མི་སེམས་དང་སྟོབས་ཤུགས་ནི་འཐབ་ཕྱོགས་གཅིག་གྱུར་གྱི་ཐབས་མཆོག་ནུས་པ་འདོན་པའི་རྩ་བ་ཡིན།

  ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་དགོས།

  ཐུང་ཡན།

  ཉེ་སྔོན། ཏང་ཀྲུང་དབྱང་གིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྲོས་ཚོགས་ཚོགས་པ་དང་། 《ཀྲུང་གོ་གུང་ཁྲན་ཏང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》ཁྱབ་བསྒྲགས་དང་ལག་བསྟར་བྱས་ཏེ། གནས་བབས་གསར་པའི་འོག་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་ཁྱོན་ཡོངས་ནས་འཆར་འགོད་དང་བཀོད་སྒྲིག་བྱས། དེ་ནི་འཐབ་ཕྱོགས་གཅིག་གྱུར་གོང་སྤེལ་གཏོང་བའི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན་ཡོད། ལྷག་པར་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་གནས་བབས་གསར་པ་དང་ལས་འགན་ལ་དམིགས་ཏེ། འཐབ་ཕྱོགས་གཅིག་གྱུར་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་གསར་བརྗེ་དང་འཛུགས་སྐྲུན། བསྒྱུར་བཅོས་བཅས་ཀྱི་བྱ་གཞག་ལ་རྒྱལ་ཁ་ལེན་པའི་ཁྱད་ནོར་གལ་ཆེན་དང་། དེ་ནི་ཏང་གི་གྲལ་རིམ་གྱི་རྨང་གཞི་དང་། ཏང་གི་མང་ཚོགས་ཀྱི་རྨང་གཞི་གཞི་རྒྱ་ཆེ་རུ་གཏོང་བ་དང་། ཏང་གི་སྲིད་སྐྱོང་གི་གོ་གནས་སྲ་བརྟན་དུ་གཏོང་བ་བཅས་ཀྱི་གལ་ཆེའི་ཐབས་མཆོག་དང་། དེ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐབས་མཆོག་བཅས་ཡིན་པ་ནན་བཤད་གནང་བ་དང་། དེ་ནི་རང་རེའི་ཏང་གིས་འཐབ་ཕྱོགས་གཅིག་གྱུར་གྱི་གནས་བབས་དང་ནུས་པར་ངོས་འཛིན་མཐོ་རུ་སོང་ནས་བསམ་བློ་གཏོང་ཕྱོགས་གསར་པ་ཞིག་ཏུ་སླེབས་ཡོད་པ་མཚོན་ཡོད།

  དང་པོ། ཐབས་ཕྱོགས་གཅིག་གྱུར་ནི་ཐབས་མཆོག་ཡིན་པའི་རྒྱུ་མཚན་ཅི།

  བློ་མཐུན་མའོ་ཙེ་ཏུང་གིས་1939ལོར་འཐབ་ཕྱོགས་གཅིག་གྱུར་ནི་ཏང་གི“ཐབས་མཆོག་ཆེན་པོ་གསུམ”གྱི་གྲས་ཡིན་པ་ཐོག་མར་བཏོན་པ་དང་། དེ་ནས་ཏེང་ཞའོ་ཕིང་དང་ཅང་ཙེ་མིན། ཧུའུ་ཅིན་ཐའོ་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་རྣམས་ཀྱིས་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བར་འཐབ་ཕྱོགས་གཅིག་གྱུར་གྱི་ཐབས་མཆོག་གོ་གནས་དང་ནུས་པ་ནན་བཤད་ཡང་ཡང་གནང་ཡོད། ཐེངས་འདིའི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔར་ལས་ལྷག་པའི་སྒོ་ནས་བསྟན་དོན། བློ་ཕྱོགས་བསྟན་མིན་དང་སྟོབས་ཤུགས་ཆེ་ཆུང་གི་བསྡུར་ཚད་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་རྒྱལ་ཕམ་ཅི་ཡོང་གི་འགག་རྩ་ཡིན་པ་དང་། དེ་ནི་ཆབ་སྲིད་ཆེ་ཤོས་ཤིག་རེད། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱིས་ཐག་གཅོད་གཏོང་རྒྱུ་ནི་མི་སེམས་དང་སྟོབས་ཤུགས་ཀྱི་གནད་དོན་ཡིན་ཞེས་པ་དེས་གཞི་རྩའི་ཐོག་ནས་འཐབ་ཕྱོགས་གཅིག་གྱུར་ནི་རང་རེའི་ཏང་གི་ཐབས་མཆོག་གལ་ཆེན་པའི་རྒྱུ་མཚན་གསལ་བཤད་བྱས་ཡོད་དེ། དེའི་རྩ་བའི་རྒྱུ་རྐྱེན་ནི་འཐབ་ཕྱོགས་གཅིག་གྱུར་གྱིས་མི་སེམས་དང་སྟོབས་ཤུགས་ཀྱི་གནད་དོན་ཐག་གཅོད་དང་། དེ་དང་ཏང་གི་བྱ་གཞག་རླབས་པོ་ཆེ་དང་ཏང་འཛུགས་སྐྱོང་བྱེད་པའི་ལས་དོན་རླབས་པོ་ཆེ་ཐོག་མཐའ་བར་གསུམ་དུ་འབྲེལ་བ་དམ་པོ་ཡོད་ཅིང་། འདས་ཟིན་པ་དང་ད་ལྟ་དང་འབྱུང་འགྱུར་གང་ཞིག་ཡིན་རུང་མེད་དུ་མི་རུང་བ་ཞིག་རེད།

  འཐབ་ཕྱོགས་གཅིག་གྱུར་གྱི་ཐབས་མཆོག་གི་ནུས་པ་དེ་ལོ་རྒྱུས་དང་མཛད་ རྗེས་ཀྱིས་ཐག་བཅད་ཡོད། གསར་བརྗེ་དང་། འཛུགས་སྐྲུན། བསྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་འཐབ་ཕྱོགས་གཅིག་གྱུར་དེ་ཏང་ཡོངས་ཀྱི་ལས་ཀའི་གལ་ཆེའི་གོ་གནས་སུ་བཞག་ཡོད་པ་དང་། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་དང་། སྐུལ་སློང་བྱེད་ཐུབ་པའི་མཐུན་རྐྱེན་ཡོད་ཚད་ལ་སྐུལ་སློང་བྱས་པ་དེ་དག་རེ་རེ་བཞིན་རྒྱལ་ཁ་ཐོབ་ཡོད།

  གསར་བརྗེའི་དམག་འཁྲུག་གི་དུས་སུ། དགྲ་བོའི་སྟོབས་ཤུགས་ཧ་ཅང་ཆེ། སྟོབས་ཤུགས་ཀྱི་བསྡུར་ཚད་ལ་འགྱུར་ལྡོག་གཏོང་རྒྱུ་ནི་ཆེས་གནད་འགག་ཡིན། འཐབ་ཕྱོགས་གཅིག་གྱུར་བྱས་པ་བརྒྱུད། ཏང་ཤོག་ཁག་དང་རྒྱལ་གཅེས་མི་སྣས་ང་ཚོའི་ཏང་གི་སྲིད་ཇུས་འདོད་ཚུལ་ལ་རྒྱུས་ལོན་དང་རྒྱབ་སྐྱོར་ཐོབ་སྟེ། ང་ཚོའི་ཏང་གི་རྗེས་སུ་འབྲངས་ཏེ་མཉམ་དུ་འདུས་པས། དགྲ་སྟོབས་ཆེ་བ་དང་རང་སྟོབས་ཞན་པའི་གནས་བབས་བསྒྱུར་ཞིང་། ང་ཚོའི་ཏང་ཆུང་བ་ནས་ཆེན་པོར་གྱུར་ཏེ། མཐར་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེ་ལ་རྒྱལ་ཁ་རླབས་པོ་ཆེ་ཐོབ་པ་རེད།

  ཀྲུང་གོ་གསར་པ་དབུ་བརྙེས་མ་ཐག་པའི་དུས་སུ། ཉམས་པ་སོར་ཆུད་བྱེད་རྒྱུ་དང་ལས་ཀུན་བསྒྲུབ་རྒྱུ་ལུས་ཡོད་པས། མི་སེམས་བརྟན་པོ་ཡོང་བ་དང་ཤེས་ལྡན་མི་སྣ་གཅིག་སྡུད་བྱེད་རྒྱུ་ནི་ཆེས་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་ཞིག་ཡིན། ང་ཚོའི་ཏང་གིས་ཏང་ཤོག་ཁག་དང་ཚོགས་པ་ཁག མི་རིགས་ཁག་དང་རིམ་གྲས་ཁག་དང་ལས་རིགས་ཁག་གི་མི་སྣ་བཅས་དང་མཐུན་སྒྲིལ་གྱིས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་དང་། ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་སོགས་རྩ་བའི་ཆབ་སྲིད་ལམ་ལུགས་དང་གཞི་རྩའི་ཆབ་སྲིད་ལམ་ལུགས་འཛུགས་པ་དང་། གསར་ཐོན་མི་དམངས་སྲིད་དབང་སྲ་བརྟན་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཛུགས་པ་བཅས་ཐུན་མོང་གིས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོག་བརྩེགས་ཁང་ཆེན་གྱི་གཞི་རྩ་བརྟན་པོར་བཙུགས།

  བཅོས་བསྒྱུར་སྒོ་འབྱེད་ཀྱི་དུས་སྐབས་གསར་པར། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ལྟེ་གནས་སྤོ་སྒྱུར་དང་། ཕྱོགས་གང་ཅིའི་ཐད་ཀྱི་སྟོབས་ཤུགས་གོར་བུར་འགྲིལ་ཏེ་ཆེས་གལ་ཆེ་བའི་དེང་རབས་ཅན་འཛུགས་སྐྲུན་ལ་འབད་བརྩོན་ལྷོད་མེད་བྱས། ང་ཚོའི་ཏང་གིས་སྲིད་ཏང་བར་གྱི་འབྲེལ་བ་དང་། མི་རིགས་བར་གྱི་འབྲེལ་བ། ཆོས་ལུགས་བར་གྱི་འབྲེལ་བ། རིམ་གྲས་བར་གྱི་འབྲེལ་བ། རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླའི་བར་གྱི་འབྲེལ་བ་བཅས་“འབྲེལ་བ་ཆེན་པོ་ལྔ་”ཕན་ནུས་ལྡན་པའི་སྒོ་ནས་མཐུན་སྦྱོར་བྱས་ཏེ། བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་རྒྱབ་སྐྱོར་གྱི་སྟོབས་ཤུགས་ཆེན་པོ་ཞིག་མཁོ་འདོན་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་གསར་པ་བཀོད་འབྲི་བྱས།

  འཐབ་ཕྱོགས་གཅིག་གྱུར་གྱི་ཐབས་མཆོག་ནུས་པ་ནི་ཁྱོན་ཡོངས་དང་འབྲེལ་ཚད་ཀྱིས་ཐག་གཅོད་བྱས་ཡོད། དེང་སྐབས། ང་ཚོ་ནི“ཁྱོན་ཡོངས་བཞི་”ཡི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་། ནུས་ཤུགས་ཡོད་རྒུས“ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་རིམ་སུ་སླེབས་ཡོད་པས། དེ་སྔའི་དུས་རིམ་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་དམིགས་འབེན་དང་ཐག་ཉེ་རུ་ཕྱིན་ཡོད་པ་དང་། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེ་བའི་འཐབ་རྩོད་བྱེད་བཞིན་ཡོད།

  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ནས་བལྟས་ན། ལས་འགན་རྙོག་དྲ་དང་དཀའ་ཚེགས་ཇི་ལྟར་ལྡན་ན། དེ་ལྟར་ཐུན་མོང་གིས་མཐུན་སྒྲིལ་དང་འབད་འབུངས་བྱེད་དགོས་པ་མཐོང་ཐུབ། འཐབ་ཕྱོགས་གཅིག་གྱུར་ནི་ང་ཚོའི་ཏང་གི་སྟོབས་ཤུགས་གོང་བུར་བསྒྲིལ་བའི་གལ་ཆེའི་བྱེད་སྟངས་དང་སྟོབས་ཤུགས་བཀོད་སྒྲིག་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། སྟོབས་ཤུགས་དེ་གང་ནས་བྱུང་བ་དང་། གང་དུ་སྤྱོད་པའི་གནད་དོན་ཐག་གཅོད་པ་ཡིན། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཐབ་ཕྱོགས་གཅིག་གྱུར་གྱི་ཕྱོགས་སོ་སོའི་ཁོངས་མིས་ཇུས་འདོན་ཤུགས་འདོན་བྱེད་པ་དང་། གསར་གཏོད་དང་གསར་སྐྲུན་བྱེད་དགོས། བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་དུ་གཏོང་བར་འཐབ་ཕྱོགས་གཅིག་གྱུར་གྱིས་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ཏེ་ཕྱོགས་སོ་སོའི་ཁོངས་མི་རྣམས་ལ་བསྒྱུར་བཅོས་ལ་ངོས་འཛིན་དང་བསྒྱུར་བཅོས་ལ་རྒྱབ་སྐྱོར། བསྒྱུར་བཅོས་ནང་ཞུགས་རྒྱུ་ཁྲིད་སྟོན་བྱེད་དགོས། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོབ་བྱེད་པར་འཐབ་ཕྱོགས་གཅིག་གྱུར་གྱིས་ཧུར་ཐག་གིས་འབྲེལ་བ་མཐུན་སྦྱོར་དང་འགལ་ཟླ་སེལ་བར་བྱས་ནས་“འབྲེལ་བ་ཆེན་པོ་ལྔའི་”ཞི་མཐུན་འགན་ལེན་བྱེད་དགོས། མེས་རྒྱལ་གཅིག་གྱུར་སྐུལ་སྤེལ་བྱེད་པར་འཐབ་ཕྱོགས་གཅིག་གྱུར་གྱིས་ཞང་ཀང་དང་ཨའོ་མེན། ཐའེ་ཝན་སྤུན་ཟླ་དང་ཕྱིར་སྡོད་སྤུན་ཟླ་བཅས་ལ་རྒྱལ་ཁབ་མཐུན་སྒྲིལ་བྱས་ཏེ་“རང་བཙན་”ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་འདེད་བྱེད་པའི་སྒྲིལ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས།

  ཏང་འཛུགས་སྐྱོང་གི་རླབས་ཆེན་བྱ་གཞག་སྐུལ་སྤེལ་གཏོང་བའི་བརྒྱུད་རིམ་ལས། སྲིད་སྐྱོང་གི་ཡུན་ཇི་ཙམ་རིང་ན་དེ་ཙམ་གྱིས་མི་སེམས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་པ་ཤེས་ཐུབ། མིག་སྔར། ང་ཚོའི་ཏང་གིས་འགོ་ཁྲིད་གནང་བའི་འཐབ་ཕྱོགས་གཅིག་གྱུར་དེ་སྤྱི་ཚོགས་རིང་ལུགས་ཀྱི་ངལ་རྩོལ་པ་ཡོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་བྱེད་མཁན། སྤྱི་ཚོགས་རིང་ལུགས་ལ་བརྩི་བཀུར་བྱེད་མཁན་གྱི་རྒྱལ་གཅེས་པ། མེས་རྒྱལ་གཅིག་གྱུར་ལ་བརྩི་བཀུར་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་གཞོལ་བའི་རྒྱལ་གཅེས་པ་བཅས་ཆེས་རྒྱ་ཆེ་བའི་མནའ་འབྲེལ་དུ་འཕེལ་རྒྱས་སུ་ཕྱིན་ཡོད། མནའ་འབྲེལ་ཚོགས་པ་འདི་ཇི་ཙམ་སྲ་བརྟན་དུ་སོང་ན་དེ་ཙམ་གྱིས་ཏང་གི་སྲིད་སྐྱོང་རྨང་གཞི་རྒྱ་ཆེ་རུ་གཏོང་རྒྱུར་ཕན་པ་ཡོད། འཐབ་ཕྱོགས་གཅིག་གྱུར་གྱིས་ང་ཚོའི་ཏང་ལ་ཕྱོགས་གང་ཅིའི་ཐད་ཀྱི་བསམ་འཆར་ཉན་འཇོག་བྱེད་པའི་ལས་སྟེགས་འདོན་སྤྲོད་བྱས་ཡོད་པ་མ་ཟད། ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་དྲིལ་བསྒྲགས་དང་འགྲེལ་བཤད་བྱེད་པའི་གནས་ཡུལ་འདོན་སྤྲོད་བྱས་ཡོད་པས། དེ་ནི་ང་ཚོའི་ཏང་གིས་ཏང་ཕྱིའི་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་གཏོང་བ་དང་། མི་སེམས་ཀྱི་ངོས་འཛིན་གཅིག་མཐུན་ཇེ་ཟབ་དུ་གཏོང་བ་བཅས་བྱེད་པའི་འབྲེལ་ཐག་གལ་ཆེན་ཞིག་རེད། འབྲེལ་ཐག་དེ་ཇི་ཙམ་བརྟན་ན་དེ་ཙམ་གྱིས་ཏང་གི་སྲིད་སྐྱོང་གི་གོ་གནས་སྲ་བརྟན་གཏོང་བར་དེ་ཙམ་གྱིས་ཕན་པ་ཡོད།

  མདོར་ན། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྐུལ་སྤེལ་ཚད་གང་དུ་སླེབས་ན་འཐབ་ཕྱོགས་གཅིག་གྱུར་གྱི་ཐབས་མཆོག་ནུས་པ་དེ་ཙམ་གྱིས་མངོན་ཐུབ། ཏང་གི་འགན་འཁྲི་དང་ལས་འགན་མངོན་འགྱུར་བྱེད་དགོས་ན་ངེས་པར་དུ་འཐབ་ཕྱོགས་གཅིག་གྱུར་གྱི་ཐབས་མཆོག་གལ་ཆེན་འདི་ལ་བརྟེན་དགོས།

  གཉིས་པ། འཐབ་ཕྱོགས་གཅིག་གྱུར་གྱི་འཐབ་མཆོག་ནུས་པ་དེ་གང་ན་མངོན་ཡོད།

  འཐབ་ཕྱོགས་གཅིག་གྱུར་ནི་ང་ཚོའི་ཏང་གིས་མི་སེམས་གོང་བུར་འགྲིལ་བ་དང་། སྟོབས་ཤུགས་གཅིག་འགྲིལ་བྱེད་པའི་ཆབ་སྲིད་ཀྱི་ལེགས་ཆ་དང་འཐབ་ཇུས་ཀྱི་བྱེད་ཕྱོགས་ཡིན་པའི་ཆ་ནས། རྒྱུན་དུ་ཧུར་བརྩོན་བྱས་ན་ཕུགས་ཀྱི་ཕན་འབྲས་མཐོང་། འཐབ་ཕྱོགས་གཅིག་གྱུར་གྱི་ཐབས་མཆོག་གི་ནུས་པ་དེ་གཙོ་བོ་དགེ་མཚན་ལྡན་པའི་རྒྱུ་རྐྱེན་སྐུལ་སློང་བྱས་ཏེ། འགལ་རྐྱེན་འཕོ་འགྱུར་བྱེད་ཐུབ་པ་དང་། ཚད་མཐོ་བའི་སྒོ་ནས་ཕྱོགས་གང་ཅིའི་ཐད་ཀྱི་སྟོབས་ཤུགས་ལ་མཐུན་སྒྲིལ་བྱེད་པ་ལས་མངོན་ཐུབ། བྱེ་བྲག་གིས་“གོང་བུར་འགྲིལ་བ་བཞི་”ལས་མངོན་ཐུབ།

  གཅིག་ནི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་དགོས། དམངས་ཚོགས་ཀྱི་ངོས་འཛིན་ནི་རྒྱལ་སྐྱོང་སྲིད་གཉེར་ལ་གལ་འགངས་ཆེན་པོ་ལྡན། མིག་སྔར། བསམ་བློའི་རླབས་རྒྱུན་སྣ་ཚོགས་སྤེལ་རེས་དང་འདྲེས་རེས། རྩོད་རེས་བཅས་བྱེད་ཚུལ་ཉིན་རེ་བཞིན་ཇེ་མང་དང་། སྤྱི་ཚོགས་ཀྱི་བསམ་བློའི་འདུ་ཤེས་སྔར་ལས་རྒྱུ་མང་རིགས་མང་འགྱུར་མང་ཡིན་པ་དང་། ཏང་དང་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་ལ་འགྲན་སློང་སྣ་ཚོགས་འཕྲད་ཡོད། ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱེད་པ་ནི་འཐབ་ཕྱོགས་གཅིག་གྱུར་འཛུགས་སྐྲུན་བྱེད་པའི་རྩ་བ་དང་། དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པའི་ལས་འགན་རེད། འཐབ་ཕྱོགས་གཅིག་གྱུར་གྱི་ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱེད་པ་ནི་རྩ་དོན་མེད་པའི་འོས་མེད་འགྲིག་ཐབས་བྱས་པ་ཞིག་མིན་པར་དེ་ལ་ཁ་ཕྱོགས་དང་སྣེ་ཁྲིད་ཡོད་དེ། ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཡོད། དེ་ནི་ཕྱོགས་གཅིག་གི་གཞུང་ལུགས་སྟོང་བཤད་མ་ཡིན་པར། ཕྱོགས་གཉིས་ཀའི་གྲོས་མོལ་དང་། ཐོག་མཐའ་བར་གསུམ་དུ་དམངས་གཙོ་དར་སྤེལ་མཐའ་འཁྱོངས་བྱས་ཡོད། དེ་ནི་མི་ཉུང་ཤས་ཙམ་གྱི་བསམ་འཆར་མ་ཡིན་པར། མི་མང་ཆེ་བའི་འདོད་བློ་ཡིན་ལ། ཐོག་མཐའ་བར་གསུམ་དུ་ཐུན་མོང་ལ་རེ་བ་དང་མི་མཐུན་པ་སོར་བཞག་བྱས་ཡོད། དེ་ནི་ཞིང་ཆེན་པོར་ཆུ་རང་དགར་འདྲེན་པ་ལྟ་བུ་མིན་པར། སྦུ་གུས་ཞིང་ཆུ་གཏོང་བ་ལྟར་གཅིག་བསྡུས་དང་། ཐོག་མཐའ་བར་གསུམ་དུ་འཐུས་ཚབ་མི་སྣས་ལས་དོན་ཡག་པོ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཁོ་ཚོས་མཐའ་འཁོར་གྱི་མི་ཁག་ཅིག་ལ་སྐུལ་ཁྲིད་བྱེད་པ་བཅས་དེ་ལྟར་ཆགས་པའི་ཐུན་མོང་གི་ངོས་འཛིན་སྔར་ལས་ཡང་དག་པ་དང་། སྔར་ལས་བརྟན་པོ། སྔར་ལས་ཁྱབ་རྒྱ་ཆེ་བ་བྱེད་དགོས།

  མིག་སྔར། འཐབ་ཕྱོགས་གཅིག་གྱུར་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་གོང་སྤེལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཀྲུང་གོའི་ཕུགས་འདུན་གྱིས་སྣེ་ཁྲིད་དེ། རྒྱ་ཆེའི་ཁོངས་མིའི་ཐུན་མོང་གི་འདོད་བློ་གཅིག་ཏུ་བསྒྲིལ་དགོས་པ་དང་། ཁེ་ཕན་གྱི་ཐུན་མོང་སྒྲིག་གཞི་དང་བྱ་གཞག་གི་ཐུན་མོང་སྒྲིག་གཞི། ལས་དབང་གི་ཐུན་མོང་སྒྲིག་གཞི་བཅས་འཛུགས་དགོས།

  གཉིས་ནི་མི་སེམས་གོང་བུར་བསྒྲིལ་དགོས། བྱ་བ་ཅི་ཞིག་སྒྲུབ་ཀྱང་ཆེས་གནད་འགག་ནི་མི་སེམས་ཡིན་ལ། ཆེས་ཐོབ་དཀའ་བའང་མི་སེམས་ཡིན། བསྒྱུར་བཅོས་གོང་འཕེལ་རྒྱུན་ཆད་མེད་པར་སྐུལ་སྤེལ་གཏོང་བར་བསྟུན། ཁེ་ཕན་གྱི་འབྲེལ་བ་ལེགས་སྒྲིག་གཏིང་ཟབ་བྱེད་པ་དང་། མི་རྣམས་ཀྱི་ཁེ་ཕན་རེ་ཞུ་སྔར་བས་སྣ་མང་དང་། འགལ་བ་དང་རྩོད་གཞི་ཟམ་མི་ཆད་པར་མང་དུ་འགྲོ་བཞིན་ཡོད། འཐབ་ཕྱོགས་གཅིག་གྱུར་གྱིས་མིའི་ལས་དོན་བསྒྲུབས། མཐར་གཏུགས་ནས་བཤད་ན་དེ་ནི་མི་སེམས་ཀྱི་ལས་དོན་རེད། ཏང་ཤོག་མི་འདྲ་བ་དང་། མི་རིགས་མི་འདྲ་བ། རིམ་གྲས་མི་འདྲ་བ། ཚོགས་པ་མི་འདྲ་བ། དད་སེམས་མི་འདྲ་བ། དེ་བཞིན་ལམ་ལུགས་མི་འདྲ་བའི་འོག་འཚོ་བ་སྐྱེལ་བཞིན་པའི་མི་རྣམས་གཅིག་ཏུ་བསྒྲིལ་དགོས་ན། འཐབ་ཕྱོགས་གཅིག་གྱུར་ལྟ་བུའི་དམིགས་བསལ་གྱི་མང་ཚོགས་ཀྱི་ལས་དོན་སྒྲུབ་སྟངས་འདི་དག་ལ་བརྟེན་དགོས། ཏང་ཕྱིའི་མི་ལ་ལྟ་སྟངས་ཟོལ་མེད་ཀྱིས་དེ་ཚོའི་བསམ་པའི་འཁྱེར་སོ་ལ་རྒྱུས་ལོན་དང་དེ་དག་གི་བསམ་འཆར་དང་གྲོས་འགོ་ལ་ཉན་འཇོག་བྱེད་པ། ཁོ་ཚོར་ཡིད་ཆེས་དང་བརྩི་འཇོག་བཅས་བྱས་ཏེ་ཁོ་ཚོའི་རྒྱབ་སྐྱོར་དང་བརྩི་བཀུར་ཐོབ་དགོས། ཏང་ཕྱིའི་མི་དང་གུས་ལུགས་ཡོད་པའི་སྒོ་ནས་གྲོགས་སྒྲིག་སྟེ་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་ལ་བརྟེན་ནས་ཁོ་ཚོར་སློབ་གསོ་དང་ཁྲིད་སྟོན་བྱེད་པ་དང་། བྱ་བར་དབྱེ་ཞིབ་དང་གནས་ལུགས་གསལ་བར་བྱས་ཏེ་བསམ་བློའི་ལས་ཀ་དང་ལས་དོན་ལེགས་སྒྲུབ་བྱེད་དགོས། སེམས་རྣམ་པར་དག་པའི་སྒོ་ནས་ཏང་ཕྱིའི་མི་ལ་རོགས་འདེགས་དང་། ཁོ་ཚོར་ནུས་པ་འདོན་སྤེལ་བྱེད་སའི་ལས་སྟེགས་འདོན་སྤྲོད་བྱེད་པ་དང་། བྱ་བ་དང་འཚོ་བའི་ཁྲོད་འཕྲད་པའི་དཀའ་ངལ་དང་གནད་དོན་སེལ་རོགས་བཅས་བྱས་ཏེ། ཁོ་ཚོར་ཏང་གི་དྲོ་སྐྱིད་ཚོར་ཐུབ་པ་བྱེད་དགོས་ལ། དེ་ནས་ཁོ་ཚོར་ཡང་ང་ཚོའི་ཏང་ལ་བློ་གཏད་བྱེད་ཤུགས་སྔར་བས་ཇེ་ཟབ་ཏུ་གཏོང་དགོས།

  གསུམ་ནི་བློ་གྲོས་གོང་བུར་བསྒྲིལ་དགོས། ཏང་དང་མི་དམངས་ཀྱི་བྱ་གཞག་སྐུལ་འདེད་གཏོང་བར། ང་ཚོའི་ཏང་ཁོ་ནར་བརྟེན་ནས་“ལེ་དབར་སྟོང་ལ་རྟ་པ་ཁེར་འགྲོ་”མི་བྱེད་པར།“གཞན་གྱི་ཡོན་ཏན་ལེན་མཁས་ན། མཐའ་མའི་རྒྱལ་ཁ་དེ་ལ་དབང་” ཞེས་པའི་དཔེ་ལྟར་བྱེད་དགོས། ལྷག་པར་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་ཐག་གཅོད་རང་བཞིན་གྱི་དུས་རིམ་དུ་གནས་ཡོད་པ་དང་། འཐབ་ཇུས་ཀྱི་གོ་སྐབས་དང་ཉམས་ཉེན་གྱི་འགྲན་སློང་མཉམ་གནས་ཡིན་པ་དང་། འགལ་བ་དང་གནད་དོན་སྣ་ཚོགས་འདྲེས་འཛིང་དང་། ཚན་རིག་དང་མཐུན་པའི་འཐབ་ཇུས་ཀྱི་དཀའ་ཚེགས་དང་རྙོག་འཛིང་རང་བཞིན་སྔར་བྱུང་མ་མྱོང་བ་ཞིག་ཡིན་པས། བློ་བསྡུས་དགེ་འཚོལ་དང་། གཞན་གྱི་ཡོན་ཏན་བསྡུ་ལེན་བྱེད་རྒྱུ་ནི་ཧ་ཅང་གལ་འགངས་ཆེ། འཐབ་ཕྱོགས་གཅིག་གྱུར་རུ་རིགས་གཅིག་མཁས་ཅན་དང་མཁས་དབང་། ཕྱོགས་སོ་སོའི་ཆེད་ལས་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་ཡོད་ཅིང་། དེ་ནི་ཏང་ཕྱིའི་ཤེས་ལྡན་མི་སྣའི་སྐོང་འགུག་དང་། ཏང་ཕྱིའི་བློ་གྲོས་བསྡུ་རུབ་བྱེད་པའི་ཏང་ཕྱིའི་རིག་མཛོད་ཆེ་ཤོས་དེ་རེད། འཐབ་ཕྱོགས་གཅིག་གྱུར་བྱས་པ་བརྒྱུད་དམངས་གཙོའི་ཏང་ཤོག་ཁག་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། ཏང་ཕྱིའི་ཤེས་ཡོན་པ་སོགས་སྣེ་ཁྲིད་བྱེད་ཐུབ་པ་དང་། དེ་ཚོ་སོ་སོའི་དམིགས་བསལ་གྱི་ཡོན་ཏན་འདོན་སྤེལ་གང་ལེགས་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ལ་དམིགས་ཏེ་ཐབས་འདོན་ཇུས་འབུལ་དང་། ལྟ་བ་ཡང་དག་འདོན་པ་སོགས་རོགས་རམ་བྱས་ཏེ་ང་ཚོའི་ཏང་ལེགས་བསྒྱུར་དང་ཇུས་ཐག་ཆོད་པ་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་ལ་བརྟེན་ནས་ཁེ་ཕན་མཚོན་པའི་ཐབས་ལམ་ཤར་བགྲོད་ཐུབ་པ་བྱས་ནས་ཕྱོགས་སོ་སོའི་ཁོངས་མིའི་བསམ་འཆར་དང་བསམ་ཚུལ་རྒྱ་ཁྱབ་ཏུ་ཉན་འཇོག་བྱེད་པ་དང་། གནད་དོན་ལ་ལྟ་བའི་ལྟ་སྟངས་འདྲ་མིན་མཁོ་འདོན་བྱས་ཏེ། ང་ཚོའི་ཏང་གིས་སྐད་སྒྲ་མི་འདྲ་བ་གོ་ཐུབ་པ་བྱས་ནས་ཟུར་ལྟའི་ནུས་པ་ཐོན་ཏེ་དྲན་སྐུལ་གྱི་ནུས་པ་འདོན་པ་སོགས་རོགས་རམ་ཐུབ་པ་བྱེད་དགོས།

  བཞི་ནི་སྟོབས་ཤུགས་གོང་བུར་བསྒྲིལ་དགོས། ཀྲུང་གོ་གསར་པ་དབུ་བརྙེས་མ་ཐག་པའི་དུས་སུ་བློ་མཐུན་མའོ་ཙེ་ཏུང་གིས་བསྟན་དོན། “གལ་ཏེ་ང་ཚོས་མི་དམངས་མང་ཚོགས་ལ་བརྟེན་མཁས་པོ་མེད་པ་དང་། ཏང་ཕྱིའི་མི་སྣ་དང་མཉམ་ལས་ཡག་པོ་བྱེད་མ་ཤེས་ཚེ་ལས་ཀ་ལེགས་པོར་བསྒྲུབ་ཐབས་བྲལ་”ཞེས་བཤད་པ་རེད། མིག་སྔར། ང་ཚོའི་ཏང་ལ་ཏང་ཡོན་ཁྲི8700ལྷག་ཡོད་པ་དང་། ཏང་ཡོན་མི་སྣས་རྒྱལ་ཡོངས་མི་དམངས་ ཀྱི་བརྒྱ་ཆའི་6ཙམ་ལས་ཟིན་མེད་པས། ངེས་པར་དུ་ཕྱོགས་གང་ཅིའི་ཐད་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ཏུ་མཐུན་སྒྲིལ་བྱེད་དགོས། ལྷག་པར་དུ་མིག་སྔར་སྤྱི་ཚོགས་འགལ་བ་འབུར་ཐོན་གྱི་དུས་སུ་གནས་ཡོད་པས། ཕྱོགས་གང་ཅིའི་ཐད་ཀྱི་མཐུན་སྒྲིལ་ལས་དོན་ནམ་ཡང་དམ་འཛིན་བྱ་དགོས། འཐབ་ཕྱོགས་གཅིག་གྱུར་གྱི་བརྗོད་བྱ་ནི་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་བྱ་རྒྱུ་དེ་རེད། “ཆེན་པོ་”ཞེས་པ་དེ་ནི་མཐུན་སྒྲིལ་གྱི་ངོས་ཡངས་པ་ལས་མི་དོག་པ་དང་། མཐུན་སྒྲིལ་གྱི་མི་མང་བ་ལས་མི་ཉུང་བ། མཐུན་སྒྲིལ་བྱེད་ཤུགས་ཟབ་པ་ལས་གཏིང་ཐུང་མིན་པ་ལ་གོ་དགོས། འཐབ་ཕྱོགས་གཅིག་གྱུར་གྱི་གཞི་རྩའི་སྟོབས་ཤུགས་སྲ་བརྟན་དུ་གཏོང་དགོས་པ་དང་། “འབྲེལ་བ་ཆེན་པོ་ལྔའི་”འཆམ་མཐུན་འབྲེལ་བ་ཇེ་ཟབ་དུ་གཏོང་དགོས་པ། གསར་ཐོན་སྟོབས་ཤུགས་ལ་མཐུན་སྒྲིལ་བྱེད་པ་དང་། གསར་དུ་ཐོན་པའི་སྤྱི་ཚོགས་རིམ་གྲས་དང་མང་ཚོགས་ལས་ཀའི་གྲས་སུ་འཇུག་པ་དང་། འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་བསྣན་ཏེ་ཁོ་ཚོར་དྲང་ནུས་འདོན་སྤེལ་བྱེད་རྒྱུ་སྣེ་ཁྲིད་དགོས། གཞན་ད་དུང་གནོད་རྐྱེན་སེལ་བར་བྱས་ནས་གཞི་རྩའི་ཆབ་སྲིད་ལངས་ཕྱོགས་ལ་གནད་དོན་མེད་ཚེ། བརྩོན་ལེན་གང་ཐུབ་དང་ཚད་མཐོ་བའི་སྒོ་ནས་མཐུན་སྒྲིལ་བྱེད་རྒྱ་ཆེ་རུ་གཏོང་བ་དང་། ཤོང་ཡངས་རང་བཞིན་ཆེ་རུ་གཏོང་དགོས།

  གསུམ་པ། ཐབས་ཕྱོགས་གཅིག་གྱུར་གྱི་ཐབས་མཆོག་འདི་ཇི་ལྟར་བེད་སྤྱོད་ཡག་པོར་གཏོང་དགོས་ཞེ་ན།

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ད་ལྟ་བློ་མཐུན་མི་ཉུང་བ་ཞིག་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ཁྱད་ཆོས་ལ་རྒྱུས་མངའ་མེད་པ་དང་། ཏང་ཕྱིའི་མི་རྣམས་ལ་མཐུན་སྒྲིལ་ཡག་པོ་བྱེད་མི་མཁས་པ་ནི་ཀླུ་རྒྱལ་གྱི་ནོར་བུ་དབང་ཡང་སྤྱོད་མི་ཤེས་པའི་དཔེ་བཞིན་ནོ། །འཐབ་ཕྱོགས་གཅིག་གྱུར་གྱི་ཐབས་མཆོག་འདི་ཇི་ལྟར་བེད་སྤྱོད་ལེགས་པོ་བྱ་རྒྱུར་མ་མཐར་ཡང་གཤམ་གྱི་ཕྱོགས་འགའི་ཐད་ཀྱི་དགོས་མཁོ་ཁོང་དུ་ཆུད་པ་བྱེད་དགོས།

  གཅིག་ནས་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས། འཐབ་ཕྱོགས་གཅིག་གྱུར་ནི་ཚན་རིག་གི་བསླབ་ཚན་ཅིག་སྟེ་གཞུང་ལུགས་ཀྱི་མ་ལག་ཆ་ཚང་ཞིང་ཁྱབ་རྒྱ་ཤིན་ཏུ་ཆེ་བ། ནང་དོན་ཕུན་སུམ་ཚོགས་པ་ཞིག་ཡིན། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ཁྱབ་ཁོངས་སོ་སོར་ཚང་མར་རང་ཉིད་ཀྱི་ཆེད་ལས་རང་བཞིན་ལྡན་ཡོད། དམངས་གཙོའི་ཏང་ཤོག་དང་། མི་རིགས། ཆོས་ལུགས། སྤྱི་ཚོགས་ཀྱི་རིམ་གྲས་གསར་པ། ཡང་ན་ཀང་ཨའོ་ཐའེ་གསུམ་གྱི་ལས་དོན་གང་ཡིན་ཀྱང་རུང་། ཚང་མར་རང་རང་གི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས། སོ་སོའི་ལོ་རྒྱུས་དང་ཚབ་བྱེད་མི་སྣ། རང་རང་གི་ཁྱད་ཆོས་དང་ཆོས་ཉིད་ལྡན་ཡོད། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་བྱ་ཡུལ་ནི་དམིགས་བསལ་གྱི་རང་བཞིན་ལྡན་ཡོད། ལྷག་པར་དུ་ཏང་ཕྱིའི་འཐུས་ཚབ་པ་མང་ཆེ་བ་ནི་ཤེས་ཡོན་གྱི་རིམ་པ་མཐོ་བ་དང་ཆེད་ལས་ཀྱི་ཡོན་ཚན་ལྡན་ཡོད་པ་རེད། ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་གཞུང་ལུགས་དང་སྲིད་ཇུས་དང་འབྲེལ་ཡོད་ཤེས་བྱར་སློབ་སྦྱོང་ཤུགས་སྣོན་རྒྱག་པ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཕྱོགས་གཅིག་གྱུར་སྐོར་གྱི་བསམ་བློ་གསར་པ་དང་བླང་བྱ་གསར་པར་སློབ་སྦྱོང་གཏིང་ཟབ་བྱས་ནས། བསམ་བློར་དྲག་ཆས་སྤྲས་པ་དང་ངོས་འཛིན་མཐོར་འདེགས་བྱས་ན། གཞི་ནས་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་“ནང་གི་འཇུག་སྒོ་”ཁོང་དུ་ཆུད་ངེས་ཡིན།

  གཉིས་ནི་ལས་ཀའི་རྩ་དོན་ཁོང་དུ་ཆུད་པ་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་ཆབ་སྲིད་ཀྱི་རང་བཞིན་དང་། སྲིད་ཇུས་ཀྱི་རང་བཞིན་ཆེས་ཆེར་ལྡན་པ་དང་། དུས་ཡུན་རིང་པོའི་ལག་ལེན་གྱི་ཁྲོད་དུ་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་རྩ་དོན་གལ་ཆེན་མང་པོ་ཆགས་ཡོད། ཆེས་རྩ་བ་གྱུར་པ་ཞིག་ནི་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས། དེ་ནི་འཐབ་ཕྱོགས་གཅིག་གྱུར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་རྩ་བའི་འགན་ལེན་དང་། འཐབ་ཕྱོགས་གཅིག་གྱུར་ཐབས་མཆོག་ཏུ་གྱུར་པའི་ཆ་རྐྱེན་དང་པོ་དེ་ཡིན། ཏང་གིས་འཐབ་ཕྱོགས་གཅིག་གྱུར་ལ་གཙོ་བོ་ཆབ་སྲིད་ཀྱི་འགོ་ཁྲིད་བྱེད་པ་དང་། དེ་ནི་ཆབ་སྲིད་ཀྱི་རྩ་དོན་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་དང་བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་གྱི་འགོ་ཁྲིད་ཡིན། ཏང་ཨུའི་འགོ་ཁྲིད་ཡིན་པ་ལས་སྡེ་ཚན་མིན་པ་དང་། ཐུན་མོང་གི་འགོ་ཁྲིད་ཡིན་པ་ལས་མི་སྒེར་མིན་པ་མངོན་ཡོད། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་རྒྱུ་ནི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་བྱེད་ཕྱོགས་རེད། གཅིག་གྱུར་རང་བཞིན་དང་སྣ་མང་རང་བཞིན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པའི་ཚད་ནི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་སྒྲུབ་པའི་གཙོ་གནད་དང་དཀའ་གནད་རེད། གཅིག་མཐུན་རང་བཞིན་ཟམ་མ་ཆད་པར་ཇེ་ཟབ་དུ་གཏོང་ན། གཞི་ནས་འཐབ་ཕྱོགས་གཅིག་གྱུར་གྱི་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་རྨང་གཞི་སྲ་བརྟན་དུ་གཏོང་ཐུབ། སྣ་མང་རང་བཞིན་ལ་བརྩི་འཇོག་དང་། ཁོང་ཡངས་དང་ཁྲིད་སྟོན་ཡག་པོར་བྱས་ན། གཞི་ནས་འཐབ་ཕྱོགས་གཅིག་གྱུར་གྱི་གསོན་ཤུགས་སྐུལ་སློང་བྱེད་ཐུབ།

  གསུམ་ནི་བྱེད་སྟངས་དང་བྱེད་ཐབས་ཁོང་དུ་ཆུད་པ་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་མི་ཆོས་ཀྱི་ཤུགས་དང་སྒྱུ་རྩལ་གྱི་རང་བཞིན་ཧ་ཅང་ཆེ་བས། ངེས་པར་དུ་འཐབ་ཕྱོགས་གཅིག་གྱུར་གྱི་བྱེད་ཐབས་འགྲིག་པོ་མ་སྤྱད་ན། ཚགས་ཆེ་དོན་ཆུང་དུ་འགྱུར་བའམ་ཐ་ན་དོན་དངོས་དེ་རེ་འདོད་དང་འགལ་ཀྱང་སྲིད། ཐུན་མོང་ལ་རེ་བ་དང་མི་མཐུན་པ་སོར་བཞག་བྱེད་མཁས་དགོས་ཏེ། ཆབ་སྲིད་ཀྱི་མ་མཐའི་མཚམས་ཐིག་མཐའ་འཁྱོངས་བྱེད་པའི་རྨང་གཞིའི་ཐོག འགངས་མི་ཆེ་བའི་“ཐ་དད་”གནས་ཆོག་པ་མ་ཟད། ལས་དོན་ལེགས་བཅོས་ལ་ཕན་པའི་“ཐ་དད་”བྱེད་པར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱ་དགོས། ཡིན་ཡང་ཚུལ་མིན་ལུགས་མིན་དང་འབྲེལ་ཡོད་ཀྱི་“ཐ་དད་”ལ་མདུང་རྩེ་ཁ་སྤྲོད་བྱེད་དགོས། དམངས་གཙོའི་གྲོས་མོལ་བྱེད་མཁས་པོ་བྱེད་དགོས། གྲོས་མོལ་བྱེད་པའི་གོ་རིམ་ཁྲོད་བློ་གྲོས་གཅིག་བསྡུས་དང་ཐུན་མོང་གི་ངོས་འཛིན་ཇེ་ཟབ་ཏུ་གཏོང་དགོས་པ་དང་། ཉེ་བའི་སྒོ་ནས་ཏང་གི་འགོ་ཁྲིད་མངོན་འགྱུར་བྱེད་དགོས། མཐུན་འབྲེལ་དང་གྲོགས་སྒྲིག་བྱེད་མཁས་བྱེད་པ་དང་། ཏང་ཕྱིའི་མི་དང་གྲོགས་བཟང་གྲོགས་མང་སྒྲིག་པ་དང་། ལྷག་པར་དུ་གཅིག་སེམས་གཅིག་བསྡུས་དང་། ཁ་ཁོག་མེད་པའི་མཛའ་གྲོགས་དང་སྐུལ་ལྕག་འདེབས་མཁན་གྱི་གྲོགས་པོ་སྒྲིག་དགོས། སློབ་གསོ་གཏོང་བ་དང་ཁྲིད་སྟོན་མཁས་པོར་བྱེད་པ་དང་། ཚིག་ངག་འཇམ་པོའི་གནས་ལུགས་བཤད་པ། དར་ཆ་གསལ་སྟོན་གྱི་སྒོ་ནས་ལྟ་བ་འདོན་པ། བསམ་བློ་དང་ཆབ་སྲིད་ཀྱི་བྱང་ཚད་མཐོར་འདེགས་གཏོང་བར་རོགས་རམ་བྱེད་དགོས། ཁེ་ཕན་ལ་ལྟ་རྟོག་བྱེད་མཁས་པོ་དང་། ཁེ་ཕན་གྱི་འབྲེལ་བ་སྣ་ཚོགས་མཐུན་སྦྱོར་དང་ཐག་གཅོད་འོས་འཚམ་བྱེད་པ་དང་། ཐུན་མོང་གི་ཁེ་ཕན་མངོན་འགྱུར་བྱེད་པའི་གོ་རིམ་ཁྲོད་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མིའི་ཞིབ་ཕྲའི་ཁེ་ཕན་མངོན་འགྱུར་བྱེད་དགོས།

  བཞི་ནི་ལས་ཀའི་མཉམ་ཤུགས་ཆགས་པར་བྱེད་དགོས། མི་སེམས་དང་སྟོབས་ཤུགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན་པའི་ཆ་ནས། འཐབ་ཕྱོགས་གཅིག་གྱུར་ཕྱོགས་གང་སར་སིམ་ཡོད་པ་དང་། ཕྱོགས་གང་དུའང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡོད། ཏང་ཡོངས་ཀྱི་མཐོང་ཆེན་དང་། མཉམ་དུ་ལས་སྒྲུབ་བྱེད་པ་དང་། ཏང་ཨུ་ཡིས་གཅིག་གྱུར་འགོ་ཁྲིད་རྒྱུན་འཁྱོངས་དང་འཐབ་ཕྱོགས་གཅིག་གྱུར་པུས་སྣེ་ཁྲིད་དང་མཐུན་སྦྱོར་བྱེད་པ་དང་། འབྲེལ་ཡོད་ཕྱོགས་ཡོངས་ཀྱིས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་རྣམ་པར་རང་འགན་རང་འཁུར་བྱས་ན། ད་གཟོད་སྔར་ལས་ལེགས་པར་འཐབ་ཕྱོགས་གཅིག་གྱུར་གྱི་ཐབས་མཆོག་ནུས་འདོན་སྤེལ་བྱེད་ཐུབ། ཏང་ཨུ་རིམ་པ་ཁག་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། འཐབ་ཕྱོགས་གཅིག་གྱུར་ལས་དོན་དེ་གལ་ཆེའི་གནས་བབས་ཐོག་འཇོག་པ་དང་། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་གཙོ་གནད་དང་དཀའ་གནད་ཆེ་བའི་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ། ལས་དོན་སྤེལ་བར་མཐུན་རྐྱེན་བསྐྲུན་རྒྱུ་དང་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས། འབྲེལ་ཡོད་ཕྱོགས་སོ་སོས་རང་འགན་རང་འཁུར་དང་། འཐབ་ཕྱོགས་གཅིག་གྱུར་གྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་སྟེ། ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་དོན་འཁྱོལ་ནན་ཏན་དང་། ལས་བགོས་རོགས་ལས་ལེགས་པོར་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་གཙོ་འགན་ལག་བསྟར་ནན་ཏན་བྱེད་པ་དང་། གནས་ཚུལ་ལ་རྒྱུས་ལོན་དང་སྲིད་ཇུས་ཁོང་དུ་ཆུད་པ། འབྲེལ་བར་མཐུན་སྦྱོར་བྱེད་པ། མི་དོན་བཀོད་སྒྲིག་བྱེད་པ། ངོས་འཛིན་གཅིག་མཐུན་ཡོང་བ། མཐུན་སྒྲིལ་ཤུགས་སྣོན་བྱེད་པ་སོགས་ཀྱི་འགན་ནུས་གལ་ཆེན་ཕྲག་ཏུ་བླངས་ཏེ། འཐབ་ཕྱོགས་གཅིག་གྱུར་ལས་དོན་ཁྲོད་ཇུས་འདོན་དང་། སྒྲིག་འཛུགས། མཐུན་སྦྱོར། ལྟ་སྐུལ་བཅས་ཀྱི་ནུས་པ་འདོན་སྤེལ་ལེགས་པོར་བྱེད་པ་དང་། ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་གཞག་ཟམ་མི་ཆད་པར་མཚོ་ལྟར་རྒྱས་པར་སྐུལ་འདེད་གཏོང་དགོས།

  སངས་རྒྱས་སྐྱིད་ཀྱིས་བསྒྱུར།