་མོ་བཅས་བྱས་ནས། ཏང་གི་མང་ཚོགས་ཚོགས་པའི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འབད་པ་སྒོས་བསྐྲུན་དགོས།

  གནས་བབ་གསར་པའི་འོག་ཏང་གི་མང་ཚོགས་ཚོགས་པའི་ལས་ཀ་ལེགས་པོ་བསྒྲུབ་དགོས་ན། ངེས་པར་དུ་རང་རྟོགས་སྒོས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མང་ཚོགས་ཚོགས་པའི་གོང་སྤེལ་བགྲོད་ལམ་ནམ་ཡང་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས་བྱེད་དགོས། “གཅིག་གྱུར་གསུམ་”གྱི་གཞི་རྩའི་ཁྱད་ཆོས་དང་ “མཐའ་འཁྱོངས་དྲུག་”གི་གཞི་རྩའི་བླང་བྱ་ཁྱོན་ཡོངས་ནས་ངོས་འཛིན་བྱེད་དགོས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་རྒྱུ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མང་ཚོགས་ཚོགས་པའི་གོང་སྤེལ་བགྲོད་ལམ་གྱི་ཆེས་ངོ་བོའི་ཁྱད་ཆོས་ཡིན་ལ། ཏང་གི་མང་ཚོགས་ཚོགས་པའི་བྱ་གཞག་བདེ་ལེགས་ངང་འཕེལ་རྒྱས་འགྲོ་བའི་སྲོག་ཤིང་ཡང་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མང་ཚོགས་ཚོགས་པའི་གོང་འཕེལ་བགྲོད་ལམ་ནི། ང་ཚོ་ཏང་གི་མང་ཚོགས་ལས་ཀ་སྒྲུབ་པ་དང་ཏང་གི་བྱ་གཞག་ལ་སྐུལ་སྤེལ་གཏོང་བའི་རླབས་ཆེའི་གསར་སྐྲུན་ཞིག་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དེ་མང་ཚོགས་ཚོགས་པའི་ལས་ཀའི་ཁྱབ་ཁོངས་ཁྲོད་ཀྱི་བྱེ་བྲག་གི་ཁྱབ་སྤེལ་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཟོ་ཚོགས་གོང་སྤེལ་བགྲོད་ལམ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞོན་ནུ་ལས་འགུལ་གྱི་ཁ་ཕྱོགས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བུད་མེད་གོང་འཕེལ་བགྲོད་ལམ་བཅས་འཚོལ་ཞིབ་བྱེད་པའི་ཡུན་རིང་པོའི་ལག་ལེན་ཁྲོད་གྲུབ་ལ་འཕེལ་རྒྱས་སོང་བ་རེད། དེ་རང་རྒྱལ་གྱི་རྒྱལ་ཁབ་གནས་ཚུལ་དང་ལོ་རྒྱུས་གོང་འཕེལ་གྱི་ཁ་ཕྱོགས་དང་མཐུན་ལ། དེའི་གཞི་རྩའི་ཁྱད་ཆོས་ནི་མང་ཚོགས་ཚོགས་པ་སོ་སོས་རང་རྟོགས་སྒོས་ཏང་གི་འགོ་ཁྲིད་དང་ལེན་དང་། འབྲེལ་བ་བྱ་ཡུལ་གྱི་མང་ཚོགས་ལ་མཐུན་སྒྲིལ་དང་ཞབས་ཞུ། ཁྲིམས་ལྟར་དང་སྒྲིག་ཡིག་ལྟར་ལས་ཀ་སྒྲུབ་པ་གཉིས་གཅིག་གྱུར་བྱེད་པ་བཅས་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མང་ཚོགས་ཚོགས་པའི་གོང་འཕེལ་བགྲོད་ལམ་སྟེང་བློ་བརྟན་འགྱུར་མེད་ངང་བསྐྱོད་དགོས་ན། ངེས་པར་དུ་ཏང་གིས་མང་ཚོགས་ཚོགས་པའི་ལས་ཀ་ལ་གཅིག་གྱུར་བཀོད་འདོམས་བྱེད་རྒྱུ་རྒྱུན་འཁྱོངས་དང་། ཟམ་པ་དང་སྦྲེལ་ཐག་གི་ནུས་པ་རྒྱུན་འཁྱོངས་དང་འདོན་སྤེལ། ལྟེ་བར་དམིགས་ནས་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་པ་རྒྱུན་འཁྱོངས། མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་སྲོག་རྩ་རྒྱུན་འཁྱོངས། དུས་བསྟུན་མདུན་བསྐྱོད་དང་བསྒྱུར་བཅོས་གསར་བསྐྲུན་རྒྱུན་འཁྱོངས། ཁྲིམས་ལྟར་དང་སྒྲིག་ཡིག་ལྟར་རང་བཙན་རང་བདག་ངང་ལས་ཀ་སྒྲུབ་པ་རྒྱུན་འཁྱོངས་བཅས་བྱས་ནས། མང་ཚོགས་ཚོགས་པའི་ལས་ཀ་ནམ་ཡང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་དང་མཉམ་དུ་མདུན་བསྐྱོད་བྱེད་རྒྱུ་འགན་ལེན་ཐུབ་དགོས། རྩ་བའི་བརྩི་སྲུང་འདི་ཚོ་ལག་བསྟར་དོན་འཁྱོལ་བྱས་ན། ད་གཟོད་མང་ཚོགས་ཚོགས་པའི་རྩ་འཛུགས་དང་མང་ཚོགས་ཚོགས་པའི་ལས་ཀ་ཏང་གི་སྲིད་སྐྱོང་རྨང་གཞིའི་འདེགས་སྐྱོར་གལ་ཆེན་དང་། རྒྱལ་ཁབ་སྐྱོང་བའི་མ་ལག་དང་སྐྱོང་བའི་ནུས་པ་དེང་རབས་ཅན་དུ་སྐུལ་སྤེལ་གཏོང་བའི་སྟོབས་ཤུགས་གལ་ཆེན་དུ་འགྱུར་བ་རེད།

  ཚེ་རིང་བྱམས་ཀྱིས་བསྒྱུར།