སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་མགྱོགས་སུ་འཛུགས་དགོས།

  དེབ་འདིའི་དཔྱད་གཏམ་པ།

  ད་ལོ་ནི་ཁྱོན་ཡོངས་ནས་རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་བའི་ལོ་དང་པོ་ཡིན། སྤྱི་ཚོགས་ཡོངས་སུ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་གནས་འཛུགས་སྐྲུན། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་འཇོག་པ་བཅས་ཀྱིས་རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་བའི་གཞི་རྩའི་ཇུས་གཞི་ཁྱོན་ཡོངས་ནས་བསྟར་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་དུ་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་མགྱོགས་སུ་འཛུགས་པ། “ཁྱོན་ཡོངས་བཞི་”མཐུན་འགྲིག་གིས་སྐུལ་འདེད་གཏོང་བ། “ལོ་ངོ་བརྒྱ་ཕྲག་གཉིས་”ཀྱི་འབད་བརྩོན་དམིགས་ཡུལ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་བ་བཅས་ལ་དོན་སྙིང་གལ་ཆེན་པོ་ལྡན་པ་རེད།

  ཁྱོན་ཡོངས་ནས་རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་བ་ནི་རྒྱལ་ཁབ་སྐྱོང་ལུགས་ཁྱབ་ཁོངས་ཀྱི་རྒྱ་ཆེ་ལ་གཏིང་ཟབ་པའི་གསར་བརྗེ་ཞིག་ཡིན་ལ། ང་ཚོའི་ཏང་གིས་རྒྱལ་སྲིད་སྐྱོང་བ་དང་། མི་དམངས་བདེ་སྐྱིད་ལྡན་པ། ཏང་དང་རྒྱལ་ཁབ་ཡུན་རིང་གཏན་འཇགས་ཡོང་བ་བཅས་དང་ཡང་འབྲེལ་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་《ཀྲི་ཅང་གཏམ་གསར་》ནང་བསྟན་དོན། “མི་རྣམས་ལ་ཁྲིམས་སྐྱོང་སྙིང་སྟོབས་དབེན་ཞིང་། སྤྱི་ཚོགས་ལ་ཁྲིམས་སྐྱོང་རྒྱུན་སྲོལ་མེད་ན། ཁྲིམས་སྐྱོང་ནི་རྩད་པ་མེད་པའི་ཤིང་སྡོང་དང་། རྩ་བ་མེད་པའི་རྩི་ཤིང་། འགོ་ཁུངས་མེད་པའི་ཆུ་ལྟ་བུའོ།།” སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་གཏོང་བ་ནི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་རྩ་བཅོས་སྲིད་ཇུས་ཡིན། དང་པོ། ཏང་གིས་རྒྱལ་སྲིད་སྐྱོང་བར་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་དགོས། གོང་འཕེལ་ནི་ཏང་གིས་རྒྱལ་སྲིད་སྐྱོང་བའི་ལས་འགན་ཨང་དང་པོ་ཡིན། གོང་འཕེལ་གཏོང་བར་བསྒྱུར་བཅོས་ཀྱི་སྟོབས་ཤུགས་ལ་བརྟེན་དགོས་ལ། ཁྲིམས་སྐྱོང་གི་སྟོབས་ཤུགས་ལའང་བརྟེན་དགོས། ཁྱོན་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་དང་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གཉི་ག་ནི་ཤིང་རྟའི་འཕང་ལོ་གཉིས་པོ་དང་བྱའི་གཤོག་ཟུང་ལྟ་བུ་ཡིན་ཏེ། མཉམ་སྐྱོད་མཉམ་འཕུར་བྱེད་པ་ལས་ཕྱོགས་གཅིག་མཁྲེགས་བཟུང་བྱས་མི་ཉན། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་འགོ་ཁྲིད་ལས་བྱེད་ཅེས་པའི་“རྩ་གནད་གྲངས་ཉུང་”འདི་ངེས་པར་དམ་འཛིན་བྱེད་པ་དང་། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བའི་ཕྱོགས་སོ་སོ་ནས་འོས་འགན་གལ་ཆེན་ཐེག་དགོས། ཏང་གིས་ཁྲིམས་འཛུགས་ལ་འགོ་ཁྲིད་དང་། ཁྲིམས་བསྟར་ལ་ཁག་ཐེག ཁྲིམས་འཛིན་ལ་རྒྱབ་སྐྱོར། ཁྲིམས་བརྩི་ལ་སྣེ་ཁྲིད་བཅས་བྱེད་པར་ཏང་ཡོན་འགོ་ཁྲིད་ལས་བྱེད་ཉིད་ཁྲིམས་ལུགས་བརྩི་སྦྱོང་སྲུང་སྤྱོད་ཀྱི་དཔེ་བཟང་དུ་ངེས་པར་འགྱུར་བར་བྱེད་རྒྱུ་དང་། ཁྲིམས་སྐྱོང་ལ་བརྩི་འཇོག་དང་བཅའ་ཁྲིམས་ལ་བཀུར་ཞིང་སྐྲག་པ་དང་། སྣེ་འཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་དགོས། གཉིས་པ། མི་དམངས་བདེ་སྐྱིད་ལྡན་དགོས་ན་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་དགོས། མི་དམངས་ཀྱི་ཁེ་ཕན་ཁྲིམས་སྐྱོང་ལ་བརྟེན་ནས་འགན་སྲུང་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་འགོ་རྩོམ་ས་དང་རྐང་འཛུགས་ས་ནི་མི་དམངས་ཀྱི་ཆེད་དུ་དང་། མི་དམངས་ལ་བརྟེན་པ། མི་དམངས་ལ་བདེ་སྐྱིད་སྐྲུན་པ། མི་དམངས་སྲུང་སྐྱོང་བྱེད་པ་བཅས་ཡིན། མིག་སྔར། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་སྐྱེལ་བ་དང་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འཇིགས་སྐུལ་བྱེད་པའི་དོན་རྐྱེན་ཁ་ཤས་བྱུང་བར་རྒྱུ་རྐྱེན་གང་མང་ཡོད་རུང་། ཁྲིམས་སྐྱོང་སྙིང་སྟོབས་སྤེལ་མ་ཐུབ་པ་ནི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད། ཁྲིམས་སྐྱོང་སྙིང་སྟོབས་ཀྱིས་ཁྲིད་སྟོན་བྱས་འོག འགོ་ཁྲིད་ལས་བྱེད་ཀྱིས་སྣེ་འཁྲིད་དེ་ཁྲིམས་སྲུང་སྒྲིག་བརྩི་དང་དོན་དག་བྱུང་ཚེ་ཁྲིམས་ལ་བརྟེན་པ་དང་། རིམ་པ་སོ་སོའི་སྲིད་གཞུང་གིས་ཁྲིམས་ནན་གྱིས་བསྟར་བ་དང་དྲང་གཞག་གིས་བསྟར་བའི་རྣམ་པ་ཆགས་པ། དུས་མཚུངས་སུ་དམངས་ཡོངས་ཀྱིས་རང་རྟོགས་ཀྱིས་ཁྲིམས་བརྩི་བ་དང་ཁྲིམས་ལ་བརྟེན་ནས་དོན་སྒྲུབ་པ། ཁྲིམས་ལ་བརྟེན་ནས་གནད་དོན་ཐག་གཅོད་པའི་རྒྱུན་སྲོལ་ཆགས་པ། དེ་བཞིན་ཁྲིམས་མཐུན་གཟི་བརྗིད་དང་ཁྲིམས་འགལ་ངོ་ཚའི་ཁོར་ཡུག་ཆགས་པ་བཅས་བྱས་ན། མི་དམངས་བདེ་སྡོད་ལས་བརྩོན་དང་བདེ་ཞིང་སྐྱིད་པའི་འཆམ་མཐུན་སྤྱི་ཚོགས་ད་གཟོད་ཆགས་ཐུབ་ལ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ནས་འགྲུབ་པར་བྱེད་པའི་དམིགས་འབེན་ད་གཟོད་ངེས་པ་དོན་དུ་མངོན་འགྱུར་བྱེད་ཐུབ། གསུམ་པ། ཏང་དང་རྒྱལ་ཁབ་ཡུན་རིང་གཏན་འཇགས་ཡོང་བར་ངེས་པར་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་དགོས། ཁྲིམས་ལྟར་རྒྱལ་སྐྱོང་གི་གཞི་རྩའི་ཐབས་ཇུས་ཆེན་མོ་ལག་ལེན་བསྟར་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་ནི་ཏང་དང་རྒྱལ་ཁབ་ཡུན་རིང་གཏན་འཇགས་ཡོང་བའི་རྩ་བའི་སྲིད་ཇུས་ཡིན། ལག་ལེན་ལས་ར་འཕྲོད་བྱུང་བ་ལྟར་ན། ཁྲིམས་སྐྱོང་རྒྱལ་ཁབ་མགྱོགས་སུ་བསྐྲུན་ན། བཅའ་ཁྲིམས་དང་ལམ་ལུགས་ཀྱི་འཛུགས་སྐྲུན་ལ་དོ་སྣང་བྱེད་དགོས་པ་མ་ཟད། གཏིང་རིམ་ཏེ་བསམ་པའི་ངོས་ཀྱི་འཛུགས་སྐྲུན་ལའང་མཐོང་ཆེན་བྱས་ཏེ། ཁྲིམས་སྐྱོང་ཉིད་མི་རྣམས་ཀྱི་རང་རྟོགས་འདུ་ཤེས་སུ་འགྱུར་བར་བྱེད་པ་དང་། ཁྲིམས་ལྟར་རྒྱལ་སྐྱོང་གི་གཞི་རྩའི་ཐབས་ཇུས་ཆེན་མོ་ལག་ལེན་བསྟར་བའི་བསམ་ཤུགས་དྲག་པོར་འགྱུར་བར་བྱེད་དགོས། བཅའ་ཁྲིམས་ཉིད་མི་རྣམས་ཀྱི་ནང་སེམས་འཇིག་རྟེན་དུ་བཅགས་ཏེ་མི་རྣམས་ཀྱིས་དད་མོས་དང་ཡིད་རྟོན་བྱས་ཚེ། ཁྲིམས་སྐྱོང་ལ་ད་གཟོད་ནུས་ཤུགས་ལྡན་ལ་བཅའ་ཁྲིམས་ལ་ད་གཟོད་དབང་གྲགས་ལྡན་པ་ཡིན། དེར་བརྟེན། ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་གོ་རིམ་ཁྲོད་ཁྲིམས་སྐྱོང་སྙིང་སྟོབས་གསོ་སྐྱོང་བྱེད་པར་སྣང་མེད་དུ་གཏན་ནས་བསྐྱུར་མི་རུང་། ལྷག་པར་དུ་རང་རྒྱལ་གྱི་བཅའ་ཁྲིམས་ལམ་ལུགས་ཀྱི་མ་ལག་གཞི་རྩའི་ཐོག་ནས་ཆགས་ཟིན་པའི་ལོ་རྒྱུས་ཆ་རྐྱེན་ནང་། བཅའ་ཁྲིམས་ལམ་ལུགས་དང་འཚམ་པའི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་ནི་སྔར་བས་གལ་ཆེན་དང་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། ང་ཚོས་ཁྲིམས་སྐྱོང་སྙིང་སྟོབས་གསོ་སྐྱོང་བྱེད་རྒྱུ་དེ་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ཏུ་བཞག་ནས་ཤེས་རྟོགས་བྱེད་པ་དང་། ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་བཏང་བ་བརྒྱུད། ཁྲིམས་སྐྱོང་སྙིང་སྟོབས་མིའི་སེམས་སུ་འཇགས་པར་བྱེད་པ་དང་། སྤྱི་ཚོགས་ཡོངས་ནས་ཁྲིམས་སྐྱོང་ནན་དུ་བསྟར་བའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ཇེ་དྲག་ཏུ་གཏོང་བ། མི་དམངས་ཚང་མ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལ་བརྩི་མཐོང་བྱེད་མཁན་རྣམ་དག་ཅན་དང་། རང་རྟོགས་ཀྱིས་བརྩི་སྲུང་བྱེད་མཁན། བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོབ་བྱེད་མཁན་བཅས་སུ་འགྱུར་བར་བྱེད་དགོས།

  ཁྲིམས་སྐྱོང་སྙིང་སྟོབས་ནི་མི་རྣམས་ཀྱིས་ཁྲིམས་སྐྱོང་ཕུགས་འདུན་ལ་བཅངས་པའི་རེ་སྨོན་དང་། དེ་བཞིན་དེ་ལས་བྱུང་བའི་དད་མོས་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་ནི་ཁྲིམས་སྐྱོང་སྙིང་སྟོབས་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བྱེ་བྲག་གི་ལག་ལེན་གཉིས་ཟུང་འབྲེལ་བྱས་པའི་ཐོན་དངོས་ཡིན་ལ། མི་རྣམས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལ་བཅངས་པའི་ཟོལ་མེད་དད་མོས་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཐད་སྐྱེས་པའི་ངེས་ཤེས་ཀྱང་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་ཁོངས་སུ་སྔོན་ཐོན་གྱི་རིན་ཐང་དང་འདུ་ཤེས་མང་པོ་ལྡན་ཡོད་དེ། དེའི་ནང་ཁྲིམས་ལྟར་རྒྱལ་སྐྱོང་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་སྲོག་ཤིང་ནང་དོན་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་བར་སྤྱི་ཚོགས་ཡོངས་སུ་བཅའ་ཁྲིམས་ཀྱི་དབང་གྲགས་འཛུགས་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་བླ་ན་མེད་པ་དང་། བཅའ་ཁྲིམས་མདུན་དུ་ཚང་མ་འདྲ་མཉམ་ཡིན་པ། དབང་ཚད་ཁྲིམས་ཀྱིས་གཅོད་པ། ཁྲིམས་ལྟར་དབང་སྤྱོད་པ་སོགས་གཞི་རྩའི་ཁྲིམས་སྐྱོང་འདུ་ཤེས་བརྟན་པོར་ཆགས་སུ་འཇུག་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་དེ་ཏང་གིས་མི་དམངས་ཀྱི་སྣེ་འཁྲིད་དེ་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་ཐབས་ཇུས་ཆེན་མོར་བརྩི་བ། ཁྲིམས་ལྟར་སྲིད་སྐྱོང་བ་དེ་ཏང་གི་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་སྲིད་སྐྱོང་བའི་གཞི་རྩའི་བྱེད་སྟངས་སུ་བརྩི་བ། རྒྱལ་ཁབ་ཀྱི་ལས་དོན་ཁག་དང་ལས་ཀ་ཁག་ཁྲིམས་ལུགས་ཀྱི་འགྲོ་ལམ་དུ་འཇུག་པ་བཅས་བྱེད་དགོས། དམངས་དོན་དུ་སྲིད་སྐྱོང་བ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་ངོ་བོའི་བླང་བྱ་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་བར་མི་དམངས་ཀྱི་བྱེད་པོའི་གོ་གནས་རྒྱུན་འཁྱོངས་དང་། རྒྱལ་ཁབ་ཀྱི་དབང་ཆ་ཡོད་ཚད་མི་དམངས་ལ་དབང་བའི་རྩ་ཁྲིམས་ཀྱི་འདུ་ཤེས་བརྟན་པོར་ཆགས་སུ་འཇུག་དགོས། མི་དམངས་ཀྱི་དོན་དུ་ཁྲིམས་སྐྱོང་བ་དང་མི་དམངས་ལ་རྒྱབ་རྟེན་བཅོལ་བ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱི་ཁེ་ཕན་དང་ཁེ་དབང་ངེས་པ་དོན་དུ་སྲུང་སྐྱོང་དང་འགན་སྲུང་བྱེད་དགོས། མི་དམངས་ཀྱིས་ཏང་གི་འགོ་ཁྲིད་འོག་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར། ཐབས་ལམ་དང་རྣམ་པ་མི་འདྲ་བའི་སྒོ་ནས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་ལས་དོན་དང་དཔལ་འབྱོར་དང་རིག་གནས་ཀྱི་བྱ་གཞག་ལ་དོ་དམ་བྱེད་པར་འགན་ལེན་བྱེད་དགོས། དྲང་གཞག་དྲང་བདེན་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་སྲོག་རྩ་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་བར་དུས་ནམ་ཡང་བཅའ་ཁྲིམས་ཀྱི་རྒྱ་མ་ཕྱོགས་གཅིག་ལ་ལྷུང་མི་ཉན་པ་བློ་ལ་བརྟན་པོར་ངེས་པ་དང་། སྒེར་ཕན་གྱི་ཆེད་དུ་དྲང་བདེན་མི་འདོར་བ་དང་སྒེར་གྱི་མཛའ་བརྩེའི་ཆེད་དུ་གཞུང་དོན་མི་ཤོར་བ་དོན་དམ་པས་བྱེད་པ། ཧུར་ཐག་གིས་མི་དམངས་མང་ཚོགས་ཀྱིས་ཁྲིམས་འཛིན་གྱོད་གཞི་གང་རུང་དྲང་གཞག་དྲང་བདེན་ཡིན་པ་རྟོགས་སུ་འཇུག་དགོས། དྲང་གཞག་དྲང་བདེན་ནི་རིན་ཐང་ཞིག་དང་རྩ་དོན་ཞིག་གམ་ཡང་ན་ལམ་ལུགས་ཞིག་དང་ལམ་སྲོལ་ཞིག་གང་ཡིན་རུང་ཚང་མ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ནང་གནས་བླང་བྱ་ཡིན། དྲང་གཞག་དྲང་བདེན་རྒྱུན་འཁྱོངས་དང་། ཁེ་དབང་གོ་སྐབས་ལམ་སྲོལ་གསུམ་དྲང་གཞག་ཡོང་བ་ནང་དོན་གཙོ་བོ་བྱས་པའི་སྤྱི་ཚོགས་དྲང་གཞག་འགན་སྲུང་མ་ལག་རིམ་གྱིས་འཛུགས་ཐུབ་པ་བྱུང་ཚེ། བཅའ་ཁྲིམས་ཀྱིས་མི་དམངས་ཀྱི་ཁེ་ཕན་ད་གཟོད་ངེས་པ་དོན་དུ་སྲུང་སྐྱོང་ཐུབ་ལ། སྤྱི་ཚོགས་འཆམ་མཐུན་སྒོས་གོང་འཕེལ་ཡོང་བར་ཡང་སྐུལ་འདེད་གཏོང་ཐུབ། ཀྲུང་གོའི་ཁྱད་ཆོས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་སྐྱེ་སྟོབས་འབར་བའི་འབྱུང་ཁུངས་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་བར་ཁྲིམས་སྐྱོང་འཛུགས་སྐྲུན་དེ་ངེས་པར་དུ་ཀྲུང་གོའི་དངོས་ཡོད་གནས་ཚུལ་ནས་འགོ་རྩོམ་རྒྱུ་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་དང་ལག་ལེན་གྱི་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས་བཅས་འབུར་དུ་ཐོན་པ། ཏང་གིས་མི་དམངས་ཀྱི་སྣེ་འཁྲིད་དེ་ཁྲིམས་སྐྱོང་ལག་ལེན་བསྟར་བའི་ལེགས་འགྲུབ་བྱུང་བའི་ཉམས་མྱོང་མུ་མཐུད་ཕྱོགས་བསྡོམས་དང་བཀོལ་སྤྱོད་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཕུན་སུམ་ཇེ་ཚོགས་དང་གོང་འཕེལ་གཏོང་བ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ཤུགས་རྒྱག་པ། འཆམ་མཐུན་གཏན་འཇགས་ཅན་གྱི་སྤྱི་ཚོགས་ཁོར་ཡུག་དང་དྲང་གཞག་ནུས་ཆེ་ཅན་གྱི་ཁྲིམས་སྐྱོང་ཁོར་ཡུག་ཧུར་ཐག་གིས་བསྐྲུན་པ་བཅས་བྱེད་དགོས། ཏང་གི་འགོ་ཁྲིད་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་རྩ་བའི་འགན་ལེན་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་བར་ཏང་གི་འགོ་ཁྲིད་ཅེས་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་བླ་སྲོག་འདི་རྒྱུན་འཁྱོངས་བྱེད་དགོས། ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ཁྲོད་ཁྱོན་ཡོངས་སྡེབ་འཛིན་དང་ཕྱོགས་སོ་སོ་མཐུན་འགྲིག་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་གོ་གནས་རྒྱུན་འཁྱོངས་དང་། ཏང་གིས་མི་དམངས་ཀྱི་སྣེ་འཁྲིད་དེ་རྩ་ཁྲིམས་དང་བཅའ་ཁྲིམས་གཏན་འབེབས་དང་ལག་ལེན་བསྟར་བ་དང་། ཏང་གིས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་སུ་བྱེད་སྒོ་སྤེལ་བ། ཏང་གི་འགོ་ཁྲིད་དེ་ཁྲིམས་ལྟར་རྒྱལ་སྐྱོང་གི་གོ་རིམ་ཡོངས་དང་ཕྱོགས་སོ་སོར་ཁྱབ་ཡོད་པ་བཅས་བྱེད་དགོས། མདོར་ན། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་ཀྱིས་ཁྲིམས་ལྟར་རྒྱལ་སྐྱོང་དང་ཀུན་སྤྱོད་ལྟར་རྒྱལ་སྐྱོང་གཉིས་ཟུང་སྦྲེལ་བྱས་པ་གཅིག་སྡུད་ཀྱིས་མཚོན་པ་དང་། དེས་ནི་ཁྲིམས་སྐྱོང་ལ་བརྟེན་ནས་ཀུན་སྤྱོད་ཀྱི་འདུ་ཤེས་མཚོན་ཞིང་བཅའ་ཁྲིམས་ཀྱིས་ཀུན་སྤྱོད་འཛུགས་སྐྲུན་ཐད་ཐོན་པའི་སྐུལ་སྤེལ་ནུས་པ་ཆེ་རུ་བསྐྱེད་ལ། ཀུན་སྤྱོད་ལ་བརྟེན་ནས་ཁྲིམས་སྐྱོང་སྙིང་སྟོབས་གསོ་སྐྱོང་བྱེད་ཅིང་ཀུན་སྤྱོད་ཀྱིས་ཁྲིམས་སྐྱོང་རིག་གནས་ལ་ཐོན་པའི་འདེགས་སྐྱོར་ནུས་པ་ཆེ་རུ་བསྐྱེད་དེ། དེ་གཉིས་ཕན་ཚུན་བར་གཅིག་ལ་གཅིག་རྟེན་གྱི་ཟམ་པ་བཟོས་ཡོད།

  དེང་ཆར། སྤྱི་ཚོགས་ཡོངས་སུ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་འཛུགས་སྤེལ་བྱེད་དགོས་ན། ངེས་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་དང་ལག་ལེན་མཐིལ་ཕྱིན་བསྟར་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཤུགས་ཆེན་སྤེལ་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་སྐོར་གྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་བཅས་བྱེད་དགོས། མི་དམངས་ཡོངས་ལ་ཁྲིམས་སྤེལ་དྲིལ་སྒྲོག་སློབ་གསོ་སྤེལ་ཤུགས་ཆེར་སྐྱེད་དང་། བཅའ་ཁྲིམས་ཤེས་བྱ་རྒྱ་ཁྱབ་ཏུ་སྒྲོག་སྤེལ་དང་། ལྷག་པར་དུ་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དང་དམ་པོར་འབྲེལ་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་སྒྲོག་བྱེད་ཤུགས་ཆེར་སྐྱེད། དམངས་ཡོངས་ཀྱི་བཅའ་ཁྲིམས་འདུ་ཤེས་དང་བཅའ་ཁྲིམས་བྱང་ཚད་ཇེ་མཐོར་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་ཉིད་སྡེ་ཁུལ་དང་། གྲོང་གསེབ། ལས་ཁུངས། ཁེ་ལས། སློབ་གྲྭ་བཅས་སུ་དངོས་གནས་སྤེལ་ཐུབ་པ་བྱེད་དགོས། ཁྲིམས་སྐྱོང་སྒྲོག་སྤེལ་བྱེད་སྟངས་གསར་གཏོད་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་ཇེ་མཐོར་བཏང་སྟེ། མི་དམངས་མང་ཚོགས་ཀྱིས་བཅའ་ཁྲིམས་བརྩི་སྦྱོང་སྲུང་སྤྱོད་བྱེད་པའི་ཁྲོད་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་ལ་ཤེས་རྟོགས་དང་ཡིད་ཆེས་ཟབ་མོ་རྙེད་ཐུབ་པ་བྱེད་དགོས། སྤྱི་ཚོགས་ཡོངས་སུ་བཅའ་ཁྲིམས་ཀྱི་དབང་གྲགས་ཆགས་སུ་བཅུག་སྟེ། མི་དམངས་མང་ཚོགས་ཀྱིས་བཅའ་ཁྲིམས་ནི་རང་ངོས་ཁེ་དབང་འགན་སྲུང་བྱེད་པའི་ལག་ཆ་གོ་ཆོད་ཞིག་ཡིན་ལ་ངེས་པར་བརྩི་སྲུང་བྱེད་དགོས་པའི་བྱ་སྤྱོད་ཀྱི་ཚད་གཞི་ཞིག་ཀྱང་ཡིན་པ་རྟོགས་སུ་འཇུག་པ་དང་། མི་རྣམས་ཀྱིས་ཁྲིམས་ལྟར་བྱ་བ་སྒྲུབ་པ། དོན་དག་བྱུང་ཚེ་ཁྲིམས་ལ་བརྟེན་པ། ཁྲིམས་ལ་བརྟེན་ནས་གནད་དོན་ཐག་གཅོད་པའི་ཁོར་ཡུག་ལེགས་པོ་ཞིག་གསོ་སྐྱོང་དང་། ཁྲིམས་མཐུན་གཟི་བརྗིད་དང་ཁྲིམས་འགལ་ངོ་ཚ་ཡིན་པའི་སྤྱི་ཚོགས་ཁོར་ཡུག་ཆགས་པ་དང་། རང་རྟོགས་ཀྱིས་ཁྲིམས་འགལ་བྱ་སྤྱོད་བཀག་འགོག་དང་ཁྲིམས་སྐྱོང་དབང་གྲགས་སྲུང་སྐྱོང་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་དང་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་འགོ་ཁྲིད་ལས་བྱེད་ཅེས་པའི་“རྩ་གནད་གྲངས་ཉུང་”འདི་ངེས་པར་དམ་འཛིན་བྱེད་དགོས། འགོ་ཁྲིད་ལས་བྱེད་ཀྱིས་སྣེ་འཁྲིད་པ་ནི་སྒྲ་མེད་བཀའ་རྒྱ་ཞིག་ཡིན་ལ་གསོན་ཉམས་ལྡན་པའི་དཔེ་བཟང་ཞིག་ཀྱང་ཡིན། འགོ་ཁྲིད་ལས་བྱེད་ཀྱིས་རང་རྟོགས་ཀྱིས་ཁྲིམས་སྐྱོང་དད་མོས་དང་། ཁྲིམས་སྐྱོང་འདུ་ཤེས། ཁྲིམས་སྐྱོང་བསམ་གཞིག་བཅས་འཛུགས་པ་དང་ཁྲིམས་སྐྱོང་ལ་བརྩི་འཇོག་དང་བཅའ་ཁྲིམས་ལ་བཀུར་ཞིང་སྐྲག་པ། སྣེ་འཁྲིད་དེ་བཅའ་ཁྲིམས་རྒྱུས་ལོན་དང་ཁོང་དུ་ཆུད་པར་བྱེད་པ་དང་། ཁྲིམས་སྲུང་སྒྲིག་བརྩི་དང་ཁྲིམས་སྐྱོང་སྲུང་སྐྱོབ། ཁྲིམས་སྐྱོང་ནན་བསྟར་དང་ཁྲིམས་ལྟར་ལས་ཀ་སྒྲུབ་པ་བཅས་བྱེད་པ་དང་། ཁྲིམས་སྐྱོང་བསམ་གཞིག་དང་བྱེད་ཐབས་སྤྱད་དེ་བསྒྱུར་བཅོས་ཟབ་སྤེལ་དང་། གོང་འཕེལ་ཡོང་བར་སྐུལ་འདེད། འགལ་བ་སེལ་བ། གཏན་འཇགས་སྲུང་སྐྱོང་བཅས་བྱེད་པའི་ནུས་པ་མུ་མཐུད་ཇེ་མཐོར་གཏོང་དགོས། བཅའ་ཁྲིམས་བརྩི་སྦྱོང་སྲུང་སྤྱོད་བྱེད་མཁན་དཔེ་བཟང་དུ་ལེགས་པར་བྱེད་པ་དང་། ཏང་ཡོངས་དང་རྒྱལ་ཁབ་ཡོངས་ཀྱིས་ཐུན་མོང་དུ་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེདགཏོང་རྒྱུར་སྔར་བས་ལྷག་པའི་སྒོ་ནས་སྐུལ་ཁྲིད་བྱས་ཏེ། ཁྲིམས་སྐྱོང་སྙིང་སྟོབས་དེ་བསྒྱུར་བཅོས་ཟབ་སྤེལ་དང་གོང་འཕེལ་ལ་སྐུལ་འདེད་གཏོང་བ། གཏན་འཇགས་སྲུང་སྐྱོང་བྱེད་པ་བཅས་ཀྱི་ལག་ལེན་ཁྲོད་དོན་འཁྱོལ་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་འགྲུབ་ཡོང་བ་དང་བསྒྱུར་བཅོས་སྒོ་འབྱེད་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པར་འགན་སྲུང་ནུས་ལྡན་མཁོ་འདོན་བྱེད་དགོས།

  བསོད་ནམས་དབང་རྒྱལ་གྱིས་བསྒྱུར།