མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན། མང་ཚོགས་ཅན་དུ་སྐུལ་འདེད་གཏོང་བའི་རྩ་བའི་བྱེད་ཐབས།

  དེབ་འདིའི་དཔྱད་གཏམ་པ།

  མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་ལས་གཞི་ནི་2004ལོར་འགོ་ཚུགས་པ་ནས་ད་བར་ལོ་ངོ་10ལྷག་བརྒལ་ཟིན། ཏང་ཀྲུང་དབྱང་གི་མཐོང་ཆེན་ཆེན་པོ་དང་ཐད་ཀའི་འགོ་ཁྲིད་འོག ལས་གཞི་ཡིས་ལས་ཀ་འབོར་ཆེན་བསྒྲུབས་པ་དང་གཡུར་ཟའི་གྲུབ་འབྲས་བླངས་ཏེ། མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ཞིབ་འཇུག་དང་སློབ་ཁྲིད་ནི་མཚམས་ཤིག་ལ་སྟོང་པ་ཅན་དང་ཉམས་དམས་ཅན། མཐའ་ཁུལ་ཅན་དུ་ལུས་པའི་གནས་ཚུལ་དེ་འགྱུར་ལྡོག་བཏང་ནས་མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་ལ་རྣམ་པ་གསར་པ་མངོན་ཡོད། ཡུན་རིང་མ་འགོར་བའི་སྔོན་དུ་སྐོང་འཚོགས་གནང་བའི་མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་ལས་གཞིའི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ནས། ལས་དོན་ཁྱོན་བསྡོམས་དང་གནས་བབས་དབྱེ་ཞིབ། འགན་འཁྲི་གསལ་པོར་བྱས་ཤིང་། ལྟེ་བ་ལ་གཞིགས་ནས་སྤྱི་ཡོངས་ལ་ཞབས་ཞུ་བསྒྲུབ་པའི་བླང་བྱ་བཏོན་ཡོད། གནས་བབས་འགྱུར་ལྡོག་ལས་བཏོན་པའི་བླང་བྱ་གསར་པར་ངོས་འཛིན་དང་། ལག་ལེན་འཕེལ་རྒྱས་ཀྱིས་སྟེར་བའི་ལས་འགན་གསར་པར་ངོས་འཛིན་ཡག་པོ་བྱས་ཏེ། ལས་གཞི་དེ་འཐབ་ཇུས་ལས་འགན་དུ་བརྩིས་ནས་དུས་ཡུན་རིང་པོའི་ནང་དམ་འཛིན་བྱེད་དགོས་རྒྱུ་བསྟན་ཡོད།

  མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་ལས་གཞི་ལག་ལེན་བསྟར་རྒྱུ་ནི། ཏང་ཀྲུང་དབྱང་གིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན། མང་ཚོགས་ཅན་དུ་སྐུལ་འདེད་གཏོང་བའི་ཐོག་རྐང་འཛུགས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཐབ་ཇུས་སྤྱི་ཡོངས་ཐོག་རྐང་འཛུགས་ནས་གཏན་འཁེལ་བྱས་པའི་གལ་ཆེའི་ཐབས་ཇུས་ཤིག་ཡིན། ལས་གཞི་ལག་བསྟར་བྱས་ཚུན། རིམ་པ་སོ་སོའི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས། ཆེད་མཁས་དང་མཁས་དབང་རྣམས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་སྒྲིག་བཀོད་ལག་བསྟར་ནན་མོ་དང་། ཧུར་ཐག་གིས་ཞུགས་པ། ཤུགས་སྡེབ་མཉམ་ལས། འགག་སྒྲོལ་ཐུབ་པ་བཅས་བྱས་པ་རེད། མར་ཁེ་སི་རིང་ལུགས་ཀྱི་གསུང་རབ་བཀའ་རྩོམ་སྒྲིག་སྒྱུར་དང་རྩ་བའི་ལྟ་བར་ཞིབ་འཇུག ཏང་གི་གཞུང་ལུགས་གསར་གཏོད་གྲུབ་འབྲས་ལ་སློབ་སྦྱོང་དང་ཞིབ་འཇུག་དྲིལ་བསྒྲགས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་རིག་པ་བཅས་ཚན་ཁག་མ་ལག་དང་སློབ་དེབ་མ་ལག་གི་འཛུགས་སྐྲུན། གཞུང་ལུགས་ཤེས་ལྡན་མི་སྣ་རུ་ཁག་འཛུགས་སྐྱོང་བཅས་ཀྱི་ཕྱོགས་ལ་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཞིག་ཐོབ་ཡོད་པ་དང་། རླབས་ཆེའི་དར་ཆ་མཐོ་སྒྲེང་དང་སྣེ་ཁྲིད་དཔེ་མཚོན་གྱི་ཕན་ནུས་འདོན་སྤེལ་བྱེད་པ། བསམ་བློའི་གཞུང་ལུགས་ལས་དོན་གྱི་ལམ་སྲོལ་གསར་གཏོད་བྱེད་པ་བཅས་ཀྱི་གལ་ཆེའི་ནུས་པ་བཏོན་ནས། མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་སྲ་བརྟན་དུ་གཏོང་ཆེད་དང་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་རིག་པ་དར་རྒྱས་གཏོང་ཆེད་དང་། བསྒྱུར་བཅོས་འཕེལ་རྒྱས་བརྟན་བརླིང་ལ་སྐུལ་སྤེལ་གཏོང་ཆེད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བཅས་ལ་བྱས་རྗེས་ཆེན་པོ་བཞག་ཡོད། ལག་ལེན་ལས་ར་འཕྲོད་བྱུང་དོན། མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་ལས་གཞི་ལག་བསྟར་ནན་མོ་བྱེད་པའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་ནི་རྦད་དེ་ཡང་དག་པ་ཞིག་ཡིན་ལ། ལས་གཞི་འདི་ནི་ཏང་གི་བསམ་བློའི་གཞུང་ལུགས་འཛུགས་སྐྲུན་བྱེད་པའི་ཚེ་སྲོག་གི་ལས་གཞི་དང་རྨང་གཞིའི་ལས་གཞི། འཐབ་ཇུས་ཀྱི་ལས་གཞི་བཅས་ཡིན་པ་ནི་ངོ་གནོང་མི་དགོས་པ་ཞིག་རེད།

  ལོ་རྒྱུས་ལ་ཕྱི་བལྟས་དང་གོ་ལ་ཡོངས་ལ་གཅིག་བལྟས་ཚེ། སྲིད་ཏང་དང་རྒྱལ་ཁབ། མི་རིགས་གང་འདྲ་ཞིག་གིས་ཀྱང་ང་ཚོས་ལྟ་བུ་མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་དེ་སྲ་བརྟན་གཅིག་སྲུང་བྱེད་མཁན་ཞིག་ཡོད་མ་མྱོང་བ་དང་། བསམ་བློའི་གཞུང་ལུགས་འཛུགས་སྐྲུན་ལ་མཐོང་ཆེན་ཚད་མེད་དང་། ཁྱད་པར་དུ་སུའུ་ཤར་འགྱུར་བ་དྲག་པོ་དང་། འཛམ་གླིང་སྤྱི་ཚོགས་རིང་ལུགས་ཀྱི་བྱ་འགུལ་འགྲིབ་རླབས་སུ་འཛུལ་བའི་གནས་ཚུལ་གྱི་འོག་ཏུ། ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན། མང་ཚོགས་ཅན་ཅན་གྱི་དར་ཆ་མཐོ་པོ་བསྒྲེངས་ནས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ཡོད། མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ཞིབ་འཇུག་ལ་ད་ལྟ་བ་ཡོད་པ་ལས་མ་འོངས་པ་མེད། མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་ལས་གཞི་ལ་ཤུགས་སྣོན་རྒྱག་པ་ལས་ཉམས་དམས་སུ་གཏོང་མི་རུང་། ངེས་པར་དུ་ནུས་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་གཏིང་ཟབ་ཏུ་སྐུལ་འདེད་གཏོང་དགོས། འདི་ནི་དུས་རབས་ཀྱིས་ང་ཚོར་སྟེར་བའི་འགན་འཁྲི་རླབས་ཆེན་ཞིག་ཡིན། ལས་གཞི་དེ་འཐབ་ཇུས་ལས་འགན་དུ་བརྩིས་ནས་གཏིང་ཟབ་སར་ཁྲིད་པའི་ནང་སྐྱེས་ཀྱི་སྒུལ་ཤུགས་དེ་གང་ནས་བྱུང་བ་རེད་ཅེས་ཟེར་ན། དང་པོ་ནི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྟོན་གོ་གནས་སྲ་བརྟན་དུ་གཏོང་རྒྱུ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་བླང་བྱ་ནས་བྱུང་བ་རེད། མར་ཁེ་སི་རིང་ལུགས་ནི་ང་ཚོའི་ཏང་འཛུགས་རྒྱལ་འཛུགས་སྐོར་གྱི་རྩ་བའི་སློབ་སྟོན་བསམ་བློ་ཡིན་ལ། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་ཐུན་མོང་འབད་བརྩོན་གཅིག་འདྲིལ་བྱེད་པའི་བསམ་པའི་དར་ཆའང་ཡིན། མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་སྲ་བརྟན་དུ་གཏོང་རྒྱུ་ནི་མི་སེམས་གཅིག་འདྲིལ་བྱེད་རྒྱུ་དང་བྱ་གཞག་རྒྱལ་ཕམ་ལ་རག་ལས། གཉིས་པ་ནི་“ཁྱོན་ཡོངས་བཞི་”ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་སྒྲིག་བཀོད་དང་“ལོ་བརྒྱ་གཉིས་”མངོན་འགྱུར་བྱེད་པའི་འབད་འཐབ་དམིགས་ཡུལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་ཏེ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་འཐབ་ཇུས་བླང་བྱ་བཅས་ནས་བྱུང་བ་རེད། གལ་ཆེའི་གཞུང་ལུགས་དང་དངོས་ཡོད་གནད་དོན་གྱི་ཞིབ་འཇུག་ཇེ་ཟབ་གཏོང་རྒྱུ་དང་། གཞུང་ལུགས་གསར་གཏོད་ཀྱིས་ལྟ་བ་གསར་གཏོད་ལ་སྣེ་ཁྲིད་བྱེད་རྒྱུ། གཞུང་ལུགས་འཚོལ་ཞིབ་ཀྱིས་འཕེལ་རྒྱས་ཆོས་ཉིད་རྒྱུས་ལོན་བྱེད་རྒྱུ། གཞུང་ལུགས་ཡིད་ཆེས་ཀྱིས་བྱ་སྤྱོད་རང་མོས་ལ་སྐུལ་སྤེལ་བཏང་ནས་སྔར་ལས་ལྷག་པའི་སྒོ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་སྒྲིག་བཀོད་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་ལ་སྐུལ་འདེད་གཏོང་དགོས་པ་རེད། གསུམ་པ་ནི་སྣ་མང་རིགས་མང་འགྱུར་མང་གི་སྤྱི་ཚོགས་བསམ་རླབས་ལ་སྣེ་ཁྲིད་དང་། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་འགོ་ཁྲིད་དབང་ཆ་དང་སྐད་ཆ་བཤད་དབང་སྟངས་འཛིན་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ནས་བྱུང་བ་རེད། མིག་སྔར། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སྤྱིའི་གནས་བབས་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་རྣམས་དང་འདྲ་བར་ཡར་ཐོན་དང་ལེགས་ཕྱོགས་སུ་བསྐྱོད་བཞིན་ཡོད། དབྱངས་རྟ་གཙོ་བོ་སྔར་བས་གསལ་པོ་གྱུར་པ་དང་། ནུས་སྟོབས་དྲང་ཕྱོགས་སྔར་བས་ཤུགས་ཆེན་ཡིན། དུས་མཚུངས་སུ། གཙོ་རྒྱུག་གི་བསམ་བློའི་གླེང་ཕྱོགས་རྒྱ་ཆེ་དང་ཇེ་བརྟན་དུ་གཏོང་བ་དང་། ཕན་ནུས་ལྡན་པའི་སྒོ་ནས་བསམ་པའི་རླབས་རྒྱུན་གྱི་ནོར་འཁྲུལ་སྣ་ཚོགས་ཀྱི་ཤུགས་རྐྱེན་བཀག་སྡོམ་བྱེད་དགོས་པས། ལས་འགན་ནི་མྱུར་མཁོ་ཆེ་ལ་དཀའ་ཚེགས་ཆེ་བ་ཞིག་ཡིན། ང་ཚོས་འགྲན་སློང་ལ་ཐད་ཀར་ཁ་གཏད་འཇལ་བ་དང་། འགན་འཁུར་ནས་“སྲ་བརྟན་གཉིས་”མངོན་འགྱུར་བྱེད་རྒྱུ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་སྐུལ་འདེད་གཏོང་བར་སྟོབས་ཤུགས་ལྡན་པའི་བསམ་བློའི་གཞུང་ལུགས་ཀྱི་རྒྱབ་སྐྱོར་མཁོ་སྤྲོད་བྱེད་དགོས།

  ཏང་ཀྲུང་དབྱང་གི་སྒྲིག་བཀོད་ལ་གཞིགས་ནས། ང་ཚོས་མུ་མཐུད་དུ་ལས་གཞིའི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། གཅིག་ནས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་ཞིབ་འཇུག་དང་རྒྱས་བཤད་བྱེད་རྒྱུ་དེ་སྒྲུབ་ཕྱོགས་གཙོ་བོར་འཛིན་ནས། དུས་རབས་21པའི་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་གཏོང་རྒྱུའི་ཆེད་དུ་འབད་བརྩོན་བྱེད་དགོས། མུ་མཐུད་ནས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པའི་རྨང་གཞིའི་ཐོག ནུས་ཤུགས་ཆེན་པོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དང་གཞུང་ལུགས་མ་ལག ལམ་ལུགས་ཀྱི་ཞིབ་འཇུག་འགྲེལ་བཤད་ཇེ་རྒྱས་སུ་གཏོང་དགོས་པ་དང་། ཏང་ཡོན་ལས་བྱེད་པ་ལ་སྣེ་ཁྲིད་ནས་མར་ཁེ་སི་རིང་ལུགས་ཀྱི་དད་པ་ཇེ་བརྟན་དུ་གཏོང་བ་དང་། མི་དམངས་ཡོངས་ལ་སྣེ་ཁྲིད་ནས་ཐུན་མོང་གི་ཕུགས་འདུན་དད་མོས་ཇེ་བརྟན་དུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་མ་ལག་གི་ཆེས་གསར་པའི་གྲུབ་འབྲས་ཡིན། ཏང་གི་གཞུང་ལུགས་གསར་གཏོད་གོམ་པའི་རྗེས་སུ་ཚགས་དམ་པོས་སྙེག་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་དགོངས་དོན་རབ་དང་རིམ་པར་ཞིབ་འཇུག་དང་འགྲེལ་བཤད་ཟབ་མོ་རྒྱག་པའི་བསམ་བློའི་གཞུང་ལུགས་འཛུགས་སྐྲུན་གྱི་ལས་འགན་གལ་ཆེན་དུ་བརྩིས་ནས། གསུང་བཤད་ཞིབ་འཇུག་དང་འགྲེལ་བཤད་ཟབ་མོ་རྒྱག་རྒྱུའི་ལོ་རྒྱུས་ཀྱི་གནས་ཐིག་དང་། ཚན་རིག་མ་ལག་དང་དེའི་ནང་འདུས་པའི་བསམ་བློ་གསར་པ་དང་ལྟ་བ་གསར་པ། དཔྱད་བརྗོད་གསར་པའི་སྟེང་འབད་བརྩོན་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཕི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་རབ་དང་རིམ་པས་ཀླད་པར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་སྟོན་གནང་བ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གཉིས་ནས་ཐོག་མཐའ་བར་གསུམ་དུ་གནད་དོན་གྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཤིང་། མི་རྣམས་ཀྱིས་སེམས་ཁུར་བྱེད་པའི་གལ་ཆེའི་གཞུང་ལུགས་དང་དངོས་ཡོད་ཀྱི་གནད་དོན་ལ་དྲིས་ལན་ཟབ་མོ་བཏབ་ཡོད། ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་དངོས་ཡོད་གནས་ཚུལ་ལ་འབྲེལ་བ་ཚགས་དམ་པོར་བྱས་པ་དང་། ལས་བྱེད་མང་ཚོགས་ཀྱི་བསམ་བློ་དངོས་ཡོད་དང་འབྲེལ་བ་བྱས་ཤིང་། ཏང་ཀྲུང་དབྱང་གིས་བཏོན་པའི་གལ་ཆེའི་བསམ་བློ་ལྟ་བ་དང་གལ་ཆེའི་འཐབ་ཇུས་སྒྲིག་བཀོད། གལ་ཆེའི་ལས་དོན་བྱེད་ཐབས་བཅས་ལ་གཞིགས་ནས། ཞིབ་འཇུག་བྱེད་ཕྱོགས་དང་གནད་འགངས་ཆེ་ས་གཏན་འཁེལ་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་མང་ཙམ་བླངས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་བསྒྱུར་བཅོས་འཕེལ་རྒྱས་བརྟན་བརླིང་བཅས་ཀྱི་གནས་བབས་ལ་ཞབས་ཞུ་བསྒྲུབ་དགོས། རིམ་པ་གཏིང་ཟབ་མོའི་བསམ་བློའི་གཞུང་ལུགས་གནད་དོན་གྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པ་དང་། སྤྱི་ཚོགས་ཀྱི་རླབས་རྒྱུན་སྣ་ཚོགས་ལ་བརྟག་དཔྱད་དབྱེ་ཞིབ་དང་ཁྲིད་སྟོན་ཇེ་ཟབ་བཏང་ནས། མི་རྣམས་ཀྱི་རབ་རིབ་ཀྱི་ངོས་འཛིན་ལ་གསལ་འབྱེད་བྱེད་རོགས་དང་། དབྱེ་གཅོད་ཀྱི་ནུས་པ་མཐོ་འདེགས་གཏོང་རོགས་བྱེད་དགོས། གསུམ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་རིག་པའི་མ་ལག རིག་རྩལ་སྐད་ཆའི་མ་ལག་ཐད་ལ་འཕེལ་རྒྱས་ཆེན་པོ་་བྱུང་རྒྱུ་དང་། ནུས་ཤུགས་ཆེན་པོས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་འགོ་ཁྲིད་དབང་ཆ་དང་རང་འགུལ་དབང་ཆ་སྟངས་འཛིན་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་རང་གི་གཞུང་ལུགས་གསར་གཏོད་ཀྱི་བགྲོད་ལམ་དུ་བསྐྱོད་རྒྱུ་དང་། ཀྲུང་གོའི་གཞུང་ལུགས་ཀྱིས་ཀྲུང་གོའི་ལག་ལེན་འགྲེལ་བཤད་རྒྱག་རྒྱུ་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་ལག་ལེན་ཐོག་རྐང་ཚུགས་ནས་ཀྲུང་གོའི་གཞུང་ལུགས་བཙོ་སྦྱང་བྱེད་པ། ཀྲུང་གོའི་བགྲོད་ལམ་གྱི་ཐུན་མོང་མ་ཡིན་པའི་གསར་གཏོད་དང་ཀྲུང་གོའི་གཞུང་ལུགས་ཀྱི་ཐུན་མོང་མ་ཡིན་པའི་བྱས་རྗེས། ཀྲུང་གོའི་ལམ་ལུགས་ཀྱི་ཐུན་མོང་མ་ཡིན་པའི་དགེ་མཚན་བཅས་རྒྱས་བཤད་བྱེད་པ། ཀྲུང་ཧྭ་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་འབྱུང་ཁུངས་རྒྱས་བཤད་བྱེད་པ། དེང་རབས་ཀྲུང་གོའི་ལག་ལེན་གང་ལེགས་མཚོན་པའི་མཚན་ཉིད་རིག་པ་དང་། དཔལ་འབྱོར་རིག་པ། ཆབ་སྲིད་རིག་པ་བཅས་གསར་འཛུགས་བྱེད་པ། ཀྲུང་གོའི་གཞུང་ལུགས་དང་ཀྲུང་གོའི་རིན་ཐང་། ཀྲུང་ཧྭ་རིག་གནས་བེད་སྤྱད་ནས་བསམ་བློའི་གཞུང་ལུགས་ཀྱི་འཐབ་ས་བཟུང་དགོས། ཚན་ཁག་འཛུགས་སྐྲུན་དང་རིག་རྩལ་གྲུབ་འབྲས། ལས་ཀའི་གོ་མིང་དཔྱད་དཔོག་བཅས་ཕྱོགས་ཀྱི་དཔྱད་བརྗོད་ཚད་གཞིའི་གནད་དོན་མགྱོགས་མྱུར་དུ་ཐག་གཅོད་གཏོང་དགོས་པ་དང་། ཏན་ཏན་ཏིག་ཏིག་གིས་ལས་གཞིའི་གཙོ་གནད་སློབ་དེབ་ཀྱི་བེད་སྤྱོད་དམ་འཛིན་བྱས་ནས། བསམ་བློ་ཆབ་སྲིད་གཞུང་ལུགས་ཀྱི་སློབ་ཁྲིད་ལེགས་བཅོས་དང་གསར་གཏོད་བྱས་ཤིང་། གོ་སྐོན་གྱི་ནུས་པ་དང་ཡིད་འགུག་གི་ནུས་པ་མཐོ་རུ་གཏོང་དགོས། མུ་མཐུད་དུ་གྲུབ་འབྲས་བླངས་རྒྱུ་དང་འཇོན་ཐང་ཅན་བརྩོན་ལེན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཕུལ་དུ་བྱུང་བའི་གཞུང་ལུགས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རྒྱུ་དེ་འབུར་དུ་ཐོན་པའི་ལས་འགན་དུ་བརྩིས་ནས་དམ་འཛིན་དང་། ན་གཞོན་པ་གཞུང་ལུགས་ཤེས་ལྡན་མི་སྣ་ལ་རོགས་སྐྱོར་བྱེད་ཚད་རྒྱ་ཆེར་གཏོང་བ། ཕུལ་དུ་བྱུང་བའི་གྲུབ་འབྲས་དྲིལ་བསྒྲགས་མཚམས་སྦྱོར་ལ་ཤུགས་སྣོན་རྒྱག་པ། ལས་གཞིའི་ལས་དོན་དེ་ཤེས་ཡོན་ཅན་གྱི་ལས་དོན་དང་ཟུང་འབྲེལ་བྱས་ནས། ལས་གཞི་དེ་དངོས་སུ་མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་པ་དང་། སློབ་གསོ་པ། དྲིལ་བསྒྲགས་པ་བཅས་གསོ་སྐྱོང་བྱེད་པའི་གལ་ཆེའི་འཐབ་ས་དང་ལས་སྟེགས་སུ་འགྱུར་བར་བྱེད་དགོས། ལས་གཞིའི་ལས་དོན་ལ་སྐུལ་འདེད་ཟབ་མོ་གཏོང་རྒྱུར་ཧ་ཅང་མཐོ་བའི་བསམ་བློའི་རང་བཞིན་དང་། གཞུང་ལུགས་ཀྱི་རང་བཞིན། ཆབ་སྲིད་ཀྱི་རང་བཞིན་ལྡན་དགོས་པ་དང་། ངེས་པར་དུ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལས་དོན་ཆུ་ཚད་མཐོ་རུ་གཏོང་དགོས། ལས་གཞིའི་གཙོ་སྐྱོང་སྡེ་ཁག་དང་ནང་དུ་ཞུགས་པའི་ལས་ཁུངས་ཡོད་ཚད་ཀྱིས་འགན་ཁུར་གྱི་འདུ་ཤེས་མཐོ་རུ་གཏོང་བ་དང་། ལས་འགན་སོ་སོ་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་ནན་མོ་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན། མང་ཚོགས་ཅན་དུ་སྐུལ་འདེད་བཏང་སྟེ། “ཁྱོན་ཡོངས་བཞི་”ཡི་འཐབ་ཇུས་སྒྲིག་བཀོད་ལ་སྐུལ་འདེད་མཐུན་པོ་གཏོང་རྒྱུར་སྔར་ལས་ལྷག་པའི་བྱས་རྗེས་འཇོག་དགོས།

  བློ་བཟང་ལྷ་མོས་བསྒྱུར།