“རྒྱུད་གཅིག་ལམ་གཅིག་”གི་འཐབ་ཇུས་བཀོད་པ་ཆེན་མོར་ཞབས་འདེགས་ཞུ་བའི་ཁྲོད་དུ་མི་རིགས་ས་ཁུལ་གྱིས་དོན་བྱ་ཆེན་པོ་སྒྲུབ་ཐུབ་དགོས།

  ཝང་ཀྲེང་ཝེ།

  དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་དང་དུས་རབས་21པའི་མཚོ་ཐོག་དར་གོས་ཚོང་ལམ་(གཤམ་ལ་“རྒྱུད་གཅིག་ལམ་གཅིག་”ཅེས་བསྡུ་རྒྱུ)འཛུགས་སྐྲུན་བྱ་རྒྱུ་དེ་ནི་ཏང་ཀྲུང་དབྱང་གིས་འཛམ་གླིང་གི་གནས་བབས་ཆེན་པོ་དང་ཡོར་ཨ་ཧྥེ་གསུམ་གྱི་ལས་སྟེགས་ཆེན་པོར་དམིགས་ནས་བཤམས་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་གནད་ཆེན་ཞིག་རེད། 《དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་དང་དུས་རབས་21པའི་མཚོ་ཐོག་དར་གོས་ཚོང་ལམ་མཉམ་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འདུན་དང་བྱ་སྤྱོད་》ཅེས་པ་སྤེལ་བ་དང་སྦྲགས། “རྒྱུད་གཅིག་ལམ་གཅིག་”གི་འཛུགས་སྐྲུན་དེ་མྱུར་ལམ་དུ་ཞུགས་ཟིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་ལས་ཀའི་གྲོས་ཚོགས་ཐོག་“རྒྱུད་གཅིག་ལམ་གཅིག་”གི་འཛུགས་སྐྲུན་དེ་མི་རིགས་ས་ཁུལ་སྤྱི་དང་ལྷག་པར་དུ་མཐའ་མཚམས་ས་ཁུལ་ལ་ཆ་མཚོན་ན་ཕན་སྐྱེད་ཆེན་པོ་ལྡན་པ་ཞིག་ཡིན་པས། མཐའ་མཚམས་སྒོ་འབྱེད་དང་གསར་སྤེལ་བྱེད་པའི་གོམ་སྟབས་མགྱོགས་སུ་བཏང་ནས་རྒྱལ་ཁབ་དར་རྒྱས་ཡོང་བར་གདུང་འདེགས་བྱེད་པའི་བར་སྟོང་ཆེ་རུ་སྐྱེད་དགོས་ཞེས་བསྟན་ཡོད། དེ་ལ་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱས་ཏེ། མི་རིགས་ས་ཁུལ་“རྒྱུད་གཅིག་ལམ་གཅིག་”གི་འཐབ་ཇུས་ལ་འཇུག་པར་སྐུལ་འདེད་ཧུར་ཐག་བྱེད་དགོས་པ་སྟེ། བྱེད་པོ་དང་མདུན་བདར་བྱེད་གང་ཐུབ་ཀྱིས་གོ་སྐབས་མི་འཆོར་བར་གོང་སྤེལ་དང་སྒོ་འབྱེད་ཀྱི་གོམ་སྟབས་མགྱོགས་སུ་གཏོང་དགོས་ལ། ཀྲུང་དབྱང་གི་གཅིག་གྱུར་གྱི་བཀོད་སྒྲིག་ལ་ཞབས་འདེགས་ཞུས་ཏེ་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱེད་པར་འཇོག་འོས་པའི་བྱས་རྗེས་ཀྱང་འཇོག་དགོས།

  གཅིག “རྒྱུད་གཅིག་ལམ་གཅིག་”གི་འཐབ་ཇུས་ལག་བསྟར་བྱེད་པ་དེས་མི་རིགས་ས་ཁུལ་མགྱོགས་པོར་གོང་འཕེལ་ཡོང་བར་སྔར་བྱུང་མ་མྱོང་བའི་གོ་སྐབས་ཐོབ་ཀྱི་རེད།

  ལོ་ངོ་30ལྷག་གི་རིང་དུ་རང་རྒྱལ་གྱི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པར་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་དགོས་པའི་གྲུབ་འབྲས་ཐོབ་ཡོད་མོད། འོན་ཀྱང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པ་དེ་སྤྱི་ཆ་ནས་ཤར་རྒྱུད་མགྱོགས་ལ་ནུབ་རྒྱུད་དལ་བ་དང་། མཚོ་ཐོག་དྲག་ལ་སྐམ་ཐོག་ཞན་པའི་རྣམ་པ་ཆགས་ཡོད། མི་རིགས་ས་ཁུལ་ནི་ཕལ་ཆེ་བ་ནུབ་རྒྱུད་དང་སྐམ་སའི་ནང་དབུས་ས་ཁུལ་དུ་གནས་ཡོད་པས། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ཚད་རིམ་ཅུང་ཟད་དམའ་བ་རེད། “རྒྱུད་གཅིག་ལམ་གཅིག་”གི་འཐབ་ཇུས་ལག་བསྟར་བྱ་རྒྱུ་བཏོན་པ་དེས་རང་རྒྱལ་གྱི་ཕྱོགས་ཡོངས་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་རྣམ་པ་གསར་པ་བཏོད་ཡོད་པ་དང་། ནུབ་ཕྱོགས་སུ་སྒོ་མོ་འབྱེད་པ་དང་མཐའ་མཚམས་རྒྱུད་དུ་སྒོ་མོ་འབྱེད་པའི་གོམ་སྟབས་མགྱོགས་སུ་བཏང་ཡོད་པས། མི་རིགས་ས་ཁུལ་ལ་འཐབ་ཇུས་ཀྱི་བར་སྟོང་ཕྱེ་ཡོད་པ་དང་ཕན་སྐྱེད་མང་པོ་ཞིག་སྦྱིན་ཡོད་པ་རེད།

  མི་རིགས་ས་ཁུལ་གྱིས་སྒོ་འབྱེད་ཅན་གྱི་དཔལ་འབྱོར་གོང་སྤེལ་གཏོང་བར་གོ་སྐབས་གསར་པ་ཤར་པ། “རྒྱུད་གཅིག་ལམ་གཅིག་”གི་འཐབ་ཇུས་ལག་བསྟར་བྱེད་པ་དེས་མི་རིགས་ས་ཁུལ་ཉིད་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་རྗེས་ཕྱོགས་ཆེན་པོ་དང་མཐའ་འཁོབ་དང་ཟུར་སྣེ་ཡིན་པ་ནས་མདུན་སྣེ་དང་གནད་ཆེ་ས་དང་འགག་རྩའི་འཁོར་མིག་ཏུ་དེད་ཡོད་པ་རེད། དེས་མི་རིགས་ས་ཁུལ་གྱི་གོང་འཕེལ་གྱི་གོ་གནས་འགྱུར་ལྡོག་ཟབ་མོ་བཏང་སྟེ་མི་རིགས་ས་ཁུལ་གྱི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་གོང་འཕེལ་སྐུལ་འདེད་ཤུགས་ཆེན་བཏང་ཡོང་གི་རེད། ལྷག་པར་དུ་ནང་སོག་གི་མན་ཀྲོའུ་ལི་དང་ཨེར་ལེན་ཧོ་ཐེ། ཡུན་ནན་གྱི་མེང་ལ། ཀོང་ཞིའི་ཏུང་ཞིང་དང་ཕིན་ཞང་ལ་སོགས་གནད་ཆེའི་གསར་སྤེལ་དང་སྒོ་འབྱེད་ཚོད་ལྟ་ཁུལ་དང་། ཞིན་ཅང་གི་ཁ་ཧྲི་དང་ཧོའར་གོ་སི་དཔལ་འབྱོར་གསར་སྤེལ་ཁུལ་སོགས་ཀྱིས་ནི་རེབ་གསར་པའི་གོང་འཕེལ་གྱི་གོ་སྐབས་གསར་པ་བསུས་ཡོང་གི་རེད།

  མི་རིགས་ས་ཁུལ་གྱིས་ས་ཁོངས་མཉམ་ལས་ལ་ཐེ་ཞུགས་བྱེད་པར་གོ་སྐབས་གསར་པ་ཤར་པ། དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་འཛུགས་སྐྲུན་བྱེད་པའི་ཁོངས་སུ་ཧྲའན་ཞི་དང་། ཀན་སུའུ། ཉིང་ཞ། མཚོ་སྔོན། ཞིན་ཅང་སོགས་ཞིང་ལྗོངས་ཚུད་པའི་ནུབ་རྒྱུད་ཆེན་པོ་དེ་ཀྲུང་ཡོན་དབུས་ཁུལ་དང་ཡུག་གཅིག་ཏུ་སྦྲེལ་རྒྱུ་ཡིན་པ་དང་། དེར་མ་ཟད་ཡོར་ཨ་ས་ཁོངས་གོང་འཕེལ་གྱི་ལྟེ་བའི་ས་གནས་སུ་བཞག་རྒྱུ་ཡིན་ལ། དེ་དང་ལྷན་དུ་ནང་སོག་ཉིད་མོང་གོལ་དང་ཨུ་རུ་སུ་ལ་སྦྲེལ་མཐུད་བྱེད་པའི་ཡུལ་བབས་ཀྱི་དགེ་མཚན་གསལ་པོར་མངོན་ཡོང་གི་རེད། ལྷག་པར་དུ་ཞིན་ཅང་དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་ཀྱི་ལྟེ་དབུས་ས་ཁུལ་འཛུགས་སྐྲུན་དང་། ཉིང་ཞ་སྐམ་སའི་ནང་ལོགས་སྒོ་འབྱེད་ཅན་གྱི་དཔལ་འབྱོར་ཚོད་ལྟ་ས་ཁུལ་འཛུགས་སྐྲུན་དེས་གནད་ཆེའི་གོ་སྐབས་བསུས་ཡོང་གི་རེད། དུས་རབས་21པའི་མཚོ་ཐོག་དར་གོས་ཚོང་ལམ་འཛུགས་སྐྲུན་བྱེད་པ་དེས་ཀོང་ཞི་དང་། ཡུན་ནན། ཀུའེ་ཀྲོའུ་སོགས་ནུབ་ལྷོའི་མི་རིགས་ཞིང་ལྗོངས་ཁག་ཤར་ལྷོའི་དཔལ་འབྱོར་དར་རྒྱས་ཆེ་བའི་ས་ཁུལ་དང་མཉམ་དུ་སྦྲེལ་ཐོག ཨ་ཤེ་ཡ་ལྷོ་མ་དང་ཨ་ཤེ་ཡ་ཤར་ལྷོའི་ས་ཁོངས་མཉམ་ལས་ཀྱི་མདུན་སྣེ་ཆགས་ཡོང་བ་དང་། དེ་དང་ལྷན་དུ་ད་དུང་བོད་ལྗོངས་དང་ནེ་པ་ལ་སོགས་མཐའ་འཁོར་རྒྱལ་ཁབ་བར་འགྲོ་འོང་དང་མཉམ་ལས་བྱེད་པར་གོ་སྐབས་བཟང་པོ་བསྐྲུན་ཡོང་གི་རེད། 2015ལོའི་ཟླ་1པོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་གཟིགས་ཞིབ་གནང་སྐབས་ཡུན་ནན་ཉིད་ཨེ་ཤ་ཡ་ལྷོ་མ་དང་ཨེ་ཤ་ཡ་ཤར་ལྷོར་ཁ་ཕྱོགས་པའི་ཁྱབ་འགྱེད་ལྟེ་གནས་སུ་འཛུགས་སྐྲུན་བྱེད་དགོས་ཞེས་ནན་དུ་གསུངས་ཡོད། དེ་ལྟར་ཨ་ཡོར་སྐམ་ཟམ་དང་། ཀྲུང་མོང་ཨུ་གསུམ། ཀྲུང་གོ་-ཨེ་དབུས་-ཨེ་ནུབ། ཀྲུང་གོ་-ཀྲུང་ནན་ཕྱེད་གླིང་དང་དེ་བཞིན་ཀྲུང་གོ་དང་པ་ཀི་སི་ཐན། བྷང་ཀྲུང་ཧིན་འབར་བཞི་ལ་སོགས་དཔལ་འབྱོར་འཁྱམས་ལམ་འཛུགས་སྐྲུན་བྱེད་པ་དེ་དག་ཚང་མས་མི་རིགས་ས་ཁུལ་ཉིད་ས་ཁོངས་དང་ས་ཁོངས་ཕལ་བའི་དཔལ་འབྱོར་མཉམ་ལས་ལ་ཐེ་ཞུགས་བྱེད་པའི་བར་སྟོང་རྒྱ་བསྐྱེད་བཏང་ཡོང་གི་རེད།

  མི་རིགས་ས་ཁུལ་གྱིས་གྲུབ་ཚུལ་སྙོམ་སྒྲིག་དང་ལེགས་སྒྲིག་བྱེད་པར་གོ་སྐབས་གསར་པ་ཤར་པ། རྨང་གཞིའི་སྒྲིག་བཀོད་གཅིག་ལ་གཅིག་སྦྲེལ་བྱ་རྒྱུ་དེ་ནི་“རྒྱུད་གཅིག་ལམ་གཅིག་”འཛུགས་སྐྲུན་བྱེད་པའི་དམིགས་བསལ་ལྟ་སའི་ཁྱབ་ཁོངས་ཡིན་པ་དང་། དེ་ཉིད་མི་རིགས་ས་ཁུལ་གྱི་འགྲིམ་འགྲུལ་བདེ་པོ་མེད་པའི་གནད་དོན་ཐག་གཅོད་བྱེད་པ་དང་། མི་རིགས་ས་ཁུལ་དང་རྒྱལ་སྤྱི་རྒྱལ་ནང་གི་ཚོང་ར་ཆེ་ཁག་བར་གྱི་རྒྱང་ཐག་ཇེ་ཉེ་རུ་གཏོང་བར་ཕན་ཐོགས་ཡོད་པ་རེད། “གཅིག་ལ་གཅིག་སྦྲེལ་”ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་བ་དང་སྦྲགས་མི་རིགས་ས་ཁུལ་གྱི་ཕྱི་ནང་དཔལ་འབྱོར་འགྲོ་འོང་གི་ཉོ་འཚོང་འགྲོ་སོང་ཆེས་ཆེར་དམའ་རུ་འགྲོ་རྒྱུ་དང་། དཔེ་གསར་བཟོ་ལས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དང་དངུལ་རྩ་དང་། ཉོ་འཚོང་། ཟོག་སྐྱེལ་ལ་སོགས་དེང་རབས་ཞབས་ཞུའི་ལས་རིགས་གོང་སྤེལ་གཏོང་བའི་ཆ་རྐྱེན་ཆེས་ཆེར་ལེགས་བཅོས་ཡོང་རྒྱུ་རེད། དེ་དང་ལྷན་དུ་ལྗང་མདོག་གི་དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་ཀྱི་འཛུགས་སྐྲུན་སྐུལ་འདེད་བྱས་ཏེ་དཔལ་འབྱོར་སྐྱེ་ཁམས་ཅན་དང་སྐྱེ་ཁམས་དཔལ་འབྱོར་ཅན་དུ་འགྱུར་བ་དེས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་མྱུར་སྟབས་ཀྱིས་དཔེ་སྒྱུར་འབྱུང་བ་དང་། ལྷག་པར་དུ་ཐོན་ཁུངས་ཅན་གྱི་གྲོང་ཁྱེར་ཁག་ཅིག་ལ་འཁྲོལ་འཁྱིལ་ཆེན་པོ་བྱུང་ནས་སྔོན་ཆད་ནུས་ཁུངས་དང་ཐོན་ཁུངས་ལ་བརྟེན་རྒྱུ་ཐལ་དྲགས་པའི་སྣང་ཚུལ་འགྱུར་ལྡོག་བཏང་ཐོག ཐོན་ལས་གྱི་གྲུབ་ཚུལ་ལེགས་སྒྱུར་རིམ་སྤར་དང་སྣ་མང་ཅན་དུ་གོང་འཕེལ་ཡོང་རྒྱུ་མངོན་འགྱུར་བྱས་ཡོང་གི་རེད།

  མི་རིགས་ས་ཁུལ་གྱིས་དཔེ་གསར་ཅན་གྱི་གྲོང་ཁྱེར་དང་གྲོང་བརྡལ་ཅན་སྐུལ་འདེད་བྱེད་པར་གོ་སྐབས་གསར་པ་ཤར་པ། མི་རིགས་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་བརྡལ་ཅན་དུ་བསྒྱུར་རྒྱུ་ལ་འཕྲད་པའི་དཀའ་ངལ་ཆེན་པོ་ཞིག་ནི་ས་ཁོངས་རྒྱ་ཆེ་བ་དང་མི་གྲངས་ཁ་ཐོར་ཡིན་པས་གཅིག་བསྡུས་ཀྱི་ཕན་ནུས་འབྱུང་དཀའ་བ་དེ་རེད། “རྒྱུད་གཅིག་ལམ་གཅིག་”གི་འཐབ་ཇུས་སྐུལ་འདེད་བྱེད་པ་དང་སྦྲགས་ནས་མི་རིགས་ས་ཁུལ་དུ་སྣེ་ཡིས་རྒྱུད་ཁྲིད་པ་དང་རྒྱུད་ཀྱིས་ངོས་ཁྲིད་དེ་དཔེ་གསར་ཅན་གྱི་གྲོང་ཁྱེར་དང་གྲོང་བརྡལ་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་པོར་བཏང་ཐོག ཝུའུ་རུའུ་མུའུ་ཆི་དང་། ནན་ཉིང་། ཁུན་མིང་། དབྱིན་ཁྲོན་སོགས་ས་ཁོངས་ལྟེ་དབུས་གྲོང་ཁྱེར་ཁག་གོང་འཕེལ་གྱི་སྣེ་མོ་ཡིན་པ་དང་། “རྒྱུད་དང་ལམ་གྱི་ཁྱམས་ཟམ་”སྟེང་གི་གྲོང་ཁྱེར་ཚོགས་པ་དང་ས་ཚིགས་གྲོང་ཁྱེར་ཁག་བྱེད་པོ་ཡིན་པའི་གྲོང་ཁྱེར་དང་གྲོང་བརྡལ་གྱི་མ་ལག་ཆགས་ཡོང་གི་རེད། དེ་དང་ལྷན་དུ་“རྒྱུད་གཅིག་ལམ་གཅིག་”དང་“འབྲི་ཆུའི་དཔལ་འབྱོར་རྒྱུད་”གཉིས་ཀྱིས་ཐུན་མོང་དུ་རྒྱལ་ཁབ་མངའ་ཁོངས་ཀྱི་གསེར་མདོག་དར་ཡུག་མང་པོ་གྲུབ་ནས་ཤར་རྒྱུད་སྔོན་མ་ཡིན་པ་དང་། ནུབ་རྒྱུད་གསར་སྤེལ་བྱེད་པ། ཤར་བྱང་དར་རྒྱས་གཏོང་བ། དབུས་རྒྱུད་གོང་དུ་འཕགས་པ་བཅས་ཀྱི་འཐབ་ཇུས་དང་སྣ་སྦྲེལ་བྱས་ཏེ། རང་རྒྱལ་གྱི་རྒྱལ་ཁབ་མངའ་ཁོངས་གསར་སྤེལ་བྱེད་པའི་“ཐིག་”དང་“ངོས་”གཉིས་གཞི་མཐུན་དུ་ཟུང་སྦྲེལ་བྱ་རྒྱུ་མངོན་འགྱུར་བྱས་ཡོང་བས། མཐའ་མཚམས་ས་ཁུལ་དང་ནང་ལོགས་ས་ཁུལ་འབྲེལ་ཐག་དམ་དུ་འགྲོ་བའི་གྲོགས་སུ་འགྱུར་བ་དང་། དེའི་ཐོག་ནས་མི་རིགས་ས་ཁུལ་ཉིད་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཡོངས་ཀྱི་དཔེ་གསར་ཅན་གྱི་གྲོང་ཁྱེར་དང་གྲོང་བརྡལ་ཅན་དུ་འགྱུར་བའི་འཕེལ་རིམ་ནང་དུ་འདྲེས་བར་བྱས་ཡོང་གི་རེད།

  གཉིས། མི་རིགས་ས་ཁུལ་ལ་གཞན་ལས་ལྷག་པའི་དགེ་མཚན་ལྡན་ཡོད་པས་“རྒྱུད་གཅིག་ལམ་གཅིག་”གི་འཐབ་ཇུས་ལག་བསྟར་བྱེད་པར་ལེགས་སྐྱེས་བཟང་པོ་འཇོག་ཐུབ་པ་རེད།

  “རྒྱུད་གཅིག་ལམ་གཅིག་”གི་འཐབ་ཇུས་ལག་བསྟར་བྱེད་པ་དེས་འབྲེལ་ཡོད་ཞིང་ལྗོངས་ཁག་གི་ཧུར་སེམས་དང་སྤྲོ་བ་ཆེས་ཆེར་བརྟས་ཡོད་པ་དང་། ཞིང་ལྗོངས་མང་པོ་ཞིག་གིས་འཆར་གཞི་དང་བཀོད་སྒྲིག་བཤམས་ཟིན་ཡོད། དཔེར་ན། ཧྲའན་ཞི་ཡིས་དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་ཀྱི་མགོ་འཛུགས་ས་གསར་པའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བཞིན་ཡོད་པ་དང་། ཀན་སུའུ་ཡིས་དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་ཀྱི་རྫོགས་ལྡན་གྱི་དུམ་མཚམས་ཤུགས་ཀྱིས་སྐྲུན་བཞིན་ཡོད་པ་རེད། མི་རིགས་ས་ཁུལ་གྱིས་རང་ངོས་ཀྱི་དགེ་མཚན་འདོན་སྤེལ་གྱིས་གོ་གནས་ངེས་པ་དང་གནས་གང་མང་ནས་གོང་འཕེལ་ཡོང་བར་བྱས་ཏེ་རྒྱལ་ཁབ་ཀྱི་འཐབ་ཇུས་ཆེན་མོ་ལག་བསྟར་བྱེད་པར་ཞབས་འདེགས་ཞུ་དགོས་པ་དང་། མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས།

  ལོ་རྒྱུས་བྱུང་རབས་ཀྱི་དགེ་མཚན་འདོན་སྤེལ་ཡག་པོ་བྱེད་དགོས། དར་གོས་ཚོང་ལམ་ནི་རང་རྒྱལ་གནའ་རབས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཨ་ཡོར་སྐམ་ས་ཆེན་མོའི་སྟེང་གི་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་བཏོད་པའི་ཨ་ཡོར་ཧྥེ་གསུམ་གཅིག་ཏུ་སྦྲེལ་ནས་ཉོ་འཚོང་དང་རིག་གནས་སྤེལ་རེས་ཀྱི་རྒྱུག་ལམ་རེད། ལོ་རྒྱུས་སྟེང་གི་དར་གོས་ཚོང་ལམ་གྱིས་ཤར་ནུབ་སྦྲེལ་ཞིང་ལྷོ་བྱང་མཐུད་ཡོད་པས། རང་རྒྱལ་མི་རིགས་ཁག་གི་མི་དམངས་རྒྱུག་ལམ་ཆེན་པོ་འདིའི་སྟེང་དུ་གནས་སྤོ་དང་སྤེལ་རེས་བྱུང་ཡོད་པ་དང་། ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་ཤེས་དཔལ་སྙིང་བཅུད་རྒྱུད་སྤེལ་བྱས་ཡོད་ཅིང་། གཟི་དཔལ་འབར་བའི་རིག་གནས་ཤུལ་དུ་བཞག་ཡོད་ལ་ནུབ་བྱང་དང་ནུབ་ལྷོའི་“མི་རིགས་འཁྱམས་རིང་”གཉིས་ཆགས་ཡོད་པ་རེད། དེ་ཡང་འདི་ལྟར་བཤད་ཆོག་སྟེ། རང་རྒྱལ་གྱི་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ནི་གནའ་ནས་བཟུང་སྟེ་དར་གོས་ཚོང་ལམ་དང་ཉེ་བར་འབྲེལ་ཡོད་ལ་བྱུང་རབས་ཟབ་རྒྱས་ལྡན་ཡོད་པས། མི་རིགས་ཁག་གི་མང་ཚོགས་ལ་དར་གོས་ཚོང་ལམ་སྐོར་གྱི་བསམ་པའི་དང་ལེན་ཟབ་མོ་མངའ་ཡོད་པ་རེད། དེ་ལ་ལོ་རྒྱུས་ཀྱི་ཉམས་མྱོང་བསྡུ་ལེན་དང་དཔྱད་གཞིར་འཛིན་པ་དང་། མི་རིགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་སྐུལ་སློང་དང་གཅིག་སྒྲིལ་བྱས་ཏེ། དེང་རབས་ཀྱི་ལག་ལེན་ལ་ཞབས་འདེགས་ཞུ་དགོས།

  གནས་བབས་ཀྱི་ཐུན་མིན་དགེ་མཚན་འདོན་སྤེལ་ཡག་པོ་བྱེད་དགོས། མི་རིགས་ས་ཁུལ་ནི་“རྒྱུད་གཅིག་ལམ་གཅིག་”དང་“གཅིག་ལ་གཅིག་སྦྲེལ་”གྱི་གནད་ཆེའི་ཚིགས་མ་དང་གནད་འགག་གི་འཁོར་མིག་རེད། རང་རྒྱལ་གྱི་སྐམ་སའི་མཐའ་མཚམས་སྤྱི་ལེ་ཁྲི་2.2ཀྱི་ནང་ནས་སྤྱི་ལེ་ཁྲི་1.9ནི་མི་རིགས་ས་ཁུལ་དུ་ཡོད་པ་དང་། མཐའ་ཁུལ་གྱི་རྫོང་(ས་ཁུལ་དང་གྲོང་ཁྱེར་)138ནང་ནས་109ནི་མི་རིགས་ས་ཁུལ་དུ་ཡོད་པ་རེད། གཏན་འཁེལ་ཟིན་པའམ་འཆར་འགོད་བྱེད་བཞིན་པའི་ཀྲུང་གོ་དང་པ་ཀི་སི་ཐན་དང་། བྷང་ག་ལ། འབར་མ། ལའོ་ཝོ། ཆན་ཕུའུ་ཀྲའེ། མོང་གོལ། ཐ་ཅི་ཁོ་སི་ཐན་སོགས་བར་གྱི་ལྕགས་ལམ་དང་གཞུང་ལམ་གྱི་གཅིག་ལ་གཅིག་སྦྲེལ་ལས་གཞི་དག་ནི་ཕལ་ཆེར་མི་རིགས་ས་ཁུལ་ནས་རྒྱལ་ཁོངས་ཕར་རྒལ་བྱེད་པ་རེད། ལྷག་པར་དུ་ལོ་10ལྷག་རིང་གི་ནུབ་རྒྱུད་གསར་སྤེལ་ཆེན་པོ་དང་མཐའ་དར་དམངས་ཕྱུག་བྱ་སྤྱོད་བརྒྱུད་དེ་ནུབ་རྒྱུད་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་པ་དང་། ཉེ་འཁོར་རྒྱལ་ཁབ་ཁག་དང་མིའི་འགྲོ་འོང་དང་། དངོས་ཟོག་འཁོར་རྒྱུག མ་དངུལ་འཁོར་རྒྱུག ཆ་འཕྲིན་འཁོར་རྒྱུག་བཅས་གཞི་རྒྱ་རགས་ཙམ་གྲུབ་ཡོད་པས། མཐའ་རྒྱུད་སྒོ་འབྱེད་དང་ནུབ་ཕྱོགས་སུ་རྒྱ་སྐྱེད་བྱེད་པར་ཆ་རྐྱེན་བཟང་པོ་འཛོམས་ཡོད་པ་རེད། དེ་དག་གིས་“རྒྱུད་གཅིག་ལམ་གཅིག་”གི་འཐབ་ཇུས་ལག་བསྟར་བྱེད་པར་ནུས་པ་གལ་ཆེན་པོ་འདོན་ངེས་ཡིན་པ་དང་། དེ་མིན་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པ་དང་དཔལ་འབྱོར་གོང་སྤེལ་གཏོང་བའི་དགེ་མཚན་གསར་པ་ཆགས་ཡོང་གི་རེད།

  སྐད་དང་རིག་གནས་གཅིག་པའི་དགེ་མཚན་འདོན་སྤེལ་ཡག་པོ་བྱེད་དགོས། རང་རྒྱལ་གྱི་རྒྱལ་ཁོངས་བརྒལ་བའི་མི་རིགས་30ལྷག་མངའ་ཁོངས་ཕྱིའི་མི་རིགས་གཅིག་པ་དང་ཁྱིམ་མཚེས་སུ་འབྲེལ་ནས་འཚོ་སྡོད་བྱས་ཡོད་པ་དང་། དེ་དག་ལས་མི་རིགས་8ཀྱིས་སོ་སོའི་མི་རིགས་རྒྱལ་ཁབ་བཙུགས་ཡོད་པ་དང་། མི་རིགས་4ཡིས་ཁྱིམ་མཚེས་རྒྱལ་ཁབ་ཏུ་སྲིད་འཛིན་ས་ཁུལ་རིམ་པ་དང་པོ་བཙུགས་ཡོད་པ་རེད། མཐའ་ཁུལ་གྱི་མི་རིགས་ས་ཁུལ་མང་པོ་ཞིག་ཁྱིམ་མཚེས་རྒྱལ་ཁབ་དང་རི་ཆུ་འབྲེལ་ལ་སྐད་རིགས་གཅིག་པ་དང་། རིག་གནས་གཅིག་ལ་གོམས་གཤིས་འདྲ་བ་རེད། ཞིན་ཅང་དང་ཉིང་ཞ་སོགས་ས་ཁུལ་གྱི་མང་ཚོགས་མང་པོ་ཞིག་གིས་ཨ་རབ་རྒྱལ་ཁབ་ཁག་གི་མང་ཚོགས་དང་འདྲ་བར་ཨེ་སི་ལེམ་ཆོས་ལ་དད་མོས་བྱེད་པ་དང་། བོད་ལྗོངས་དང་ཡུན་ནན་གྱི་མང་ཚོགས་མང་པོ་ཞིག་གིས་དབུས་ལྷོ་ཕྱེད་གླིང་གི་རྒྱལ་ཁབ་ཁག་གི་མང་ཚོགས་དང་འདྲ་བར་ནང་པའི་ཆོས་ལ་དད་མོས་བྱེད་པ་རེད། དེ་དག་གིས་ལམ་རྒྱུད་ཀྱི་རྒྱལ་ཁབ་ཁག་གི་མི་དམངས་བར་འབྲེལ་འདྲིས་དང་གཏུགས་རེས་བྱེད་པར་སྦྲེལ་ཟམ་བཙུགས་ཡོད་པས། “རྒྱུད་གཅིག་ལམ་གཅིག་”གི་འཛུགས་སྐྲུན་སྐུལ་འདེད་གཏོང་བའི་མཐུན་རྐྱེན་བཟང་པོ་ཆགས་ཡོད་པ་རེད།

  ཚོང་ར་རྒྱ་ཆེན་པོ་མངའ་བའི་དགེ་མཚན་འདོན་སྤེལ་ཡག་པོ་བྱེད་དགོས། མི་རིགས་ས་ཁུལ་ནི་ས་རྒྱ་ཆེ་ལ་འབྱོར་ཕྱུག་ལྡན་ཡང་རྨང་གཞིའི་སྒྲིག་བཀོད་ལྟོས་བཅས་ཀྱིས་རྗེས་ལུས་ཡིན་པ་དང་། ཚོང་ར་རྒྱ་ཆེན་པོ་མངའ་ཡང་སྐྱེ་འཚར་འདང་ངེས་བྱུང་མེད་པ། ངལ་རྩོལ་ནུས་ཤུགས་འབེལ་ཡང་ལས་ཞུགས་ནུས་པ་གསོ་སྐྱོང་བྱ་རྒྱུར་ལུས་ཡོད་པར་བརྟེན། སྤྱི་ཆ་ནས་གོང་འཕེལ་གྱི་དགོས་མཁོ་ཆེན་པོ་ཡོད་པ་རེད། མི་རིགས་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་དང་རིག་གནས་སྐྱེ་ཁམས་ནས་ཡུལ་སྐོར་ལྟད་མོ་བ་ཇེ་མང་ནས་ཇེ་མང་དུ་འགུག་བཞིན་ཡོད། ཉེ་ལོར། རྒྱལ་ཁབ་ཀྱིས་བར་ཁྱད་ཅན་གྱི་ས་ཁོངས་རང་བཞིན་གྱི་སྲིད་ཇུས་གཏན་འབེབས་དང་ལག་བསྟར་བྱེད་པ་དེས་མི་རིགས་ས་ཁུལ་མཆོང་སྐྱོད་རང་བཞིན་གྱི་གོང་འཕེལ་དང་གསར་སྤེལ་འཛུགས་སྐྲུན་ལ་རོགས་སྐུལ་བྱེད་བཞིན་ཡོད། དེ་དང་ལྷན་དུ་“རྒྱུད་གཅིག་ལམ་གཅིག་”གི་ལམ་རྒྱུད་ཀྱི་རྒྱལ་ཁབ་ཁག་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ཚོང་ར་རྒྱ་ཆེན་པོ་ཡོད་པ་དང་། རང་ཕྱོགས་དང་དཔལ་འབྱོར་ཐད་ཁ་གསེབ་རང་བཞིན་ཆེ་ལ། ཀྲུང་གོའི་ཚོང་ར་དང་མ་དངུལ་དང་ལག་རྩལ་བཅས་ལ་རེ་ལྟོས་ཀྱིས་ཁེངས་ཡོད་པ་རེད། དེ་དག་ཚང་མས་མི་རིགས་ས་ཁུལ་ཉིད་“ཕྱི་ལ་སྐྱོད་”ན་ཡང་རུང་ལ་“ནང་དུ་འདྲེན་”ན་ཡང་རུང་བར་བག་ལ་ཉལ་བའི་སྟོབས་ཤུགས་ཆེན་པོ་མངའ་ཡོད་པ་མཚོན་པས། “རྒྱུད་གཅིག་ལམ་གཅིག་”གི་འཐབ་ཇུས་ལག་བསྟར་བྱེད་པ་དང་སྦྲགས་ནས་མ་རྩ་འཇོག་པ་དང་ལས་སྒོ་སྤེལ་བའི་གནས་མཆོག་གསར་པ་ཆགས་ཡོང་ངེས་རེད།

  གསུམ། མི་རིགས་ས་ཁུལ་གྱིས་“རྒྱུད་གཅིག་ལམ་གཅིག་”གི་འཐབ་ཇུས་གོ་སྐབས་དམ་འཛིན་བྱས་ནས་རང་ངོས་ཀྱི་བསྒྱུར་བཅོས་གོང་སྤེལ་སྒོ་འབྱེད་གསུམ་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས།

  མི་རིགས་ས་ཁུལ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་གཙོ་གནད་དང་དཀའ་གནད་དང་པང་ཐུང་ཡིན་པས། རྒྱལ་ཡོངས་དང་གོམ་སྟབས་གཅིག་གྱུར་གྱིས་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་མངོན་འགྱུར་བྱེད་དགོས་ན་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་དང་དར་རྒྱས་ཆེ་བའི་ས་ཁུལ་གྱི་རོགས་སྐྱོར་ལ་བརྟེན་དགོས་པས་མི་ཚད། དེ་བས་ཀྱང་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་ལ་བརྟེན་དགོས་པ་རེད། མིག་སྔར། མི་རིགས་ས་ཁུལ་གྱིས་དུས་ཚོད་དམ་འཛིན་བྱས་ནས་“རྒྱུད་གཅིག་ལམ་གཅིག་”གི་འཐབ་ཇུས་གོ་སྐབས་དམ་འཛིན་བྱེད་དགོས་པ་དང་། “རྒྱུད་གཅིག་ལམ་གཅིག་”གི་འཐབ་ཇུས་ལག་བསྟར་བྱེད་པའི་སྒོར་ཧུར་ཐག་གིས་ཞུགས་ནས་རང་ཉིད་དར་རྒྱས་གོང་འཕེལ་གཏོང་དགོས།

  རྒྱལ་སྤྱིའི་རྒྱུག་ལམ་ཆེན་པོ་འཛུགས་སྐྲུན་བྱེད་པ་དེ་སྒུལ་འཁོར་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་ཀྱི་འགན་ལེན་ནུས་པ་ཆེ་རུ་གཏོང་དགོས། རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཡིན་པ་ནི་མི་རིགས་ས་ཁུལ་གྱི་གོང་འཕེལ་ཚོད་འཛིན་བྱེད་པའི་བུམ་སྐེ་རེད། མི་རིགས་ས་ཁུལ་ནས་སྟོབས་ཤུགས་ཡོད་རྒུས་རྒྱལ་སྤྱིའི་རྒྱུག་ལམ་ཆེན་པོ་འཛུགས་སྐྲུན་བྱེད་པར་ཞུགས་ཏེ། གནམ་གྲུ་ཐང་དང་། ལྕགས་ལམ། རིམ་པ་མཐོ་བའི་གཞུང་ལམ། དེ་བཞིན་ནུས་ཁུངས་ཀྱི་རྒྱུག་ལམ་དང་། ཆུ་བེད། འཕྲིན་སྐྱེལ་སྒྲིག་བཀོད་བཅས་ཀྱི་ལས་གཞི་སྐོར་ཅིག་འཆར་འགོད་དང་ལས་མགོ་རྩོམ་གང་ཐུབ་བྱེད་དགོས། མཁའ་འགྲུལ་དང་། ལྕགས་ལམ། གཞུང་ལམ། ཆུ་ལམ་བཅས་གཞི་གཅིག་ཏུ་གྲིལ་བའི་མཉམ་སྐྱེལ་ཚད་གཞི་ཅན་གྱི་འཛུགས་སྐྲུན་དང་ཟོག་སྐྱེལ་ལྟེ་གནས་གྱི་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ཏེ། མིག་སྔའི་ཞིང་ཆེན་ཁག་བར་གྱི་“མགོ་ཆད་ལམ་”གནད་དུ་བཟུང་ནས་གཤོང་དགོས་པ་དང་། ནང་ཕྱོགས་སུ་ཐོགས་མེད་ཤར་རྒྱུག་ཡོང་རྒྱུ་དང་ཕྱི་ཕྱོགས་སུ་ཤར་ནུབ་ལྷུག་རྒྱུག་ཡོང་རྒྱུ་མངོན་འགྱུར་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་གྱི་འཛུགས་སྐྲུན་དང་“རྒྱུད་གཅིག་ལམ་གཅིག་”བར་མེད་སྦྲེལ་མཐུད་དང་ཕྱོགས་ཡོངས་ནས་སྡེབ་སྒྲིག་བྱེད་དགོས།

  ས་ཁོངས་མཉམ་ལས་སྐུལ་འདེད་གཏོང་རྒྱུ་ལྟེ་གནད་དུ་བཟུང་ནས་ཕྱོགས་ཡོངས་ནས་གཅིག་ལ་གཅིག་སྦྲེལ་སྐུལ་འདེད་གཏོང་དགོས། སྲིད་ཇུས་འབྲེལ་གཏུགས་དང་། སྒྲིག་བཀོད་མཉམ་འབྲེལ། ཉོ་འཚོང་ལྷུག་རྒྱུག མ་དངུལ་འཁོར་རྒྱུག དམངས་སེམས་གཅིག་སྦྲེལ་བཅས་ཡོང་རྒྱུ་དམིགས་ཡུལ་བྱས་ཏེ། བང་རིམ་མང་བ་དང་སྤེལ་ཐེངས་མང་བའི་ཨེ་ཤ་ཡའི་རྒྱལ་ཁབ་ཁག་དང་ཨ་རབ་རྒྱལ་ཁབ་ཁག་དང་མཉམ་ལས་བྱེད་པའི་ལམ་སྲོལ་འཛུགས་སྒོར་ཧུར་ཐག་གིས་ཞུགས་དགོས་པ་དང་། གཅིག་ལ་གཅིག་སྦྲེལ་གྱི་དངོས་ལུགས་མ་ཡིན་པའི་བཀག་ཆ་འབད་བརྩོན་གྱིས་སེལ་དགོས། ཀོང་ཞིའི་ཀྲུང་གོ་དང་ཤར་ཕྱོགས་མནའ་འབྲེལ་དངོས་མང་བཤམས་སྟོན་ཚོགས་ཆེན་དང་། ཞིན་ཅང་གི་ཀྲུང་གོ་དང་ཨ་ཡོར་དངོས་མང་བཤམས་སྟོན་ཚོགས་ཆེན། ཉིང་ཞའི་ཀྲུང་གོ་དང་ཨ་རབ་དངོས་མང་བཤམས་སྟོན་ཚོགས་ཆེན། ཡུན་ནན་གྱི་ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་དངོས་མང་བཤམས་སྟོན་ཚོགས་ཆེན་སོགས་ཀྱིས་ས་ཁོངས་དང་ས་ཁོངས་བརྒལ་བའི་མཉམ་ལས་ཀྱི་ཁྲོད་དུ་སྔར་ལས་གལ་ཆེ་བའི་བྱེད་ལས་འདོན་གྱི་ཡོད་པས། དེ་དག་གི་རིམ་པ་དང་ཆུ་ཚད་མཐོ་རུ་འདེགས་དགོས་ཀྱི་ཡོད། མི་རིགས་ཀྱི་སྐྱེ་ཁམས་ཡུལ་སྐོར་ཐོན་ཁུངས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ། མཉམ་འབྲེལ་སྒོས་དར་ལམ་གྱི་ཁྱད་ཆོས་ལྡན་པའི་རྒྱལ་སྤྱིའི་ཡུལ་སྐོར་ལམ་ཐིག་དང་ཡུལ་སྐོར་ཐོན་རྫས་རྩེ་ཕུད་གཏོད་དགོས་པ་དང་། ས་ཁོངས་བརྒལ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་མཉམ་ལས་ལམ་སྲོལ་འཛུགས་དགོས་ཤིང་། སྐྱེ་ཁམས་དཔལ་ཡོན་སྐོར་གྱི་ཀུའེ་དབྱང་རྒྱལ་སྤྱིའི་གླེང་སྟེགས་ཡག་པོར་སྒྲུབ་དགོས་ཐོག ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་མཉམ་ལས་སྐུལ་འདེད་གཏོང་དགོས།

  ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པ་སྒུལ་ཤུགས་བྱས་ཏེ་དངུལ་སྒྲུག་སྒྲིག་སྲོལ་གྱི་གསར་གཏོད་དང་དཔལ་འབྱོར་ཉོ་འཚོང་གི་འགྲོ་འོང་སྐུལ་སྤེལ་གཏོང་དགོས། མི་རིགས་ས་ཁུལ་གྱིས་འཚོལ་ཞིབ་བྱེད་ཕོད་པ་དང་། ཞིབ་འཇུག་བྱེད་མཁས་པ། ཚོད་ལྟ་བྱེད་ཕོད་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་དགོས། དངུལ་རྩའི་གསར་གཏོད་གཙོ་གནད་དུ་བཟུང་ནས་སྐུལ་འདེད་གཏོང་དགོས་པ་སྟེ། དམངས་གཉེར་དངུལ་རྩའི་ལས་ཁུངས་འཛུགས་པར་སྐུལ་མ་གཏོང་བ་དང་། ཨ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་འཇོག་དངུལ་ཁང་དང་དར་ལམ་ཐེབས་རྩ་ལ་རང་འགུལ་གྱིས་སྦྲེལ་མཐུད་བྱས་ཏེ་མ་དངུལ་གྱིས་མི་འདང་བའི་རྣམ་པ་སྒྱུར་དགོས། ཝུའུ་རུའུ་མུའུ་ཆི་དང་། ནན་ཉིང་། ཁུན་མིང་། དབྱིན་ཁྲོན་སོགས་ས་ཁུལ་གྱི་ས་ཁོངས་རང་བཞིན་ཅན་གྱི་དངུལ་རྩའི་རྩིས་རྒྱག་ལྟེ་གནས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཀོང་ཞི་དང་ཡུན་ནན་གྱི་མཐའ་རྒྱུད་དངུལ་རྩའི་ཕྱོགས་བསྡུས་བསྒྱུར་བཅོས་ཀྱི་ཚོད་ལྟ་ཁུལ་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས། ཨ་ཤེ་ཡ་དབུས་མ་དང་། ཨ་ཤེ་ཡ་ཤར་ལྷོ། ཨ་རབ་རྒྱལ་ཁབ་ཁག་བཅས་ལ་ཁ་གཏད་དེ་མི་དམངས་ཤོག་སྒོར་གྱི་ཉོ་འཚོང་རྩིས་རྒྱག་དང་རང་མོས་བརྗེས་སྒྱུར་མངོན་འགྱུར་བྱེད་དགོས། འགག་སྒོའི་འཛུགས་སྐྲུན་མགྱོགས་སུ་བཏང་ནས། ཉོ་འཚོང་མཉམ་ལས་ཀྱི་ཚོད་ལྟ་ཁུལ་དང་རང་མོས་ཉོ་འཚོང་ཁུལ་འཛུགས་པར་སྐུལ་འདེད་གཏོང་དགོས་པ་དང་། ཉོ་འཚོང་དང་མ་རྩ་འཇོག་སྒོ་སྟབས་བདེ་ཅན་དུ་གཏོང་དགོས། ཚད་རིམ་མཐོ་བའི་སྒོ་ནས་ཐོན་ལས་སྤོ་སྒྱུར་དང་ལེན་བྱེད་པའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་དགོས་པ་དང་། ཁེ་ལས་ཀྱིས་ཕྱི་ཕྱོགས་ལ་མ་རྩ་འཇོག་པ་དང་། ལས་གཞི་འགན་གཙང་ལེན་བྱེད་པ། ངལ་རྩོལ་ལས་སྒོ་མཉམ་ལས་བྱེད་པ་བཅས་ལ་སྣེ་ཁྲིད་དང་རྒྱབ་སྐྱོར་བྱེད་དགོས་ཤིང་། ཕྱི་ནང་གི་དཔལ་འབྱོར་ཉོ་འཚོང་གི་འགྲོ་འོང་ཟབ་སྤེལ་བྱེད་དགོས།

  མི་རིགས་ཁག་གི་བདེ་སྐྱིད་ཆེ་རུ་གཏོང་རྒྱུ་ཁྲིད་ཕྱོགས་བྱས་ཏེ་དམངས་འཚོ་ལ་འབྲེལ་བའི་མངོན་སུམ་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། མི་རིགས་ས་ཁུལ་གྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཅུང་དམའ་བས་“རྒྱུད་གཅིག་ལམ་གཅིག་”གི་ལས་གཞི་ཡིས་དམངས་འཚོ་ལེགས་བཅོས་བྱེད་པར་ཐོན་པའི་ཡུན་རིང་གི་ཕན་འབྲས་ལ་དེ་བས་མཐོང་ཆེན་བྱེད་དགོས། ཐོན་ལས་རིམ་སྤར་དང་། ལས་ཞུགས་ལས་འབྱེད། དབུལ་སྐྱོར་འགག་སྒྲོལ་བཅས་འགྲོས་གཅིག་གིས་སྐུལ་སྤེལ་གཏོང་དགོས་པ་དང་། ལྷག་པར་དུ་གྲངས་ཉུང་མི་རིགས་ཀྱི་ལས་ཞུགས་བསྡུ་ལེན་བྱེད་པར་དོ་སྣང་བྱས་ཏེ། ས་གནས་རང་ལ་ཕན་པ་དང་མི་སེར་ལ་ཕན་པ་ཡོང་བ་བྱེད་ཐུབ་དགོས། སྤྱད་གློག་དང་། བཏུང་ཆུ། སྨན་བཅོས། སློབ་ཞུགས། དྲ་འཛུལ་སོགས་མངོན་སུམ་གྱི་གནད་དོན་ཤུགས་བཏོན་ནས་ཐག་གཅོད་བྱེད་དགོས་པ་དང་། མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ཀྱི་སྟོན་གྲངས་མཐོ་རུ་འདེགས་དགོས་ཤིང་། “རྒྱུད་གཅིག་ལམ་གཅིག་”དེ་འབྱོར་ཕྱུག་ལྡན་པའི་ས་རྒྱུད་དང་བདེ་སྐྱིད་ལྡན་པའི་རྒྱུག་ལམ་དུ་འཛུགས་སྐྲུན་བྱེད་དགོས་པ་དང་། “གཅིག་ལ་གཅིག་སྦྲེལ་”གྱིས་མི་སེམས་གཅིག་སྒྲིལ་དང་ཡིད་སེམས་གཏད་རེས་ཡོང་བར་བྱེད་དགོས།

  མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རྨང་གཞིར་བཟུང་ནས་རྒྱལ་སྤྱི་རྒྱལ་ནང་གི་ཁོར་ཡུག་བཟང་པོ་སྐྲུན་དགོས། དེང་དུས་ཀྱི་འཛམ་གླིང་དུ་ཤེས་དཔལ་མི་གཅིག་པ་དང་། མི་རིགས་མི་གཅིག་པ། ཆོས་ལུགས་མི་གཅིག་པ་བཅས་སྤེལ་རེས་དང་ཐུག་རེས་དང་གཅིག་འདྲེས་མགྱོགས་པོར་འབྱུང་བཞིན་ཡོད། དེ་ལ་རྒྱལ་སྤྱི་རྒྱལ་ནང་གི་གནས་ཚུལ་ལ་ཕྱོགས་བསྡུས་ཀྱིས་བརྡར་ཤ་བཅད་དེ་མི་རིགས་ལས་ཀ་ཡག་པོར་སྒྲུབ་པར་དེ་བས་མཐོང་ཆེན་བྱེད་དགོས་པ་དང་། ཤུགས་ཆེན་པོས་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་གྱི་དྲིལ་སྒྲགས་སློབ་གསོ་དང་གསར་སྐྲུན་བྱེད་སྒོ་སྤེལ་དགོས་ཤིང་། མངའ་ཁོངས་ཕྱི་ནང་གི་དགྲར་ལངས་སྟོབས་ཤུགས་ཀྱི་སིམ་འཛུལ་དང་། གཏོར་བརླག ཁ་འཕྲལ། རྩ་སློག་བཅས་ལ་བློ་ཐག་རྦད་ཆོད་ཀྱིས་འགོག་ཟོན་དང་ཁྲིམས་ལྟར་རྡུང་རྡེག་བྱེད་དགོས་ཐོག མི་རིགས་ཁག་གི་མི་དམངས་ཞི་མཐུན་མཉམ་གནས་དང་། དཔུང་པ་མཉམ་གཤིབ། འཆམ་མཐུན་གོང་འཕེལ་བཅས་ཡོང་བའི་རྣམ་པ་བཟང་པོ་སྲུང་སྐྱོང་བྱེད་དགོས། རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ལ་ཧུར་ཐག་གིས་ཞུགས་ནས། ཤེས་དཔལ་དང་ཆོས་ལུགས་མི་གཅིག་པའི་བར་གྱི་གཏམ་མོལ་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། མཐར་བསྐྱལ་བསམ་བློ་དང་སྟོབས་ཤུགས་ཀྱིས་ཤེས་དཔལ་མི་གཅིག་པའི་བར་དུ་དབྱེ་མཚམས་འབྱེད་པ་བཀག་འགོག་བྱེད་དགོས་ཤིང་། ལྐོག་འཚོང་དང་དུག་འཚོང་དང་། རྒྱལ་ཁོངས་བརྒལ་བའི་ཉེས་གསོག འཇིགས་སྐུལ་རིང་ལུགས་སོགས་སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས་ཀྱི་རྒྱུ་རྐྱེན་ལ་ཐུན་མོང་ཐོག་རྡུང་རྡེག་དང་རྩ་མེད་གཏོང་དགོས་ཐོག རྒྱལ་སྤྱི་དང་མཐའ་འཁོར་གྱི་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས།

  རིག་གནས་ཀྱི་འཇམ་ཤུགས་ཆེ་རུ་གཏོང་རྒྱུ་དམིགས་ཡུལ་བྱས་ཏེ་མི་རིགས་ཁག་གི་རིག་གནས་ཚུད་པའི་ཀྲུང་ཧྭའི་རིག་གནས་“ཕྱི་ལ་སྐྱོད་པ་”ཧུར་ཐག་གིས་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཉིད་རྒྱལ་ཁབ་ཆེན་པོ་ནས་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་དགོས་ན་འཛམ་གླིང་ལ་རང་ཉིད་ཀྱི་རིག་གནས་དང་རིན་ཐང་ལྟ་བ་སྤེལ་དགོས་པ་དང་། ཡང་སྒོས་སུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་མང་པོ་ཞི་མཐུན་མཉམ་གནས་ཡིན་པའི་སྣེ་མང་གཞི་གཅིག་གི་རིག་གནས་སྤེལ་དགོས་པ་རེད། མི་རིགས་ས་ཁུལ་གྱིས་རང་ཆོས་དོད་པའི་རིག་གནས་ཀྱི་དགེ་མཚན་སྒོ་ཀུན་ནས་སྔོག་འདོན་བྱས་ཏེ། ལམ་མང་པོ་དང་ཕྱོགས་མང་པོ་ནས་འཛམ་གླིང་ལ་མི་རིགས་ཁག་གི་མང་ཚོགས་ཀྱིས་འགྲོ་རོགས་སྡོད་རོགས་བྱེད་པ་དང་སྤུན་ལྟར་བརྩེ་བའི་ཀྲུང་གོ་ཞིག་སྟོན་དགོས་པ་དང་། མི་རིགས་ཁག་གི་རིག་གནས་རིས་སུ་བཀྲ་བ་དང་གཅིག་ངོ་གཅིག་གིས་རྒྱན་པའི་ཀྲུང་གོ་ཞིག་སྟོན་དགོས། གཞུང་ཕྱོགས་དང་དམངས་ཁྲོད་ཀྱི་རིག་གནས་སྤེལ་རེས་སྐུལ་འདེད་བཏང་ནས། སྟོབས་ཤུགས་ཆེན་པོས་ཀྲུང་ཧྭའི་རིག་གནས་དང་གཞི་མཐུན་པའི་དར་གོས་ཚོང་ལམ་གྱི་སྙིང་སྟོབས་དྲིལ་བསྒྲགས་བྱེད་དགོས་པ་དང་། རང་རེའི་རྒྱལ་ཁབ་ཀྱི་སྙིང་ཉེ་ཤུགས་དང་བློ་འགུག་ཤུགས་ཆེ་རུ་སྐྱེད་དགོས་ཐོག ཀྲུང་ཧྭའི་རིག་གནས་ཀྱི་འཇམ་ཤུགས་ཀྱིས་“རྒྱུད་གཅིག་ལམ་གཅིག་”ལ་ཕ་མཐར་སྐྱོད་པའི་སྐྱབས་སྦྱིན་དགོས།

  (རྩོམ་པ་པོ་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ། རྒྱལ་ཁབ་མི་རིགས་ལས་ཨུའི་ཀྲུའུ་རེན་བཅས་ཡིན།)

  རྟ་རྡོས་བསྒྱུར།