ཀྲུང་གོའི་ཕུགས་འདུན་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འགོ་ཁྲིད་སྲོག་ཤིང་སྟོབས་ལྡན།

  

  __ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་94འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བ།

  དུས་དེབ་འདིའི་དཔྱད་གཏམ་པ།

  ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སྙོམ་འགྲིག་ངང་“ཁྱོན་ཡོངས་བཞི་”ཡི་འཐབ་ཇུས་ཀྱི་བཀོད་པ་སྐུལ་འདེད་གཏོང་བའི་དུས་འདིར་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་94འཁོར་བའི་དུས་བཟང་བསུས་པ་དང་། ང་ཚོས་འཐབ་ཕྱོགས་སོ་སོའི་སྟེང་ལས་ལ་བརྩོན་བཞིན་པའི་གུང་ཁྲན་ཏང་ཡོན་རྣམས་ལ་སྙིང་ཉེ་བའི་འཚམས་འདྲི་དང་དུས་སྟོན་གྱི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

  《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་》ཅེས་པའི་གླུ་དབྱངས་འདི་ནི་མེ་ལྕེ་དྲག་ཏུ་འབར་བའི་གསར་བརྗེའི་དམག་འཁྲུག་གི་ལོ་ཟླའི་ནང་བརྩམས་པ་ཞིག་ཡིན་ལ། དུས་ད་ལྟའི་བར་དུ་ཀྲུང་ཧྭའི་ས་གཞི་ཆེན་པོའི་སྟེང་དུ་ཉམས་པ་མེད་པར་ལེན་བཞིན་དུ་ཡོད། དེའི་ནང་དུ་ཀྲུང་གོའི་མི་དམངས་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་ལ་འཆང་བའི་སེམས་གཏིང་གི་གོང་བཀུར་དང་དགའ་ཞེན་འདུ་ཡོད་པ་དང་། ང་ཚོའི་ཏང་གིས་ལོ་རྒྱུས་ཀྱི་ཉམས་སད་དང་མི་དམངས་ཀྱིས་ཞིབ་བཤེར་ཐེག་ཡོད་པ་དཔང་སྒྲུབ་བྱས་ཡོད། ལོ་94གོང་དུ་ཀྲུང་གོའི་གུང་ཁྲན་ཏང་ཉིད་ཀྲུང་ཧྭ་མི་རིགས་འཇིག་ཉེན་ལ་ཐུག་པའི་གནད་འགག་གི་དུས་སུ་དབུ་བརྙེས་པ་དེ་ནི་ཀྲུང་གོའི་ལོ་རྒྱུས་ཀྱི་བསྟན་བཅོས་གསར་རྐྱང་ཞིག་གི་དབུ་བརྩམས་པའི་རླབས་ཆེ་བའི་དོན་དག་ཅིག་རེད། དུས་རབས་20པའི་དུས་འགོའི་ཀྲུང་གོ་ཉིད་ཕྱི་ནས་བཙན་རྒྱལ་རིང་ལུགས་པའི་བཙན་འཛུལ་དང་བརྙས་བཅོས་ཀྱི་འོག་ཏུ་ཚུད་པ་དང་། ནང་དུ་བཅས་བཀོད་རྒྱུད་འཛིན་གྱི་སྒེར་གཅོད་དབང་སྒྱུར་གྱི་གཉའ་གནོན་འོག་ཏུ་ཚུད་པས། མི་རིགས་ཀྱི་བྱུར་ཉེས་ཡ་ང་བ་དང་མི་དམངས་ཀྱི་འཚོ་བ་སྡུག་བསྔལ་གྱི་ཀློང་དུ་བཅར་ཡོད་པ་རེད། རྒྱལ་ཁབ་དང་མི་རིགས་ཉམས་ཉེས་ཀྱི་གནས་ལས་སྐྱོབ་ཕྱིར་སྔོན་ཐོན་གྱི་ཀྲུང་གོ་བ་མི་རབས་བསྟུད་མས་བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས་ལ་ཞུམ་པ་མེད་པར་འཐབ་རྩོད་བྱས་པ་རེད། དེ་ལྟར་ཀྱང་ཀྲུང་གོའི་གུང་ཁྲན་ཏང་དབུ་མ་བརྙེས་གོང་ལ་འཐབ་རྩོད་སྣ་ཚོགས་པས་ཀྲུང་གོ་རྙིང་པའི་སྤྱི་ཚོགས་ཀྱི་ངོ་བོ་དང་མི་དམངས་ཀྱི་ཡ་ང་བའི་ལས་དབང་འགྱུར་ལྡོག་གཏོང་མ་ཐུབ་པ་རེད། ཀྲུང་གོའི་གུང་ཁྲན་ཏང་གིས་རང་ཉིད་དབུ་བརྙེས་པ་ནས་བཟུང་མར་ཁེ་སི་རིང་ལུགས་དེ་རང་ཉིད་ཀྱི་དར་ཆའི་སྟེང་དུ་བཀོད་པ་དང་། གྲལ་རིམ་གྱི་དང་མི་རིགས་ཀྱི་འགན་ལྕི་ཕྲག་ཏུ་བླངས་ཤིང་། རང་ཉིད་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་ལ་གཞིགས་ཏེ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་སྐུལ་འདེད་བཏང་བས། དེ་ནས་བཟུང་སྟེ་ཀྲུང་གོའི་རྣམ་པ་གསར་སྐྱེ་བྱུང་བ་རེད། ལོ་94རིང་ལ་ཀྲུང་གོའི་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་ཉེ་བར་མཐུན་སྒྲིལ་དང་རྒྱབ་རྟེན་བྱས་ཏེ་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ཀྲུང་གོ་གསར་པ་བཙུགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་གཏན་ལ་ཕབ་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་བཏོད་པ་བཅས་ལ་བརྟེན། གཞི་རྩའི་ཐོག་ནས་ཀྲུང་གོའི་མི་དམངས་ཀྱི་མདུན་ལམ་དང་ལས་དབང་འགྱུར་ལྡོག་བཏང་བ་དང་། ཀྲུང་ཧྭ་མི་རིགས་ཉིད་འཛམ་གླིང་གི་ཤར་ཕྱོགས་སུ་འགྱིངས་ངེར་བཞེངས་ཐུབ་པ་བྱུང་ནས། མི་རིགས་རང་བཙན་དང་། མི་དམངས་བཅིངས་འགྲོལ། རྒྱལ་ཁབ་སྟོབས་ལྡན། མི་དམངས་བདེ་སྐྱིད་བཅས་ཡོང་བར་བྱས་རྗེས་ཆེན་པོ་བཞག་པ་རེད། ད་ལོ་ནི་ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཞི་སིར་ངོ་རྒོལ་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་ལོ་ཚིགས་རེད། ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་ནི་ཉེ་རབས་ནས་བཟུང་ཀྲུང་གོས་ཕྱི་དགྲའི་བཙན་འཛུལ་ལ་ངོ་རྒོལ་བྱེད་པར་མཐར་ཐུག་རྒྱལ་ཁ་དང་པོ་ཐོབ་པའི་མི་རིགས་བཅིངས་འགྲོལ་གྱི་དམག་འཁྲུག་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཉིད་ཉམས་རྒུད་ནས་བསྐྱར་དར་གྱི་ཕྱོགས་སུ་བསྐྱོད་པའི་དཀྱོག་མཚམས་གལ་ཆེན་པོ་ཡིན་ལ། འཛམ་གླིང་གི་ཧྥ་ཞི་སིར་ངོ་རྒོལ་དམག་འཁྲུག་གི་ལོ་རྒྱུས་སྟེང་གི་གཟི་དཔལ་འབར་བའི་ལེའུ་ཞིག་ཀྱང་རེད། ཀྲུང་གོའི་མི་དམངས་ཀྱིས་ལྗར་འགོག་དམག་འཁྲུག་གི་རྒྱལ་ཁ་ལེན་ཐུབ་དོན་ནི་ཏག་ཏག་ཀྲུང་གོའི་གུང་ཁྲན་ཏང་ཉིད་མི་རིགས་ཡོངས་ཀྱི་གདུང་འདེགས་ཀྱི་ཀ་བ་ཆགས་པས་རེད། དེ་ཡང་སྤོབས་པ་ཆེན་པོས་བཤད་ཆོག་པ་ཞིག་ནི། ཀྲུང་གོའི་གུང་ཁྲན་ཏང་ནི་རླབས་ཆེ་བ་དང་གཟི་བརྗིད་ལྡན་པ་དང་ཡང་དག་པའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་རང་རེད། ཀྲུང་གོའི་གུང་ཁྲན་ཏང་གི་ལོ་94རིང་གི་ལོ་རྒྱུས་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཕྱིར་འབད་བརྩོན་ལྷོད་མེད་བྱས་པའི་ལོ་རྒྱུས་རང་རེད།

  ཀྲུང་གོའི་གུང་ཁྲན་ཏང་གི་སྲིད་དབང་སྐྱོང་བའི་གོ་གནས་ནི་ལོ་རྒྱུས་ཀྱི་གདམ་ཀ་དང་མི་དམངས་ཀྱི་གདམ་ཀ་རེད་ལ། དེང་རབས་ཀྱི་ཀྲུང་གོ་གོང་འཕེལ་ཡར་རྒྱས་ཡོང་བའི་ལྡོག་མེད་ཀྱི་དགོས་དབང་རེད། ཏང་གི་འགོ་ཁྲིད་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་གཞི་རྩར་གྱུར་པའི་ཁྱད་རྟགས་རེད། དེ་ལྟར་ཀྱང་ཏང་གི་སྲིད་སྐྱོང་གོ་གནས་དང་འགོ་ཁྲིད་ཀྱི་གོ་གནས་ནི་ངང་ངམ་ཤུགས་ཀྱིས་དུས་ཡུན་རིང་པོར་འཁྱོངས་ཐུབ་པ་ཞིག་མ་རེད། ཀྲུང་གོའི་གུང་ཁྲན་ཏང་ཉིད་དཀའ་སྡུག་མང་པོ་བརྒྱུད་ཀྱང་མ་ཉམས་འགྱིངས་ངེར་བཞེངས་ཐུབ་པ་བྱུང་བ་དང་། བསྲེགས་བཅད་བརྡར་གསུམ་བྱས་ཀྱང་སྔར་བས་བརྟན་པར་གྱུར་པའི་རྒྱུ་མཚན་གལ་ཆེན་པོ་ཞིག་ནི། ང་ཚོའི་ཏང་གིས་འཛམ་གླིང་གི་གནས་ཚུལ་དང་། རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་གནས་ཚུལ་བཅས་ཀྱི་འགྱུར་ལྡོག་ལ་བསྟུན་ནས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱས་པ་དང་། བར་མཚམས་མེད་པར་རང་གིས་རང་ཉིད་གཙང་བཤེར་དང་། རང་གིས་རང་ཉིད་འཐུས་ཚང་། རང་གིས་རང་ཉིད་གསར་བརྗེ། རང་གིས་རང་ཉིད་སྟོབས་སྐྱེད་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འཛིན་སྐྱོང་བྱས་པས་རེད། འདི་ནི་ང་ཚོའི་ཏང་ཉིད་ཆུང་བ་ནས་ཆེ་བ་དང་ཉམས་ཆུང་ནས་སྟོབས་ལྡན་དུ་འཚར་ལོངས་བྱུང་བ་དང་། བར་ཆད་ལས་ངར་ཤུགས་རྒྱས་པ་དང་དཀའ་ངལ་ཁྱད་དུ་བསད་པ་ལས་དར་ལ་བབས་པའི་ཡིད་བཞིན་གྱི་ནོར་བུ་ཡིན་ལ། ཏང་གིས་རླབས་ཆེ་བའི་ལས་དོན་ལ་འགོ་ཁྲིད་བྱས་ཏེ་བསྟུད་མར་རྒྱལ་ཁ་ལེན་ཐུབ་བྱུང་བའི་གཞི་རྩའི་འགན་ལེན་ཡང་རེད། མིག་སྔར། ང་ཚོས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེ་བའི་འཐབ་རྩོད་སྤེལ་བཞིན་ཡོད། གནས་བབས་གསར་པའི་འོག་ཏུ་ང་ཚོའི་ཏང་གི་མདུན་དུ་ལྷགས་པའི་སྲིད་དབང་སྐྱོང་བའི་ཉམས་སད་དང་། བསྒྱུར་བཅོས་སྒོ་འབྱེད་བྱེད་པའི་ཉམས་སད། ཚོང་རའི་དཔལ་འབྱོར་གྱི་ཉམས་སད། ཕྱི་རོལ་ཁོར་ཡུག་གི་ཉམས་སད་བཅས་ནི་དུས་ཡུན་རིང་ལ་རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བ་ཞིག་ཡིན་པ་དང་། སེམས་གཡེང་ལེ་ལོའི་ཉེན་ཁ་དང་། འཇོན་ཐང་གིས་མི་འདང་བའི་ཉེན་ཁ། མང་ཚོགས་དང་ཁ་བྲལ་བའི་ཉེན་ཁ། སྒྱིད་ལུག་རུལ་སུངས་ཀྱི་ཉེན་ཁ་བཅས་སྔར་ལས་ཛ་དྲག་ཆེ་བའི་སྒོ་ནས་ཏང་ཡོངས་ཀྱི་མདུན་དུ་བཤམས་ཡོད་ཅིང་། ཏང་གིས་ཏང་སྐྱོང་རྒྱུ་དང་ཏང་ནན་སྐྱོང་བྱེད་རྒྱུ་དོན་འཁྱོལ་བྱེད་དགོས་པའི་ལས་འགན་དེ་འདས་པའི་དུས་གང་ཞིག་ལས་ཀྱང་ལྗིད་རྫོབ་ཆེ་བ་དང་དགོས་གཏུག་ཆེ་བ་རེད། ང་ཚོའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མུ་མཐུད་དུ་རང་རྒྱལ་གོང་འཕེལ་ཡོང་བའི་གལ་ཆེའི་འཐབ་ཇུས་གོ་སྐབས་དམ་འཛིན་དང་བེད་སྤྱོད་ཡག་པོ་བྱས་ཐོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་པ་དང་། ཉམས་སད་ཐེག་པ་དང་ཉེན་ཁ་སེལ་ཐུབ་དགོས་ན། ཆེས་གཞི་རྩར་གྱུར་པ་ནི་ཏང་འཛུགས་སྐྱོང་བྱེད་པའི་ལམ་ལུགས་ཀྱི་བསྒྱུར་བཅོས་ཟབ་སྤེལ་བྱེད་དགོས་པ་དེ་རེད། ང་ཚོ་ལྟ་བུའི་ཏང་ཡོན་ཁྲི་ཚོ་8700ལྷག་ཡོད་པ་དང་མི་གྲངས་དུང་ཕྱུར་13ལྷག་ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་ཏུ་དུས་ཡུན་རིང་པོར་སྲིད་དབང་སྐྱོང་བའི་ཏང་ཞིག་ལ་མཚོན་ན། ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱ་རྒྱུ་ནི་ལྷོད་ཡང་སྤུ་ཙམ་གཏོང་མི་རུང་བ་ཞིག་རེད། ལོ་རྒྱུས་ཀྱི་འགན་འཁྲི་ཇི་ལྟར་གཟི་བརྗིད་ཆེ་བ་དང་། འབད་བརྩོན་གྱི་དམིགས་འབེན་ཇི་ལྟར་རླབས་ཆེ་བ། སྲིད་སྐྱོང་གི་ཁོར་ཡུག་ཇི་ལྟར་རྙོག་འཛིང་ཆེ་བ་བཅས་ཡིན་ན། ང་ཚོས་དེ་ལྟར་ཉམས་ཉེས་དྲན་པའི་འདུ་ཤེས་ཆེ་རུ་སྐྱེད་དགོས་པ་དང་། དེ་ལྟར་ཏང་ནན་སྐྱོང་བྱེད་དགོས་ཤིང་། བསྒྱུར་བཅོས་དང་གསར་གཏོད་ཀྱི་སྙིང་སྟོབས་བསྐྱེད་དེ་ཏང་འཛུགས་སྐྱོང་བྱེད་པའི་རླབས་ཆེ་བའི་ལས་གཞི་གསར་པ་ཕྱོངས་ཡོངས་ནས་སྐུལ་འདེད་བཏང་ཐོག ང་ཚོའི་ཏང་ཉིད་དུས་གཏན་དུ་མི་ཕམ་པའི་གནས་སུ་ལངས་ཐུབ་པར་བྱེད་དགོས།

  ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཏང་འཛུགས་སྐྱོང་ལ་དོ་སྣང་ཆེན་པོ་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་བྱེད་པ་དེ་ཐོད་བརྒལ་བྱེད་ས་བྱས་ནས་གཏན་འཁེལ་ཚན་པ་བརྒྱད་བཏོན་པ་དང་། ཏང་གི་མང་ཚོགས་ལམ་ཕྱོགས་སྐོར་གྱི་སློབ་གསོ་དང་ལག་ལེན་གྱི་བྱེད་སྒོ་དང་“ནན་གསུམ་དྲང་གསུམ་”གྱི་ཆེད་དོན་སློབ་གསོ་བཀོད་སྒྲིག་བྱས་ཏེ་སྤེལ་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་ལ། ཐབས་བཀོད་ནུས་ཤུགས་ཆེ་ཞིང་ཕན་འབྲས་མངོན་གསལ་ཆེ་བ་བྱུང་ཡོད། ཏང་ནན་སྐྱོང་བྱེད་པའི་རྩ་བའི་དམིགས་ཡུལ་ནི་རླབས་ཆེན་གྱི་ལས་དོན་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ཏང་གི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱ་རྒྱུ་དེ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་སྤེལ་གཏོང་བའི་སྤྱི་ཁོག་ལ་གཞིགས་ནས་ང་ཚོའི་ཏང་གི་ལོ་རྒྱུས་ཐོག་ཐེངས་དང་པོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་བཅས་སྙོམ་འགྲིག་ངང་སྐུལ་འདེད་གཏོང་དགོས་པའི་འཐབ་ཇུས་ཀྱི་བཀོད་པ་བཏོན་ཞིང་གྲུབ་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་དགོས་པ་ནི་ཏང་འཛུགས་སྐྱོང་གི་རླབས་ཆེ་བའི་ལས་གཞི་གསར་པ་སྐུལ་འདེད་གཏོང་བའི་དགོས་དབང་གི་བླང་བྱ་ཡིན་ལ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་བྱེད་ཐུབ་པའི་གཞི་རྩའི་ཁག་ཐེག་ཡིན་པ་ནན་བཤད་གནང་ཡོད་པས། ཕྱོགས་ཡོངས་ནས་ཏང་འཛུགས་སྐྱོང་གི་རླབས་ཆེ་བའི་ལས་གཞི་གསར་པ་སྐུལ་འདེད་གཏོང་རྒྱུ་དང་ཕྱོགས་ཡོངས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་རླབས་ཆེན་པོ་སྐུལ་འདེད་གཏོང་རྒྱུར་སྟོབས་དང་ལྡན་པའི་བསམ་བློའི་དྲག་ཆས་འདོན་སྤྲོད་བྱས་ཡོད་པ་རེད།

  ཏང་འཛུགས་སྐྱོང་བྱེད་པ་ནི་ངེས་པར་དུ་ཏང་གིས་འགོ་ཁྲིད་བྱེད་པའི་རླབས་ཆེ་བའི་ལས་དོན་ལ་དམིགས་ནས་སྤེལ་དགོས་པ་སྟེ། ཏང་འཛུགས་སྐྱོང་བྱེད་པ་དེས་ཏང་གིས་འགོ་ཁྲིད་བྱེད་པའི་རླབས་ཆེ་བའི་ལས་དོན་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱེད་པ་དེ་ནི་ང་ཚོའི་ཏང་གིས་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན་དང་བསྒྱུར་བཅོས་གསུམ་ལ་འགོ་ཁྲིད་བྱེད་པའི་ཁྲོད་དུ། ཏང་གི་རང་ངོས་ཀྱི་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱེད་པའི་ཉམས་མྱོང་རྩ་ཆེན་ཞིག་ཡིན། ང་ཚོས་ཏང་འཛུགས་སྐྱོང་གི་རླབས་ཆེ་བའི་ལས་གཞི་གསར་པ་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་རླབས་ཆེན་པོ་དང་ཟུང་འབྲེལ་དམ་པོ་བྱས་ཏེ། སྙོམ་འགྲིག་ངང་“ཁྱོན་ཡོངས་བཞི་”ཡི་འཐབ་ཇུས་ཀྱི་བཀོད་པ་སྐུལ་འདེད་གཏོང་དགོས་པ་དང་། ཏང་འཛུགས་སྐྱོང་བྱ་རྒྱུ་དེ་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་སྐུལ་འདེད་གཏོང་རྒྱུ་དང་། ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་མངོན་འགྱུར་བྱེད་རྒྱུའི་ནང་དུ་གནད་ལ་འཁེལ་བར་དོན་འཁྱོལ་བྱེད་དགོས་ཤིང་། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་གྱི་བླང་བྱ་དེ་ཏང་ཡོངས་ཀྱི་བྱ་སྤྱོད་ལ་སྒྱུར་དགོས་པ་དང་། ཏང་གི་སྲིད་དབང་སྐྱོང་བའི་བྱེད་སྒོ་ཡོངས་སུ་དཀྱུས་སུ་བསྟར་དགོས་ཤིང་། ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་ལ་འགོ་ཁྲིད་བྱེད་པའི་གོ་རིམ་ཡོངས་སུ་ལག་བསྟར་མཐར་ཕྱིན་བྱེད་དགོས། གནས་བབས་གསར་པའི་འོག་ཏུ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དེ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་འབད་འཐབ་ཀྱི་དམིགས་འབེན་ལ་དམ་པོར་དམིགས་དགོས་པ་སྟེ། གོང་སྤེལ་གཏོང་བ་ཞེས་པའི་ཏང་གིས་སྲིད་དབང་བསྐྱངས་ནས་རྒྱལ་ཁབ་དར་སྤེལ་གཏོང་རྒྱུའི་ལས་འགན་ཨང་དང་པོ་འདི་སྟོབས་ཤུགས་གཅིག་བསྡུས་ཀྱིས་ཡག་པོར་འཛིན་དགོས་པ། མྱུར་ཚད་འབྲིང་མཐོའི་འཕར་སྣོན་འཛིན་སྐྱོང་དང་ཆུ་ཚད་འབྲིང་མཐོར་སྙེག་རྒྱུའི་“དམིགས་འབེན་གཉིས་”ལ་དམིགས་གཏོད་དགོས་པ། མི་མང་གིས་གསར་གཏོད་དང་མི་ཀུན་གྱིས་གསར་གཏོད་བྱེད་པ་དང་སྤྱི་པའི་ཐོན་རྫས་དང་སྤྱི་པའི་ཞབས་ཞུ་འཕར་སྣོན་གཏོང་བའི་“སྒུལ་འཁོར་གཉིས་”གསར་སྐྲུན་ཤུགས་ཆེན་བྱེད་དགོས་པ། དཔལ་འབྱོར་གོང་སྤེལ་གཏོང་སྟངས་སྤོ་སྒྱུར་བྱེད་རྒྱུ་དང་གསར་གཏོད་ལ་བརྟེན་ནས་གོང་འཕེལ་སྐུལ་འདེད་གཏོང་རྒྱུར་གྲུབ་འབྲས་གསར་པ་ཐོབ་རྒྱུ་འགན་ལེན་བྱེད་དགོས་པ་བཅས་དང་གཅིག ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་སྐུལ་འདེད་གཏོང་དགོས་པ་སྟེ། ཚན་རིག་དང་མཐུན་པར་སྲིད་དབང་སྐྱོང་རྒྱུ་དང་། དམངས་གཙོའི་སྒོ་ནས་སྲིད་དབང་སྐྱོང་རྒྱུ། ཁྲིམས་ལྟར་སྲིད་དབང་སྐྱོང་རྒྱུ་བཅས་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཚན་རིག་དང་མཐུན་པར་ཁྲིམས་འཛུགས་རྒྱུ་དང་། ཁྲིམས་བསྟར་གཟབ་ནན་བྱེད་རྒྱུ། ཁྲིམས་འཛིན་དྲང་སྙོམ་བྱེད་རྒྱུ། དམངས་ཡོངས་ཀྱིས་ཁྲིམས་བརྩི་སྲུང་བྱེད་རྒྱུ་བཅས་རྒྱུན་འཁྱོངས་བྱེད་དགོས་པ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་གོང་སྤེལ་གཏོང་དགོས་པ། གོ་རིམ་ལྡན་པའི་སྒོ་ནས་སྤྱི་དམངས་ཆབ་སྲིད་ལ་ཐེ་ཞུགས་བྱེད་རྒྱུ་རྒྱ་སྐྱེད་གཏོང་དགོས་པ། སྔར་ལས་འདྲ་མཉམ་གྱི་སྤྱི་ཚོགས་ཁོར་ཡུག་ཧུར་ཐག་གིས་སྐྲུན་དགོས་པ། མི་དམངས་ཀྱི་ཁེ་དབང་དང་སྤྱི་ཚོགས་ཀྱི་དྲང་སྙོམ་དྲང་བདེན་སྔར་ལས་ལྷག་པར་འགན་སྲུང་བྱེད་དགོས་པ་བཅས་དང་གཉིས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཤུགས་ཆེན་གྱིས་གསོ་སྐྱོང་དང་ལག་ལེན་བྱེད་དགོས་པ་སྟེ། ཀྲུང་ཧྭའི་སྲོལ་རྒྱུན་གྱི་ཕུལ་བྱུང་རིག་གནས་དང་སྲོལ་རྒྱུན་གྱི་ཀུན་སྤྱོད་བཟང་པོ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གོང་འཕེལ་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུ་སྐུལ་སྤེལ་གཏོང་དགོས་པ། རྒྱལ་ཁབ་ཀྱི་རིག་གནས་འཇམ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་གཏོང་དགོས་པ་བཅས་དང་གསུམ། སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་སྒྲིག་སྲོལ་གསར་གཏོད་བྱེད་དགོས་པ་སྟེ། སྤྱི་ཚོགས་ཞི་མཐུན་ཡོང་རྒྱུ་ཧུར་ཐག་གིས་སྐུལ་སྤེལ་གཏོང་དགོས་པ་དང་། ཤུགས་བཏོན་ནས་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་དགོས་པ། མང་ཚོགས་ཀྱི་སེམས་འཁུར་དང་རེ་ལྟོས་ལ་དུས་ཐོག་ཏུ་ཡ་ལན་སྤྲོད་དགོས་པ། མང་ཚོགས་བསམ་འཆར་ཆེ་བའི་གནད་དོན་འབུར་ཐོན་ཅན་ཧུར་ཐག་གིས་ཐག་གཅོད་བྱེད་དགོས་པ། མང་ཚོགས་ལ་དོན་དངོས་དང་དོན་བཟང་མང་ཙམ་སྒྲུབ་དགོས་པ། སྤྱི་ཚོགས་བྱ་གཞག་མགྱོགས་པོར་གོང་དུ་སྤེལ་དགོས་པ། ཕྱོགས་ཡོངས་ནས་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་དགོས་པ་བཅས་དང་བཞི། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་བརྟན་པོར་སྐྱེད་དགོས་པ་སྟེ། ཐོན་སྐྱེད་གོང་འཕེལ་ཡོང་བ་དང་། འཚོ་བ་འབྱོར་ཕྱུག་ལྡན་པ། སྐྱེས་ཁམས་བཟང་བ་བཅས་ཀྱི་གོང་འཕེལ་གྱི་བགྲོད་ལམ་རྒྱུན་ཆད་མེད་པར་གཏོད་དགོས་པ་དང་། ཐོན་ཁུངས་གྲོན་ཆུང་ཅན་དང་ཁོར་ཡུག་མཛའ་མཐུན་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་དགོས་པ། མི་དང་རང་བྱུང་བར་གྱི་ཞི་མཐུན་སྐུལ་སྤེལ་གཏོང་དགོས་པ། མི་དམངས་ཀྱིས་སྐྱེ་ཁམས་ཁོར་ཡུག་བཟང་པོའི་ནང་དུ་ཐོན་སྐྱེད་བྱེད་པ་དང་འཚོ་བ་རོལ་ཐུབ་པར་བྱེད་དགོས་པ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་གཏན་དུ་གོང་འཕེལ་ཡོང་བར་བྱེད་དགོས་པ་བཅས་དང་ལྔ། གནས་བབས་གསར་པའི་འོག་གི་དམག་སྟོབས་ཆེ་རུ་སྐྱེད་པའི་དམིགས་འབེན་ལ་དམ་པོར་དམིགས་ནས་རྒྱལ་སྲུང་དང་དམག་དཔུང་གི་བསྒྱུར་བཅོས་ཟབ་སྤེལ་བྱེད་དགོས་པ་དང་། དམངས་ཡོངས་ཀྱི་རྒྱལ་སྲུང་གི་འདུ་ཤེས་དང་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་ཆེ་རུ་སྐྱེད་དགོས་པ། ཞི་བདེ་དང་གོང་འཕེལ་གྱི་བརྗོད་གཞི་གཉིས་པོར་དམ་པོར་དམིགས་ནས་“རྒྱུད་གཅིག་ལམ་གཅིག་”གི་འཛུགས་སྐྲུན་སྐུལ་འདེད་གཏོང་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ཧུར་ཐག་གིས་འཛུགས་དགོས་པ་བཅས་སོ། །མདོར་ན། ཏང་གི་ལྟེ་བའི་ལས་འགན་ལ་གཞིགས་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བསྒྱུར་བཅོས་དང་གསར་གཏོད་ཀྱི་སྙིང་སྟོབས་བསྐྱེད་དེ་ཏང་འཛུགས་སྐྱོང་བྱེད་པའི་རླབས་ཆེ་བའི་ལས་གཞི་གསར་པ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་ཡིན་ཕྱིན། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་དུས་གཏན་དུ་འཛིན་སྐྱོང་བྱེད་ཐུབ་པ་དང་། ཏང་གིས་འགོ་ཁྲིད་བྱེད་པའི་རླབས་ཆེ་བའི་ལས་དོན་ལ་སྟོབས་དང་ལྡན་པའི་ཆབ་སྲིད་དང་རྩ་འཛུགས་ཀྱི་ཁག་ཐེག་འདོན་སྤྲོད་བྱེད་ཐུབ་ཅིང་། ཏང་གིས་སྲིད་དབང་བསྐྱངས་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་སྔར་ལས་ལྷག་པར་ཡོངས་འགྲུབ་བྱེད་ཐུབ་པ་རེད།

  ད་ནས་ལོ་6འདས་ཚེ་ཀྲུང་གོའི་གུང་ཁྲན་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་སླེབས་རྒྱུ་ཡིན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་རྒྱུ་རེད། ལོ་རྒྱུས་དང་མངོན་སུམ་གྱི་འདུ་གནས་སུ་ལངས་ནས་ཀྲུང་གོའི་གུང་ཁྲན་ཏང་གི་ལོ་94རིང་གི་འབད་འཐབ་བྱས་རབས་ལ་ཕྱིག་མིག་གིས་བལྟས་ཚེ། ང་ཚོར་བརྗོད་བྲལ་གྱི་གཟི་བརྗིད་དང་སྤོབས་པ་སྐྱེས་ཡོང་གི་འདུག ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་རྒྱུའི་འོད་སྟོང་འབར་བའི་མདུན་ལྗོངས་ལ་དམིགས་ཚེ། ང་ཚོར་རྣམ་པར་རྒྱལ་ངེས་པའི་གདེང་ཚོད་དང་སྟོབས་ཤུགས་སྐྱེས་ཡོང་གི་འདུག དེས་ན་ང་རང་ཚོ་བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་ཏུ་མཐུན་སྒྲིལ་དམ་པོ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱེད་པ་དང་། ཏང་གིས་འགོ་ཁྲིད་བྱེད་པའི་རླབས་ཆེ་བའི་ལས་དོན་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་མཉམ་དུ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་རྣམ་པ་གསར་པ་ཤུགས་ཆེན་གྱིས་བཏོད་ཐོག “ཁྱོན་ཡོངས་བཞི་”ཡི་འཐབ་ཇུས་ཀྱི་བཀོད་པ་སྙོམ་འགྲིག་ངང་སྐུལ་འདེད་གཏོང་བར་སྔར་ལས་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་སྐྱེད་གསོ་བྱེད་པ་དང་། “ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་བསྐྱོད་ལམ་སྟེང་དུ་མུ་མཐུད་ནས་གཟི་དཔལ་བསྐྲུན་པར་བྱའོ། །

  རྟ་རྡོས་བསྒྱུར།