“དོ་སྣང་གསུམ་”ལག་ལེན་མཐིལ་ཕྱིན་བསྟར་ཏེ་ཁྱིམ་ཚང་གི་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་སྤེལ་ཏན་ཏིག་གཏོང་དགོས།

  ཧྲེན་ཡུའེ་ཡུའེ།

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2015ལོའི་དཔྱིད་གསར་དུས་ཆེན་གྱི་ལྷན་འཛོམས་ཚོགས་འདུའི་ཐོག་ནན་དུ་བསྟན་དོན། དུས་རབས་ལ་འགྱུར་ལྡོག་ཅི་འདྲ་བ་བྱུང་ཞིང་། འཚོ་བའི་རོལ་སྟངས་ལ་འགྱུར་ལྡོག་ཅི་འདྲ་བ་བྱུང་ཡང་རུང་། ང་ཚོས་ཁྱིམ་ཚང་གི་འཛུགས་སྐྲུན་ལ་མཐོང་ཆེན་པོར་བྱེད་དགོས་པ་དང་། ཁྱིམ་ཚང་ལ་དོ་སྣང་བྱེད་པ་དང་། ཁྱིམ་གྱི་སློབ་གསོ་ལ་དོ་སྣང་བྱེད་པ། ཁྱིམ་སྲོལ་ལ་དོ་སྣང་བྱེད་པ་བཅས་གསུམ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་དར་སྤེལ་གཏོང་རྒྱུ་དམ་འབྲེལ་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་གྱི་ཁྱིམ་ཚང་གི་སྤྱོད་བཟང་དར་ཁྱབ་གཏོང་བ། ཁྱིམ་ཚང་འཆམ་མཐུན་ཡོང་བ་དང་། གཉེན་ཉེ་ཕན་ཚུན་བྱམས་ཤིང་བརྩེ་བ། ཕྱི་རབས་པ་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་བ། རྒན་རྒོན་རྣམས་རྒ་དུས་འཚོ་བསྟེན་ཡོད་པ་བཅས་བྱས་ཏེ། ཁྱིམ་ཚང་ཁྲི་མ་འབུམ་དག་རྒྱལ་ཁབ་གོང་འཕེལ་དང་། མི་རིགས་ཡར་རྒྱས། སྤྱི་ཚོགས་འཆམ་མཐུན་བཅས་ཡོང་བའི་གཞི་རྩ་གལ་ཆེན་དུ་འགྱུར་བར་བྱེད་དགོས ཞེས་བསྟན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དཔྱད་བརྗོད་ཀྱིས། ཕྱོགས་ཡོངས་ཀྱི་འཐབ་ཇུས་ཀྱི་མཐོ་ཚད་ནས་ཁྱིམ་ཚང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁྲོད་ཟིན་པའི་གལ་ཆེའི་གོ་གནས་དང་བྱེད་ནུས་གསལ་སྟོན་བྱས་ཡོད་པ་དང་། ཁྱིམ་ཚང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་གལ་ཆེའི་དོན་སྙིང་དང་། དམིགས་ཡུལ་དང་འོས་འགན། གཞི་རྩའི་བླང་བྱ་བཅས་ཞིབ་བརྗོད་བྱས་ཏེ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱིམ་ཚང་གི་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་ལས་ཀ་གསར་གཏོད་དང་སྐུལ་འདེད་གཏོང་བར་འབད་བརྩོན་གྱི་ཁ་ཕྱོགས་གསལ་པོ་བསྟན་ཅིང་། གལ་ཆེའི་སྲུང་བྱ་མཁོ་འདོན་བྱས་ཡོད།

  གཅིག “དོ་སྣང་གསུམ་”གྱི་གལ་ཆེའི་དོན་སྙིང་ལེགས་པར་རྟོགས་ཏེ། ཁྱིམ་ཚང་གི་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་ལས་ཀར་སྐུལ་འདེད་བྱེད་པའི་འགན་འཁྲིའི་འདུ་ཤེས་ཆེ་རུ་གཏོང་དགོས།

  ཁྱིམ་ཚང་གི་དཔལ་ཡོན་ནི་སྤྱི་ཚོགས་དཔལ་ཡོན་གྱི་བསྡུས་གཟུགས་ལྟ་བུ་ཡིན་ཏེ་དེས་སྤྱི་ཚོགས་ཧྲིལ་པོའི་དཔལ་ཡོན་དར་ཚད་མཚོན་ཡོད། ཀྲུང་ཧྭ་མི་རིགས་ལ་གནའ་ནས་བཟུང་ཁྱིམ་ཚང་ལ་མཐོང་ཆེན་པོ་བྱེད་པ་དང་། ཁྱིམ་གྱི་སློབ་གསོ་ལ་མཐོང་ཆེན་པོ་བྱེད་པ། ཁྱིམ་སྲོལ་ལ་མཐོང་ཆེན་པོ་བྱེད་པ་བཅས་མཐོང་ཆེན་པོ་བྱེད་པ་གསུམ་ཅན་གྱི་ཕུལ་བྱུང་རིག་གནས་དང་སྲོལ་རྒྱུན་ཡོད་པ་རེད། རང་གཅུན་བློ་སྦྱོང་དང་། ཁྱིམ་ཚང་སྐྱོང་བ། རྒྱལ་ཁབ་སྐྱོང་བ། གནམ་འོག་བདེ་ལ་འགོད་པ་བཅས་ཁྱད་རྟགས་སུ་མངོན་པའི་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གྱི་སློབ་གསོ་དང་། ཁྱིམ་སྲོལ། ཀུན་སྤྱོད་བཅས་ཉམས་ལེན་བྱས་པ་ལས། མི་ཞིག་ཡིན་ཚེ་ཕན་ཚུན་བར་ཁ་དན་ཚིག་གནས་རྒྱུ་གཙོ་ཆེ་བ་དང་། དཔོན་པོ་བྱེད་པར་སྤྱོད་གཙང་དང་དམངས་དོན་གཉེར་རྒྱུ་གཙོ་ཆེ་ལ། བུ་ཕྲུག་གི་སློབ་གསོ་ལ་སྤྱོད་བཟང་གསོ་སྐྱོང་བྱེད་པ་སོགས་ཕུན་སུམ་ཚོགས་པའི་ཁྱིམ་སྲོལ་དང་ཁྱིམ་གྱི་སློབ་གསོ་གཙོ་ཆེ་བ་བཅས་ཀྱི་རྩ་དོན་ཆགས་པ་དང་། ཀྲུང་ཧྭ་མི་རིགས་ཀྱིས་མི་རབས་ནས་མི་རབས་བར་ཁྱིམ་སྲོལ་བཟང་པོ་དར་ཁྱབ་གཏོང་བར་གསོ་བཅུད་འཛོམས་པོ་མཁོ་འདོན་བྱས་ཡོད།

  ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རྒྱལ་ཁབ་ཀྱི་བྱ་གཞག་ཁག་གཏིང་ཟབ་ཏུ་སྤེལ་བ་དང་། སྤྱི་ཚོགས་རིམ་སྒྱུར་བྱེད་ཚད་ཟམ་མི་ཆད་པར་མགྱོགས་སུ་ཕྱིན་ལ། ཁྱིམ་ཚང་གི་སེམས་ཤུགས་ཆིག་སྒྲིལ་དང་གཞི་རྐང་གི་བྱེད་ནུས་སྔར་བས་འབུར་དུ་ཐོན་ཡོད། ཡིན་ནའང་གསལ་པོར་རྟོགས་དགོས་པ་ཞིག་ནི། སྲོལ་རྒྱུན་གྱི་ཁྱིམ་ཚང་གི་འདུ་ཤེས་དང་། ཁྱིམ་ཚང་གི་ཆགས་ཚུལ། ཁྱིམ་ཚང་གི་འཚོ་བ་རོལ་སྟངས་བཅས་ཐད་འགྱུར་ལྡོག་གསར་པ་བྱུང་དང་འབྱུང་བཞིན་ཡོད་དེ། རབས་བརྒྱུད་ཁྱིམ་དང་ཡ་ཁྱིམ་སོགས་མང་དུ་འབྱུང་བ་དང་། ཁྱོ་ཤུག་གི་འབྲེལ་བ་དང་། ཕ་བུའི་འབྲེལ་བ། རྒན་གཞོན་གྱི་འབྲེལ་བ་བཅས་ལ་མངོན་ཚུལ་གསར་པ་འབྱུང་ལ། ཁྱིམ་ཚང་གི་ཐོན་སྐྱེད་དང་། གསོ་སྐྱོང་། འཛད་སྤྱོད། རྒན་གསོ་སོགས་ཐད་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། ལྷག་ཏུ་ཁྱིམ་ཚང་གི་ཁྱབ་ཁོངས་སུ་སྣང་མེད་དུ་གཏོང་མི་རུང་བའི་གནད་དོན་ཁ་ཤས་བྱུང་ཡོད་པ་དཔེར་ན། རིན་ཐང་ལྟ་ཚུལ་མང་པོ་བྱུང་ཞིང་རང་གཤིས་དང་རང་དབང་ལ་རྨོངས་ཚོད་ཀྱིས་འཚོལ་སྙེག་བྱས་པའི་དབང་གིས་ཁྱིམ་ཚང་ཁ་ཤས་ཀྱི་ཁྱིམ་སྲོལ་ཉམས་ཤིང་ཁྱིམ་གྱི་སྒྲིག་ལམ་འཆོར་བ་དང་། ཁྱིམ་མི་འགྲོ་རྒྱུག་ཆེ་བས་བུད་མེད་དང་བྱིས་པ་དང་རྒན་རྒོན་མང་པོ་གཞིས་སྲུང་དུ་ལུས་ལ། བློ་གྲོས་ལ་སྣང་ཆེན་དང་ཀུན་སྤྱོད་ལ་སྣང་ཆུང་བྱས་པ་ལས་ཁྱིམ་ཚང་ཁ་ཤས་ཀྱིས་བུ་ཕྲུག་གི་སློབ་གསོ་ལོག་ལམ་དུ་གོལ་བ་དང་། འགོ་ཁྲིད་ལས་བྱེད་པ་ཁ་ཤས་དང་དེའི་ཁྱིམ་མིས་དབང་ཆ་དང་བརྩེ་གདུང་སྐོར་ལ་ངེས་པ་བརྟན་པོ་ཞིག་མ་རྙེད་པས་ཁྱིམ་རྒྱུད་རང་བཞིན་གྱི་རུལ་སུངས་སུ་འགྱུར་བ་ལ་སོགས་པ་ལྟ་བུའོ།། གོང་བརྗོད་དེ་དག་ལས་ཁྱིམ་ཚང་གི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ཁྱིམ་ཚང་ལ་དོ་སྣང་བྱེད་དགོས་པ་དང་། ཁྱིམ་གྱི་སློབ་གསོ་ལ་དོ་སྣང་བྱེད་དགོས་པ། ཁྱིམ་སྲོལ་ལ་དོ་སྣང་བྱེད་དགོས་པ་བཅས་ཀྱི་གལ་ཆེའི་རང་བཞིན་དང་། དགོས་ངེས་རང་བཞིན། དགོས་གལ་རང་བཞིན་བཅས་གསལ་སྟོན་བྱས་ཡོད་པ་རེད།

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་“དོ་སྣང་གསུམ་”སྐོར་གྱི་གལ་ཆེའི་དཔྱད་བརྗོད་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་ཁྱབ་ཏུ་བཏང་བ་ཞིག་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དུ་བཏང་བ་ཞིག་ཡིན་ལ། མི་དམངས་མང་ཚོགས་ཀྱི་དོ་ཁུར་ལ་ལན་གང་ལེགས་འདེབས་པ་ཞིག་ཀྱང་ཡིན། ཁྱིམ་ཚང་གི་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་ལས་ཀ་ལེགས་པོར་བསྒྲུབ་རྒྱུ་ནི་ཏང་ཀྲུང་དབྱང་གིས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལ་བསྐུར་བའི་མཆོག་ཏུ་གྱུར་པའི་ལས་འགན་ཡིན་ལ། བུད་མེད་ལྷན་ཚོགས་དང་རྩ་འཛུགས་ཀྱི་སྲོལ་རྒྱུན་གྱི་དགེ་མཚན་དང་ལས་ཀའི་ཁྱབ་ཁོངས་གལ་ཆེན་ཞིག་ཀྱང་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་“དོ་སྣང་གསུམ་”སྐོར་གྱི་གལ་ཆེའི་དཔྱད་བརྗོད་ཉིད་ཕྱོགས་སྟོན་དུ་འཛིན་དགོས་པ་དང་། ལོ་རྒྱུས་ཀྱི་འོས་འགན་གྱི་འདུ་ཤེས་དང་ལས་ཀའི་འགན་འཁྲིའི་འདུ་ཤེས་སྔར་བས་ཇེ་དྲག་ཏུ་བསྐྱེད་དགོས་ཤིང་། བསྒྱུར་བཅོས་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཁྱིམ་ཚང་གི་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་ལས་ཀར་སྐུལ་འདེད་བཏང་སྟེ། ཁྱིམ་སྲོལ་ཡག་པོར་བརྟེན་ནས་སྤྱི་ཚོགས་ཀྱི་སྲོལ་བཟང་རྒྱུན་འཁྱོངས་སུ་བྱེད་ཐུབ་པ་དང་། ཁྱིམ་ཚང་ཁྲི་མ་འབུམ་དག་རྒྱལ་ཁབ་གོང་འཕེལ་དང་། མི་རིགས་ཡར་རྒྱས། སྤྱི་ཚོགས་འཆམ་མཐུན་བཅས་ཡོང་བའི་གཞི་རྩ་གལ་ཆེན་དུ་འགྱུར་བར་བྱེད་ཐུབ་པ་དང་། ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་བར་དྲང་ཕྱོགས་ཀྱི་ནུས་པ་ཆེན་པོ་རྩལ་སྤྲུགས་བྱེད་པའི་ཐད་བྱས་རྗེས་གསར་པ་འཇོག་ཐུབ་པ་བཅས་བྱ་དགོས།

  གཉིས། “དོ་སྣང་གསུམ་”གྱི་དགོངས་དོན་དང་ངོ་བོ་ཟབ་མོར་རྟོགས་ཏེ། “ཁྱོན་ཡོངས་བཞི་”ཡི་འཐབ་ཇུས་ཀྱི་བཀོད་པའི་ཁྲོད་ཁྱིམ་ཚང་གི་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་ལས་ཀ་མཐུན་འགྲིག་ངང་སྐུལ་འདེད་གཏོང་དགོས།

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་“དོ་སྣང་གསུམ་”སྐོར་གྱི་གལ་ཆེའི་དཔྱད་བརྗོད་ལས། རྒྱལ་ཁབ་གོང་འཕེལ་གཏོང་བ་དང་ཁྱིམ་ཚང་འཛུགས་སྐྲུན་བྱེད་པ་གཉིས་ནི་རྩོད་སྒྲུབ་ཀྱི་འབྲེལ་བ་ཡིན་པར་འགྲེལ་བཤད་ཟབ་མོར་བྱས་ཡོད་པ་དང་། ཁྱིམ་ཚང་གི་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་ལས་ཀའི་རྩ་བའི་འོས་འགན་དང་ལག་ལེན་བསྟར་བའི་ཐབས་ལམ་ཡང་གསལ་པོར་བསྟན་ཡོད། ཁྱིམ་ཚང་འཛུགས་སྐྲུན་ནི་རྒྱལ་ཁབ་འཛུགས་སྐྲུན་དང་སྤྱི་ཚོགས་འཛུགས་སྐྲུན་གྱི་རྨང་གཞིའི་ལས་གཞི་ཞིག་ཡིན། རང་རྒྱལ་གྱི་ཁྱིམ་ཚང་དུང་ཕྱུར་4ལྷག་གི་“ཁྱིམ་གཞིས་”ཀྱི་སྟོབས་ཤུགས་ལས་“ཁྱོན་ཡོངས་བཞི་”ཡི་འཐབ་ཇུས་ཀྱི་བཀོད་པ་མཐུན་འགྲིག་ངང་སྐུལ་འདེད་གཏོང་བར་དྲང་ཕྱོགས་ཀྱི་ནུས་པ་ཆེན་པོ་རྩལ་སྤྲུགས་བྱེད་ཐུབ་ངེས་ཡིན།

  “དོ་སྣང་གསུམ་”ལག་ལེན་བསྟར་དགོས་ན། ངེས་པར་དུ་“ཁྱོན་ཡོངས་བཞི་”ཡི་བཀོད་པ་མཐུན་འགྲིག་ངང་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་ཁྱིམ་ཚང་གི་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་ལས་ཀར་བསམ་གཞིགས་དང་གོ་བབ་འབྱེད་དགོས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་འགྲུབ་པའི་འཕེལ་རིམ་ནམ་ཁྱིམ་ཚང་གི་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པར། ཁྱིམ་ཚང་གིས་མི་སེམས་གཅིག་སྒྲིལ་དང་སྤྱི་ཚོགས་གཏན་འཇགས་ཐད་ཐོན་པའི་ཐུན་མོང་མ་ཡིན་པའི་བྱེད་ནུས་འདོན་སྤེལ་གང་ལེགས་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཅིང་འགྲུབ་ཀྱིན་པའི་གྲུབ་འབྲས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་དངོས་པོའི་དགོས་མཁོ་དང་བསམ་བློ་དང་རིག་གནས་ཀྱི་འཚོ་བ་ཕུན་ཕུན་ཚོགས་སུ་དང་འདང་ངེས་སུ་རྒྱས་པར་བྱེད་དགོས། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་འཕེལ་རིམ་ནང་ཁྱིམ་ཚང་གི་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པར། རྒྱ་ཆེའི་ཁྱིམ་ཚང་ལ་སྣེ་ཁྲིད་བྱས་ཏེ་སྒྱུར་བཅོས་ལ་ཡང་དག་པར་ཤེས་རྟོགས་དང་། བསྒྱུར་བཅོས་ལ་ཞེ་གཏིང་ནས་རྒྱབ་སྐྱོར། བསྒྱུར་བཅོས་ནང་ཟབ་ཞུགས་བཅས་བྱེད་དགོས་པ་དང་། འཆམ་མཐུན་དང་གཏན་འཇགས་ཅན་གྱི་ཁྱིམ་ཚང་གི་འབྲེལ་བ་སྤྱད་དེ་བསྒྱུར་བཅོས་ལ་རམ་འདེགས་བྱེད་དགོས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འཕེལ་རིམ་ནང་ཁྱིམ་ཚང་གི་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པར། རྒྱ་ཆེའི་ཁྱིམ་ཚང་ལ་དྲིལ་བསྒྲགས་དང་སྣེ་ཁྲིད་བྱས་ཏེ་རང་རྟོགས་ཀྱིས་བཅའ་ཁྲིམས་ལ་བརྩི་བཀུར་སློབ་སྦྱོང་བརྩི་སྲུང་བེད་སྤྱོད་བཅས་བྱེད་དགོས་པ་དང་། དུས་མཚུངས་སུ་བཅའ་ཁྲིམས་ལ་བརྟེན་ནས་ཁྱིམ་ཚང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་འགན་སྲུང་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འཕེལ་རིམ་ནང་ཁྱིམ་ཚང་གི་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པར། ཁྱིམ་སྲོལ་ཡག་པོར་བརྟེན་ནས་དྭངས་གཙང་གི་ཏང་སྲོལ་དང་སྲིད་སྲོལ་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་དགོས་པ་དང་། དཀའ་སྤྱད་འབད་བརྩོན་དང་། སྒྲིག་ཁྲིམས་བརྩི་སྲུང་། གཞུང་དྲང་སྤྱོད་གཙང་ཅན་གྱི་ཁྱིམ་ཚང་དར་སྲོལ་ཧུར་ཐག་གིས་སྤེལ་དགོས་ཤིང་། ཁྱིམ་སྲོལ་ཡག་པོར་བརྟེན་ནས་སྤྱི་ཚོགས་ཀྱི་སྲོལ་བཟང་རྒྱུན་འཁྱོངས་སུ་བྱེད་དགོས།

  “དོ་སྣང་གསུམ་”ལག་ལེན་བསྟར་དགོས་ན། ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་རྒྱུ་དེ་ནང་དོན་གཙོ་བོར་བྱེད་དགོས། དུས་སྐབས་གསར་པའི་ནང་ཁྱིམ་ཚང་གི་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་ལས་ཀར་གསར་གཏོད་དང་སྐུལ་འདེད་བྱེད་པར། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཉིད་ནང་དོན་གཙོ་བོར་འཛིན་རྒྱུ་དང་། ཁྱིམ་ཚང་འཆམ་མཐུན་ཡོང་བ་དང་། གཉེན་ཉེ་ཕན་ཚུན་བྱམས་ཤིང་བརྩེ་བ། ཕྱི་རབས་པ་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་བ། རྒན་རྒོན་རྣམས་རྒ་དུས་འཚོ་བསྟེན་ཡོད་པ་བཅས་བྱེད་རྒྱུ་དེ་དམིགས་འབེན་དུ་འཛིན་རྒྱུ། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་གི་ཀུན་སྤྱོད་བཟང་པོ་དར་སྤེལ་དང་ཁྱིམ་སྲོལ་ཡག་པོ་འབྱེད་པའི་གོ་རིམ་ནང་བུད་མེད་ཀྱིས་ཐོན་པའི་ཐུན་མོང་མ་ཡིན་པའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་རྒྱུ་དེ་ཤུགས་རྒྱག་སར་འཛིན་རྒྱུ་བཅས་རྒྱུན་འཁྱོངས་བྱས་ཐོག ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་གི་ཀུན་སྤྱོད་བཟང་པོ་ཁྱབ་སྤེལ་གཏོང་བ་དང་། ཁྱིམ་སྲོལ་ཡག་པོ་དང་ཁྱིམ་སྐྱོང་ལེགས་བཤད་རྒྱ་ཁྱབ་ཏུ་སྒྲོག་སྤེལ། ཁྱིམ་ཚང་འཛུགས་སྐྲུན་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་བའི་རྟེན་གཞི་བརྟན་པོར་འགྱུར་བར་བྱས་ནས། འབྱོར་ཕྱུག་དང་དམངས་གཙོ། ཤེས་དཔལ། ཞི་མཐུན་བཅས་བཞི་པོ་ཐུན་མོང་གི་ངེས་ཤེས་སུ་ཆགས་པར་བྱེད་རྒྱུ་དང་། རང་དབང་དང་། འདྲ་མཉམ། དྲང་སྙོམ། ཁྲིམས་སྐྱོང་བཅས་བཞི་པོ་ཚང་མའི་སེམས་གཏིང་དུ་གནས་པར་བྱེད་ཅིང་། རྒྱལ་གཅེས་དང་། ལས་བཀུར། ཡིད་རྟོན། མཛའ་མཐུན་བཅས་བཞི་པོ་ཚད་གཞིར་འགྱུར་བར་བྱེད་པ་དང་། རྒྱལ་ཁབ་གོང་འཕེལ་དང་། མི་རིགས་ཡར་རྒྱས། སྤྱི་ཚོགས་འཆམ་མཐུན་བཅས་ཡོང་བར་སྒུལ་ཤུགས་དང་རྨང་གཞི་བརྟན་པོ་ཟམ་མི་ཆད་པར་འདོན་སྤྲོད་བྱེད་དགོས།

  “དོ་སྣང་གསུམ་”ལག་ལེན་བསྟར་དགོས་ན། ངེས་པར་དུ་ཁྱིམ་ཚང་དང་། ཁྱིམ་གྱི་སློབ་གསོ། ཁྱིམ་སྲོལ་བཅས་ཀྱི་ཤེས་རྟོགས་ཟབ་མོར་རྙེད་དགོས། ཁྱིམ་ཚང་དང་། ཁྱིམ་གྱི་སློབ་གསོ། ཁྱིམ་སྲོལ་བཅས་གསུམ་པོ་ནི་གཅིག་གྱུར་དམ་ཚགས་དང་འབྲེལ་བ་དམ་ཟབ་ངང་གནས་ཡོད། ཁྱིམ་ཁ་མཐུན་ན་སྤྱི་ཚོགས་ཞི་མཐུན་ཡོང་ངེས་པ་དང་། ཁྱིམ་གྱི་སློབ་གསོ་བཟང་ན་འབྱུང་འགྱུར་རེ་བས་ཁེངས་ངེས་ལ། ཁྱིམ་སྲོལ་ཡག་ན་སྤྱི་ཚོགས་དྲང་ནུས་ཀྱིས་ཁེངས་ངེས་པ་ཡིན། ཁྱིམ་ཚང་ལ་དོ་སྣང་བྱེད་པར། ཁྱོ་ཤུག་འཆམ་པོར་གནས་པ་དང་། བུ་ཕྲུག་གི་སློབ་གསོ་བཟང་ལ། རྒ་དུས་འཚོ་བསྟེན་ཡོད་པ་བཅས་ཅན་གྱི་ཁྱིམ་ཚང་གི་ཁོར་ཡུག་བསྐྲུན་ཅི་ཐུབ་བྱེད་དགོས་ལ། ཁྱིམ་ཚང་འཆམ་པོ་ཡོང་བར་བརྟེན་ནས་སྤྱི་ཚོགས་ཞི་མཐུན་ཡོང་བར་སྐུལ་སྤེལ་གཏོང་དགོས། ཁྱིམ་གྱི་སློབ་གསོར་དོ་སྣང་བྱེད་པར། ཁྱིམ་ཚང་ཞེས་པའི་མི་ཚེའི་སློབ་གྲྭ་དང་པོ་འཛུགས་སྐྲུན་ལེགས་པོར་བྱེད་དགོས་པ་དང་། བཟའ་དཔོན་གྱི་བསམ་སྦྱོར་བཟང་པོ་དང་ཉམས་ལེན་ལས་བུ་རབས་ཚ་རྒྱུད་ལ་ཀུན་སྤྱོད་གཤིས་རྒྱུད་སྤྱོད་ལམ་བཟང་པོ་འབྱོར་བར་སློབ་གསོ་དང་སྐུལ་ཁྲིད་བྱེད་དགོས་ཤིང་། བུ་ཕྲུག་ཚོས་མི་ཚེའི་གྱོན་ཆས་དང་པོ་སྒྱུར་བར་རོགས་བྱེད་དགོས། ཁྱིམ་སྲོལ་ལ་དོ་སྣང་བྱེད་པར། ཁྱིམ་སྲོལ་ཡག་པོ་དང་ཁྱིམ་སྐྱོང་ལེགས་བཤད་ལ་བརྟེན་ནས་ཁྱིམ་མིའི་སེམས་པ་གསོ་བ་དང་ཁྱིམ་མིའི་བྱ་སྤྱོད་ལ་ཚོད་འཛིན་བྱེད་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྱིམ་ཚང་སོ་སོས་ལག་ལེན་བསྟར་བར་བྱེད་དགོས།

  གསུམ། “དོ་སྣང་གསུམ་”ལག་ལེན་མཐིལ་ཕྱིན་བསྟར་ཏེ། ཁྱིམ་ཚང་གི་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་ལས་ཀ་རྒྱ་ཁྱབ་དང་གཏིང་ཟབ་ཏུ་སྐུལ་འདེད་ཏན་ཏིག་གཏོང་དགོས།

  དུས་ཡུན་རིང་པོའི་ནང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱིམ་ཚང་གི་ལས་ཀར་ནམ་ཡང་མཐོང་ཆེན་པོ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཁྱིམ་ཚང་གི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་ཀ་གཙོ་གལ་ཆེ་བར་བཟུང་སྟེ་དམ་འཛིན་དང་ལག་ལེན་བསྟར་གྱིན་ཡོད། ན་ནིང་གི་ཟླ་2པར། རྒྱལ་ཡོངས་བུད་མེད་ལྷན་ཚོགས་ཀྱིས་ཁྱིམ་སྲོལ་ཡག་པོ་དར་ཁྱབ་གཏོང་རྒྱུ་བརྗོད་བྱ་གཙོ་བོ་ཡིན་པའི་“ཆེས་མཛེས་ཁྱིམ་ཚང་”འཚོལ་བ་ཞེས་པའི་བྱེད་སྒོ་སྤེལ་བ་རེད། ཁྱིམ་ཚང་མང་པོ་ཞིག་ཟབ་ཞུགས་བྱས་ཤིང་། ས་གནས་སོ་སོ་རུ་ཁྱིམ་སྲོལ་ཡག་པོ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་གྱི་རིམ་པ་སོ་སོའི་“ཆེས་མཛེས་ཁྱིམ་ཚང་”ཁྲི་183ལྷག་ཐོན་ཏེ། སྤྱི་ཚོགས་ཡོངས་སུ་ཁྱིམ་སྲོལ་ཡག་པོ་དར་ཁྱབ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་བའི་དྲང་ཕྱོགས་ཀྱི་ནུས་པ་ཆེན་པོ་ཆགས་ཡོད་པ་རེད།

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་“དོ་སྣང་གསུམ་”སྐོར་གྱི་གལ་ཆེའི་དཔྱད་བརྗོད་ལག་ལེན་བསྟར་བ་དང་། ཁྱིམ་ཚང་གི་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་ལས་ཀར་གསར་གཏོད་དང་སྐུལ་འདེད་བྱེད་རྒྱུ་ནི་ཡུན་རིང་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས་པའི་བྱ་གཞག་ཅིག་ཡིན། རྒྱ་ཆེའི་བུད་མེད་རྣམས་ཀྱིས་ཁྱིམ་ཚང་གི་དང་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་ཐོན་པའི་ཐུན་མོང་མ་ཡིན་པའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་རྒྱུ་དེ་ནང་དོན་གཙོ་བོར་བྱེད་ཅིང་། “ཆེས་མཛེས་ཁྱིམ་ཚང་”འཚོལ་བ་ཞེས་པའི་བྱེད་སྒོ་དེ་རྟེན་གཞིར་བྱས་ཏེ། ཁྱིམ་ཚང་གི་དཔལ་ཡོན་་འཛུགས་སྐྲུན་སྐོར་གྱི་ལས་ཀ་ཉིད་གཞི་རིམ་དུ་ཏན་ཏིག་གིས་སྤེལ་བ་དང་། ཁྱིམ་ཚང་སོ་སོར་ལག་ལེན་བསྟར་ཅིང་། བུད་མེད་མང་ཚོགས་ཁྲོད་དུ་དར་སྤེལ་གཏོང་དགོས། ཁྱིམ་ཚང་གི་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་ལས་ཀ་རྒྱུན་རྣམ་ཅན་དུ་སྤེལ་བར་སྐུལ་སྤེལ་བྱེད་པ་ལ།“ཆེས་མཛེས་ཁྱིམ་ཚང་”འཚོལ་བ་ཞེས་པའི་བྱེད་སྒོ་རྒྱུན་རྣམ་ཅན་དུ་སྐུལ་འདེད་བྱེད་དགོས་པ་དང་། ཁྱིམ་ཚང་གི་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་ལས་ཀར་སྐུལ་སྤེལ་ཟམ་མི་ཆད་པར་བྱེད་དགོས་ལ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཉིད་མི་རྣམས་ཀྱི་བསམ་སྦྱོར་ཐོག་རང་རྟོགས་ཀྱིས་འགྱུར་བར་བྱེད་དགོས། ཁྱིམ་ཚང་གི་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་ལས་ཀའི་ཁྱབ་རྒྱ་ཆེ་རུ་བསྐྱེད་པ་ལ། ཁྱིམ་ཚང་གི་དཔལ་ཡོན་འཛུགས་སྐྲུན་ཉིད་གྲོང་ཁྱེར་དང་གྲོང་རྡལ་དང་སྡེ་ཁུལ་གྱི་“བུད་མེད་ཀྱི་ཁྱིམ་གཞིས་”ནས་ཁེ་ལས་དང་། སློབ་གྲྭ། ལས་ཁུངས་དག་ཏུ་རྒྱ་སྐྱེད་བྱེད་པར་སྐུལ་སྤེལ་གཏོང་བ་སྟེ། ཁེ་ལས་ཀྱི་ལས་བཟོ་པའི་ཁྲོད་དུ་ལས་གནས་ལ་དགའ་ཞིང་ཁྱིམ་ཚང་ལ་གཅེས་པ་ཞེས་པའི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་དགོས་པ་དང་། སློབ་གྲྭའི་རིག་གནས་འཛུགས་སྐྲུན་གྱི་འཕེལ་རིམ་ནང་ཁྱིམ་སྲོལ་ཡག་པོ་དང་ཁྱིམ་སྐྱོང་ལེགས་བཤད་སྐོར་གྱི་དྲིལ་བསྒྲགས་དང་ལག་ལེན་གྱི་བྱེད་སྒོ་ལེགས་པོར་སྤེལ་དགོས་ལ། ཏང་སྲིད་ལས་ཁུངས་ཀྱི་གཞུང་ཞབས་པའི་ཁྲོད་དྭངས་གཙང་ཅན་གྱི་ཁྱིམ་ཚང་འཛུགས་སྐྲུན་སྐོར་གྱི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ་བཅས་བྱེད་དགོས། ཁྱིམ་ཚང་གི་སློབ་གསོའི་སྐོར་གྱི་ལས་ཀར་ཤུགས་སྣོན་རྒྱག་པར། བུ་ཕྲུག་ཚོ་ལ་ཀུན་སློང་དང་སྤྱོད་ལམ་དང་གོམས་གཤིས་བཟང་པོ་འབྱོར་བར་རོགས་རམ་བྱེད་རྒྱུ་གཙོ་གནད་དུ་འཛིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་གི་ཀུན་སྤྱོད་བཟང་པོ་དང་ཁྱིམ་སྲོལ་ཡག་པོ་དང་ཁྱིམ་སྐྱོང་ལེགས་བཤད་སྐོར་གྱི་སློབ་གསོ་ལེགས་པོར་སྤེལ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ས་བོན་བཟང་པོ་ཕྲུ་གུ་ཚོའི་ཞེ་གཏིང་ལ་འདེབས་ནས། ཕྲུ་གུ་ཚོས་ཆུང་དུས་ནས་ཚུལ་ལྡན་གྱི་མི་ཞིག་དང་། དཔའ་བའི་གདེང་དང་ལྡན་པའི་མི་ཞིག གསར་གཏོད་ཀྱིས་ཕྱུག་པའི་མི་ཞིག་བཅས་བྱེད་རྒྱུར་འབད་པ་བྱེད་དུ་འཇུག་དགོས། ཁྱིམ་སྲོལ་ཡག་པོ་དང་ཁྱིམ་སྐྱོང་ལེགས་བཤད་དར་སྤེལ་བྱེད་ཤུགས་ཆེ་རུ་བསྐྱེད་པ་ལ། དྲིལ་བསྒྲགས་དང་སྐུལ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་དགོས་པ་སྟེ།“ཆེས་མཛེས་ཁྱིམ་ཚང་”གི་དཔེ་སྟོན་ནུས་པ་ཧུར་ཐག་གི་རྒྱ་སྐྱེད་བྱེད་དགོས་པ་དང་། ཁྱིམ་ཚང་གང་མང་མང་ཞིག་གིས་“ཆེས་མཛེས་”ཞེས་པར་རེ་སྨོན་དང་“ཆེས་མཛེས་”ཞེས་པ་བརྩོན་ལེན་བྱེད་དུ་བཅུག་པ་བརྒྱུད། “ཆེས་མཛེས་”ཞེས་པའི་དགོངས་དོན་ལ་བརྟེན་ནས་ཁྱིམ་སྲོལ་ཡག་པོ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཁྱིམ་སྲོལ་ཡག་པོར་བརྟེན་ནས་སྤྱི་ཚོགས་ཀྱི་སྲོལ་བཟང་གཞི་ནས་རྒྱུན་འཁྱོངས་སུ་བྱེད་ཐུབ་པ་བྱེད་དགོས་སོ།།

  (རྩོམ་པ་པོ་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་རྒྱལ་ཡོངས་བུད་མེད་ལྷན་ཚོགས་ཀྲུའུ་ཞི་ཡིན།)

  བསོད་ནམས་དབང་རྒྱལ་གྱིས་བསྒྱུར།