གུང་ཁྲན་ཏང་དང་རུལ་སུངས་གཉིས་མཐུན་ཐབས་མེད།

  དེབ་འདིའི་དཔྱད་གཏམ་པ།

  ཏང་ནན་སྐྱོང་བྱ་རྒྱུ་ནི་སྟོང་བཤད་ཙམ་མིན་ལ། རུལ་སུངས་མཁན་ལ་ཉེས་ཆད་གཅོད་རྒྱུར་དམིགས་བསལ་མེད། ཟླ་7པའི་ཚེས་20ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ལིང་ཅི་ཧྭ་ཏང་ཁོངས་ནས་ཕྱིར་ཕུད་པ་དང་གཞུང་གི་ལས་འགན་ལས་ཕུད་པའི་ཆད་པ་གཅོད་རྒྱུའི་ཐག་བཅད་པ་དང་། ཁོས་ནག་ཉེས་གསོག་པའི་དོགས་གཞི་དང་ཁུངས་སྣེ་ཁྲིམས་འཛིན་ལས་ཁུངས་ལ་སྤྲད་དེ་ཁྲིམས་ལྟར་ཐག་བཅད་པ་རེད། ཐག་གཅོད་འདིས་ཏང་ཀྲུང་དབྱང་གིས་མཐའ་གཅིག་ཏུ་ཏང་གི་གཅིག་སྡུད་གཅིག་གྱུར་སྲུང་སྐྱོང་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་རུལ་སུངས་མཁན་ལ་ཆད་པ་གཅོད་རྒྱུ་བཅས་ཀྱི་རྣམ་འགྱུར་གསལ་པོ་དང་བློ་བརྟན་འགྱུར་མེད་དེ་གང་ལེགས་མངོན་པ་མ་ཟད། ཏང་ཡོངས་ཀྱི་བློ་མཐུན་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་སྙིང་དབུས་ནས་བརྩི་བཀུར་དང་རྒྱབ་སྐྱོབ་བརྟན་པོ་བྱས་པ་རེད།

  གུང་ཁྲན་ཏང་དང་རུལ་སུངས་གཉིས་མཐུན་ཐབས་མེད་པ་དང་། མི་དམངས་མང་ཚོགས་ཀྱིས་རུལ་སུངས་ལ་ཞེ་འཁོན་ཚད་མེད་སྐྱེས་ཀྱི་ཡོད། ལིང་ཅི་ཧྭའི་བྱེད་ལུགས་བྱེད་སྟངས་རྣམས་ཏང་གི་ངོ་བོ་དང་དགོངས་དོན་ལ་གཏན་ནས་རྒྱབ་འགལ་བྱས་ཤིང་། ཏང་གི་སྒྲིག་ཁྲིམས་དང་འགལ་བ་ཆེན་པོ་བྱུང་བ། ཏང་གི་སྣང་བརྙན་ལ་གནོད་སྐྱོན་ཚབས་ཆེན་ཐེབས་པ། སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཡང་ཤིན་ཏུ་ངན་པ་ཐེབས་པ་རེད། ལིང་ཅི་ཧྭའི་ཚབས་ཆེ་བའི་སྒྲིག་འགལ་གྱི་གྱོད་གཞི་ལ་ཞིབ་བཤེར་ཐག་གཅོད་མཐར་ཕྱིན་དང་། ལིང་ཅི་ཧྭས་བཟོས་པའི་ཤུགས་རྐྱེན་ངན་པ་དེ་རྩ་བ་ནས་གཙང་དག་བྱས་ན། ཏང་ནང་གི་མངོན་མེད་ཀྱི་རྐྱེན་ངན་སེལ་བ་དང་ཏང་གི་རྩ་འཛིན་དང་ཏང་གི་སྒྲིག་ཁྲིམས་ནན་མོར་གཏོང་བ། ཏང་གི་དཔུང་ཁག་གཙང་བཟོ་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན། བློ་བརྟན་འགྱུར་མེད་ཀྱིས་རུལ་སུངས་ལ་ཆད་པ་གཅོད་རྒྱུ་དང་ཚོགས་སྤྱིར་གནོད་པའི་རྐྱེན་ངན་གཙང་སེལ་བྱ་རྒྱུ་ནི་ང་ཚོའི་ཏང་ལ་སྟོབས་ཤུགས་ལྡན་པའི་མཚོན་རྟགས་ཡིན་ལ། ཏང་ཡོངས་ཀྱི་བློ་མཐུན་དང་རྒྱ་ཆེའི་མང་ཚོགས་ཀྱི་ཐུན་མོང་གི་རེ་འདུན་ཡང་ཡིན།

  ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཤི་གསོན་ཆགས་འཇིག་གི་མཐོ་ཚད་ནས་བློ་བརྟན་འགྱུར་མེད་ཀྱིས་ཕྱོངས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པ་དང་། ཁྲིམས་ལྟར་རུལ་སུངས་ལ་ཆད་པ་གཅོད་པ། དམངས་ཀྱི་འདོད་བློ་དང་བསྟུན་ཞིང་། དམངས་སེམས་འགུག་ཐུབ་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་དྲང་ཕྱོགས་ཀྱི་ནུས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཐུབ། ལིང་ཅི་ཧྭ་ལ་ཞིབ་བཤེར་ཐག་གཅོད་བྱས་པ་དེས་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་རུལ་སུངས་ལ་རྡུང་རྡེག་ནན་མོ་གཏོང་བ་དང་། སྨན་ཆེན་གྱིས་གཅོང་ནད་བཅོས་པའི་ཆོད་སེམས་མི་འགྱུར་བ། རུས་འབྲད་དུག་སེལ་གྱི་བློ་སྟོབས་མི་ཡལ་བ། “བཟོད་སྒོམ་བྱེད་ཐབས་མེད་པའི་”རྣམ་འགྱུར་འགྱུར་བ་མེད་པ། ཁྲིམས་ཆད་ནན་མོ་གཅོད་པའི་ཚད་གཞི་ལྷོད་བ་མེད་པ་བཅས་རྒྱུན་འཁྱོངས་དགོས་ཚུལ་ཡང་བསྐྱར་གསལ་པོ་བསྟན་པ་རེད། དུས་ནམ་ཡང་བགྲོད་ལམ་དུ་ཡོད་པའི་ཆབ་སྲིད་ཀྱི་སྤོབས་པ་དང་ཆོད་སེམས་བརྟན་པོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ན། ང་ཚོས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཁྲེགས་གཏོར་འཐབ་འཛིང་དང་རྒྱུན་སྲིང་དམག་འཁྲུག་འདི་ལས་རྒྱལ་ཁ་ཐོབ་རྒྱུ་སྨོས་ཅི་དགོས།

  ཏང་སྲོལ་དང་ཏང་གི་སྒྲིམ་ཁྲིམས་ནི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་མེ་འགོག་རྩིག་གྱང་ལྟ་བུ་ཞིག་ཡིན་ལ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་ནི་ང་ཚོའི་ཏང་གི་སྲོག་རྩ་ཡིན། ལིང་ཅི་ཧྭའི་གྱོད་གཞི་དེས་ཏང་ཡོངས་ལ་སྒྲིག་ཁྲིམས་དང་སྒྲིག་སྲོལ་གྱིས་མདུན་ནས་གདོང་ལེན་བྱས་ན་ད་གཟོད་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འགོག་སྲུང་འཛིང་རགས་བརྟན་སྲུང་ཐུབ་པའི་ཉེན་ཟོན་བཏང་བ་རེད། ཏང་ཡོན་ཚང་མ་ཆབ་སྲིད་རྟོགས་མཁན་དུ་འགྱུར་དགོས་ལ། ཏང་གཤིས་ཀྱི་འདུ་ཤེས་དང་ཆབ་སྲིད་ཀྱི་གོ་རྟོགས། རྩ་འཛུགས་ཀྱི་འདུ་ཤེས་བཅས་ཀྱིས་རང་ཉིད་ལ་བླང་བྱ་ནན་མོ་འདོན་དགོས་པ་དང་། བག་གཡེང་དང་ལྷོད་བ་སྤུ་ཙམ་ཡང་བྱས་མི་རུང་། ཏང་གི་རྩ་འཛུགས་རིམ་པ་ཁག་གིས་ངེས་པར་དུ་སྒྲིག་ཁྲིམས་ནན་སྲུང་དང་སྒྲིག་སྲོལ་གསལ་སྟོན་བྱ་རྒྱུ་དེ་གལ་ཆེའི་གནས་བབས་ཐོག་བཞག་ནས་དམ་འཛིན་བྱ་དགོས་ལ། གསལ་པོའི་སྒོ་ནས་ནན་བཤད་དང་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱེད་ཅིང་། སྒྲིག་ཁྲིམས་དང་སྒྲིག་སྲོལ་བརྩི་སྲུང་མི་བྱེད་པའི་བྱ་སྤྱོད་ལ་ཐག་གཅོད་ནན་མོ་བཏང་སྟེ། ཏང་ཡོངས་སུ་སྒྲིག་ཁྲིམས་སྲུང་བ་དང་སྒྲིག་སྲོལ་ལ་མཐོང་ཆེན་བྱེད་པའི་རྣམ་པ་བཟང་པོ་ཞིག་བསྐྲུན་རྒྱུར་འབད་དགོས།

  ཕུགས་བསམ་དང་དད་སེམས་ལ་འགྱུར་བ་བྱུང་བ་ནི་གཡོ་འགུལ་ཉེན་ཆེན་ཞིག་ཡིན་པ་དང་། ཕུགས་བསམ་དང་དད་སེམས་ཉམས་པ་ནི་ཉམས་རྒུད་ཉེན་ཆེན་ཞིག་རེད། “གློག་སྒོའི་ལྟེ་བ་”ལ་གནད་དོན་བྱུང་ཚེ། རྩ་བ་ཉམས་པ་དང་བླ་སྲོག་མེད་པར་འགྱུར་འགྲོ་བས་དུས་ནམ་ཞིག་ལ་ཕམ་ཉེས་ཆེན་པོ་འབྱུང་ངེས། ཏང་ཡོངས་ཀྱི་བློ་མཐུན་དང་སྒོས་སུ་རིམ་པ་ཁག་གི་ལས་བྱེད་པས་རང་གཅུན་རང་བདག་ལ་གཏན་ནས་ལྷོད་གཡེང་གཏོང་མི་རུང་ལ། རང་དོན་རིང་ལུགས་དང་སྒེར་སེམས་སྣ་ཚོགས་ཀྱིས་མི་ཁེངས་བ་དང་། “ཕྱོགས་གཉིས་ཅན་”དང“ངོ་གཉིས་མ་”གཏན་ནས་བྱས་མི་རུང་། ངེས་པར་དུ་ཏང་གཤིས་ཀྱི་བློ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕུགས་བསམ་དང་དད་སེམས་བརྟན་པོར་བཙུགས་ཏེ། མུ་མཐུད་དུ་ཏང་ལ་བློ་སེམས་དཀར་བའི་ཆབ་སྲིད་ཀྱི་གཤིས་རྒྱུད་བཟང་པོ་བཙོ་སྦྱངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་མིའི་གཞུང་དྲང་སྤྱོད་གཙང་གི་གཤིས་བཟང་རྒྱུན་འཁྱོངས་བྱེད་དགོས།

  ཏང་གིས་ཏང་བདག་སྐྱོང་བྱས་ན་ད་གཟོད་ཏང་ལ་དོ་དམ་ཡག་པོ་ཡོང་ཐུབ་པ་དང་། ཏང་ནན་སྐྱོང་བྱས་ན་ད་གཟོད་ཏང་ལེགས་པོར་བཅོས་སྐྱོང་བྱས་ཐུབ། ཏང་ལ་བློ་སེམས་དཀར་བ་ནི་ཏང་ཡོན་ལས་བྱེད་པའི་ཆེས་རྩ་བའི་ཆབ་སྲིད་ཀྱི་བླང་བྱ་ཡིན། ཏང་ཡོངས་ཀྱི་བློ་མཐུན་རྣམ་པས་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། ལིང་ཅི་ཧྭའི་ཚབས་ཆེའི་སྒྲིག་འགལ་གྱི་གྱོད་གཞི་དེ་ལྡོག་ཕྱོགས་ཀྱི་མིག་དཔེའི་སློབ་དེབ་ཏུ་བྱས་ནས། བསླབ་བྱ་གཏིང་ཟབ་ཐོབ་པར་བྱེད་པ་དང་། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་སྲོལ་བརྟན་པོར་སྲུང་ཞིང་། ཏང་གི་གཅིག་སྡུད་གཅིག་གྱུར་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ཏེ། “ཁྱོན་ཡོངས་བཞི་”ཡི་འཐབ་ཇུས་ཀྱི་སྒྲིག་བཀོད་མཐུན་སྦྱོར་དང་སྐུལ་འདེད་གཏོང་ཆེད་སྔར་བས་ཆེ་བའི་བྱས་རྗེས་གསར་པ་འཇོག་དགོས་སོ།།

  བསོད་ནམས་མཚོས་བསྒྱུར།