ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་སྟེང་བློ་བརྟན་འགྱུར་མེད་ངང་བསྐྱོད་དགོས།

 ཀྲུའུ་ཆའང་།

  2015ལོའི་ཟླ་1པོའི་ཚེས་16ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ལས་ཀའི་སྙན་ཞུ་ལ་ཉན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད་དེ། མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་འཛུགས་སྐྲུན་ལ་ཤུགས་སྣོན་དང་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་བླང་བྱ་གསལ་པོ་བཏོན་ནས། མི་དམངས་ཁྲིམས་ཁང་གི་ལས་ཀ་ལ་ཁ་ཕྱོགས་གསལ་པོ་བསྟན། འདི་ནི་ཏང་གིས་མི་དམངས་ཁྲིམས་ཁང་གི་ལས་ཀའི་འགོ་ཁྲིད་ལ་མུ་མཐུད་དུ་ཤུགས་སྣོན་དང་མི་དམངས་ཁྲིམས་ཁང་གིས་ཁྲིམས་མཐུན་དང་སྒེར་ཚུགས། དྲང་གཞག་བཅས་ཀྱི་སྒོ་ནས་འདྲི་གཅོད་དབང་ཆ་བཀོལ་བར་འགན་ལེན་དང་རྒྱབ་སྐྱོར་བྱེད་པ་བཅས་ལ་མཛུབ་སྟོན་བྱེད་པའི་དོན་སྙིང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་སྤེལ་བར་གཤམ་གསལ་གྱི་ཕྱོགས་འགའ་ནས་ངོས་འཛིན་བྱས་ན་འགྲིག

  དང་པོ། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས། མི་དམངས་ཁྲིམས་ཁང་གི་ལས་ཀའི་ཁ་ཕྱོགས་ཡང་དག་འགན་ལེན་བྱེད་དགོས།

  ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ཡིན། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས་ན་ཐོག་མར་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས། འདི་ནི་རྩ་བའི་ཆབ་སྲིད་ལུགས་སྲོལ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་སྲིད་ཁྲིམས་ལས་ཀའི་འགོ་ཁྲིད་ནི་ཁ་ཕྱོགས་ལ་དོ་དམ་དང་། སྲིད་ཇུས་ལ་དོ་དམ། རྩ་དོན་ལ་དོ་དམ། ལས་བྱེད་པར་དོ་དམ་བྱེད་རྒྱུ་བཅས་ཡིན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བསྟན་དོན། ཏང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བར་ཏང་གི་འགོ་ཁྲིད་ནས་ཁྲིམས་འཛུགས་པ་དང་། ཁྲིམས་བསྟར་འགན་ལེན་བྱེད་པ། ཁྲིམས་འཛིན་ལ་རྒྱབ་སྐྱོར་བྱེད་པ། སྣེ་འཁྲིད་ནས་ཁྲིམས་སྲུང་བ་བཅས་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་བྱེད་ཕྱོགས་དང་ཁྲིམས་ལྟར་སྲིད་འཛིན་པའི་གཞི་རྩའི་བྱེད་ཕྱོགས་གཉིས་གཅིག་གྱུར་བྱེད་དགོས། ཏང་གིས་སྤྱི་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་སོ་སོར་གཞོགས་འདེགས་བྱེད་རྒྱུ་དེ། མི་དམངས་འཐུས་ཚོགས་དང་སྲིད་གྲོས། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་བཅས་ཀྱིས་ཁྲིམས་དང་སྒྲིག་ཡིག་ལ་བརྟེན་ནས་འགན་ནུས་ལག་བསྟར་དང་ལས་ཀ་སྒྲུབ་རྒྱུ་བཅས་དང་གཅིག་གྱུར་བྱེད་དགོས། ཏང་གིས་མི་དམངས་ལ་འགོ་ཁྲིད་ནས་རྩ་ཁྲིམས་དང་བཅའ་ཁྲིམས་གཏན་འཁེལ་དང་ལག་བསྟར་བྱ་རྒྱུ་དེ་དང་ཏང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ནང་ནས་འགུལ་བསྐྱོད་བྱེད་པ་དང་གཅིག་གྱུར་བྱེད་དགོས། འདི་ལས་ར་འཕྲོད་བྱུང་བ་ནི་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གཉིས་གཅིག་གྱུར་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གིས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཏང་གི་འགོ་ཁྲིད་ཀྱིས་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལ་བརྟེན་དགོས་པ་གསལ་པོར་བསྟན་ཡོད། ཏང་གི་འགོ་ཁྲིད་འོག་ཏུ་མི་དམངས་ཁྲིམས་ཁང་གི་ལས་ཀ་སོ་སོར་སྐུལ་སྤེལ་བཏང་ན། ད་གཟོད་མི་དམངས་ཁྲིམས་ཁང་གི་ལས་ཀ་ཐོག་མཐའ་བར་གསུམ་དུ་ཡང་དག་ངང་མདུན་དུ་བསྐྱོད་རྒྱུ་ཁག་ཐེག་བྱས་ཐུབ། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པར། མི་དམངས་ཁྲིམས་ཁང་གིས་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད། ལག་ལེན་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་སྤྱི་ཁྱབ་ཧྲུའུ་ཅི་བྱས་པའི་ཏང་ཀྲུང་དབྱང་དང་ཚད་མཐོ་བའི་གཅིག་གྱུར་ཡིན་པ་མཐའ་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དག་གིས་བསམ་བློར་དྲག་ཆས་སྤྲས་དགོས་པ་དང་ལས་ཀར་སྤྱི་འདོམས་བྱེད་པ། ལག་ལེན་ལ་མཛུབ་སྟོན་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་སྟེང་བློ་བརྟན་འགྱུར་མེད་ངང་བསྐྱོད་དགོས། སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཏན་ཏན་ཏིག་ཏིག་སྒོས་ཤུགས་སྣོན་རྒྱག་དགོས། སྒྲིག་ཁྲིམས་བརྩི་སྲུང་དང་ལུགས་སྲོལ་གླེང་རྒྱུར་བརྩི་མཐོང་བྱེད་དགོས་པ་དང་། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་ལུགས་སྲོལ་བརྩི་སྲུང་ནན་ཏན་བྱེད་དགོས། ཏང་ཀྲུང་དབྱང་གི་དབང་གྲགས་ལ་བློ་བརྟན་པོས་སྲུང་སྐྱོབ་དང་། ཏང་གི་མཐུན་སྒྲིལ་ལ་སྲུང་སྐྱོབ། རྩ་འཛུགས་ཀྱི་གོ་རིམ་ལ་བརྩི་སྲུང་། རྩ་འཛུགས་ཀྱི་ཐག་གཅོད་ལ་བརྩི་བཀུར་བཅས་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གཞུང་ལུགས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པར་ཤུགས་སྣོན་རྒྱག་དགོས། ཀྲུང་ཧྭའི་ཕུལ་བྱུང་བཅའ་ཁྲིམས་ཀྱི་སྙིང་བཅུད་ལེན་པ་དང་། ཕྱི་རྒྱལ་གྱི་ཁྲིམས་སྐྱོང་ཉམས་མྱོང་ལེགས་པོ་ཚུར་ལེན་དགོས། འོན་ཀྱང་ནུབ་ཕྱོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་དཔེ་དབྱིབས་འདྲ་བཤུས་བྱས་མི་རུང་བ་དང་ཡིན་མིན་བདེན་རྫུན་གྱི་མདུན་དུ་རིག་པ་གསལ་པོ་དང་ལངས་ཕྱོགས་ཧ་ཅང་བརྟན་པོ། དར་ཆ་ཧ་ཅང་གསལ་པོ་བཅས་ཡིན་རྒྱུ་གཞིར་བཟུང་དགོས།

  གཉིས་པ། མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་འཛུགས་སྐྲུན་ལ་ཤུགས་སྣོན་དང་། འགོ་ཁྲིད་སྲོག་ཤིང་བྱས་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

  མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ནི་ཏང་ཀྲུང་དབྱང་དང་ས་གནས་རིམ་པ་སོ་སོའི་ཏང་ཨུའི་མངག་གཏོང་ལས་ཁུངས་དང་། དེ་ནི་ཏང་གིས་མི་དམངས་ཁྲིམས་ཁང་གི་ལས་ཀར་འགོ་ཁྲིད་བྱེད་པ་མངོན་དུ་འགྱུར་བའི་རྩ་འཛུགས་ཀྱི་རྣམ་པ་གལ་ཆེན་དང་ལམ་ལུགས་ཀྱི་འགན་ལེན་ཡིན། མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་སྟོབས་ལྡན་ཡིན་མིན་དེ། མི་དམངས་ཁྲིམས་ཁང་གིས་ལས་ཀའི་ཆབ་སྲིད་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱས་ཐུབ་མིན་ལ་ཐད་ཀར་འབྲེལ་ཡོད་པ་དང་། འདྲི་གཅོད་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཐུབ་མིན་ལ་ཐད་ཀར་འབྲེལ་ཡོད། མི་དམངས་ཁྲིམས་ཁང་གིས་ངེས་པར་དུ་ཏང་ཙུའུ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། འབྲེལ་ཡོད་ལམ་ལུགས་དང་ལམ་སྲོལ་འཐུས་འཚང་གཏོང་བ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་མོ་བྱེད་པ། ཏང་སྲོལ་སྲིད་དོན་གཙང་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། “འགན་འཁྲི་གཉིས་” ལག་ལེན་བསྟར་བ། ལས་ཀ་སྒྲུབ་པ་དང་དཔུང་ཁག་སྐྱོང་བའི་འགན་འཁྲི་ཏན་ཏིག་སྒོས་ཕྲག་ཏུ་ལེན་པ་བཅས་བྱེད་དགོས། “འགག་རྩ་གྲངས་ཉུང་”གི་འགོ་ཁྲིད་ལས་བྱེད་པ་འདི་དམ་པོར་འཛིན་དགོས། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་ལམ་སྲོལ་ལ་བརྩི་སྲུང་དང་། སྣེ་ཁྲིད་ནས་བཅའ་ཁྲིམས་ལ་བརྩི་བཀུར་དང་བཅའ་ཁྲིམས་ལ་སློབ་སྦྱོང་དང་བཅའ་ཁྲིམས་ལ་བརྩི་སྲུང་དང་བཅའ་ཁྲིམས་བཀོལ་སྤྱོད་བཅས་བྱེད་དགོས། རྩ་ཁྲིམས་དང་བཅའ་ཁྲིམས་བླ་ན་མཐོ་བ་དང་། བཅའ་ཁྲིམས་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ། དབང་ཆ་ཁྲིམས་ཀྱིས་གཏན་འཁེལ་དང་། དབང་ཆ་ཁྲིམས་ལྟར་སྒྲུབ་པ་སོགས་ཀྱི་གཞི་རྩའི་ཁྲིམས་སྐྱོང་འདུ་ཤེས་བརྟན་པོར་འཛུགས་དགོས། ཁྲིམས་སྐྱོང་ལ་གནོད་སྐྱེལ་བ་དང་། ཁྲིམས་སྐྱོང་ལ་གཏོར་བརླག་གཏོང་བ། ཁྲིམས་སྐྱོང་ལ་རྡོག་རྫིས་གཏོང་བ་བཅས་ཀྱི་བྱ་སྤྱོད་ལ་གདོང་གཏུག་དང་བློ་བརྟན་པོས་འཐབ་རྩོད་བྱེད་དགོས། དམངས་གཙོ་གཅིག་སྡུད་ལམ་ལུགས་འཛུགས་སྐྲུན་ལ་ཏན་ཏིག་གིས་ཤུགས་སྣོན་རྒྱག་དགོས། ཏང་ཙུའུ་ཡིས་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པའི་ལམ་ལུགས་སོ་སོ་འཐུས་ཚང་དུ་གཏོང་དགོས་པ་དང་། རིམ་པ་སོ་སོའི་ཁྲིམས་ཁང་ཏང་ཙུའུ་དེ་རྒྱ་ཆེའི་ལས་བྱེད་ཉེན་རྟོག་པ་ཡོངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ནས་གསར་འབྱེད་མདུན་སྐྱོད་བྱེད་པའི་འགོ་ཁྲིད་ཚོགས་པ་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས། ཏང་ཙུའུ་དང་འདྲི་གཅོད་ཨུ་ཡོན་ལྷན་ཚོགས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་པ་དང་། ཏང་ཙུའུ་ཡི་ཇུས་གཅོད་ལམ་སྲོལ་གྱིས་འདྲི་གཅོད་ཨུ་ཡོན་ལྷན་ཚོགས་ཀྱི་བསྒྱུར་བཅོས་ལ་སྣེ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། འགན་ནུས་གཏན་འཁེལ་དང་། ལས་ཀའི་ལམ་སྲོལ། རྩ་འཛུགས་ཀྱི་གྲུབ་ཚུལ། ལྟ་སྐུལ་འགན་ལེན་སོགས་ཀྱི་ཕྱོགས་ནས་འདྲི་གཅོད་ཨུ་ཡོན་ལྷན་ཚོགས་ཀྱི་ལམ་ལུགས་བསྒྱུར་བཅོས་ལ་སྐུལ་སྤེལ་བཏང་སྟེ། དམངས་གཙོ་འདོན་སྤེལ་གང་ལེགས་བྱས་པའི་རྨང་གཞིའི་སྟེང་དུ་གཅིག་སྡུད་ཡང་དག་དང་། འདྲི་གཅོད་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཆོད་སྤུས་ཚད་མཐོ་རུ་གཏོང་དགོས། བསྒྱུར་བཅོས་གོང་སྤེལ་གཏན་འཇགས་བཅས་དང་དམངས་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་ཁྲིམས་འཛིན་འགྲེལ་བཤད་གལ་ཆེན་དང་། ཁྲིམས་འཛིན་སྲིད་ཇུས། གྱོད་ཆེན་པོ་བཅས་གྲོས་བསྡུར་བྱས་པ་བརྒྱུད་ནས་ཐག་གཅོད་བྱེད་དགོས། ཁྲིམས་འཛིན་དྲང་གཞག་ལ་སྲུང་སྐྱོབ་ཏན་ཏིག་དང་། བཅའ་ཁྲིམས་གཅིག་གྱུར་དང་འོས་འཚམས་ཡོང་བར་སྐུལ་སྤེལ་གཏོང་དགོས།

  གསུམ་པ། ཏང་དང་རྒྱལ་ཁབ་ཀྱི་ལས་ཀ་སྤྱི་ཡོངས་ལ་གཞིགས་ནས་ལས་དོན་སྤེལ་བ་དང་། ཏང་ཀྲུང་དབྱང་གི་ཇུས་གཅོད་དང་སྒྲིག་བཀོད་གལ་ཆེན་མི་དམངས་ཁྲིམས་ཁང་དུ་ཆད་ལྷག་མེད་པར་ལག་བསྟར་དོན་འཁྱོལ་ཡོང་རྒྱུ་ཁག་ཐེག་བྱེད་དགོས།

  མི་དམངས་ཁྲིམས་ཁང་ནི་རྒྱལ་ཁབ་ཀྱི་འདྲི་གཅོད་ལས་ཁུངས་ཡིན། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་ལ་སྲུང་སྐྱོབ་དང་། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་གཞག་ལ་སྐུལ་འདེད། མི་དམངས་ཀྱི་བདེ་སྡོད་ལས་བརྩོན་འགན་ལེན་བྱེད་རྒྱུ་བཅས་ནི་མི་དམངས་ཁྲིམས་ཁང་གི་འགན་འཁྲི་གཙོ་བོ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཡོངས་ཀྱི་བཀོད་པ་མཐའ་འཁྱོངས་དང་གོང་སྤེལ་གཏོང་རྒྱུ་ནས་འགོ་བརྩམས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་འགྲུབ་དང་། བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་སྤེལ་བ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཁྱོན་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པ་བཅས་ཏང་གི་འཐབ་ཇུས་བཀོད་སྒྲིག་བཏོན་ནས་གྲུབ་པ་རེད། མི་དམངས་ཁྲིམས་ཁང་གིས་ངེས་པར་དུ་“ཁྱོན་ཡོངས་བཞི་”ཡིས་འདྲི་གཅོད་ལས་ཀར་བཏོན་པའི་བླང་བྱ་གསར་པར་གོ་བ་ཟབ་མོ་དང་ངོས་འཛིན་ཡང་དག་བྱེད་དགོས། འཕེལ་ཕྱོགས་ཆེན་པོར་ལྟ་བ་དང་། ཁྱོན་ཡོངས་ལ་ངོས་འཛིན། ལས་ཀ་ཆེན་པོ་གྲོས་བསྡུར། ལས་ཀ་ཆེན་པོ་བཟུང་བ་བཅས་སྒྲུབ་ཐུབ་དགོས། རང་འགུལ་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་ལུགས་གསར་པར་བསྟུན་པ་དང་། གཞུང་ལུགས་ཆུ་ཚད་དང་ཇུས་གཅོད་ཆུ་ཚད། འདྲི་གཅོད་ཆུ་ཚད། མཛུབ་སྟོན་ཆུ་ཚད་བཅས་མུ་མཐུད་དུ་ཇེ་མཐོར་བཏང་ནས། ཐོག་མཐའ་བར་གསུམ་དུ་ལྟེ་བར་དམིགས་ནས་ཁྱོན་ཡོངས་ལ་ཞབས་ཞུ་སྒྲུབ་དགོས། མི་དམངས་ཁྲིམས་ཁང་གི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས། ཏང་ཀྲུང་དབྱང་གི་ཇུས་གཅོད་དང་སྒྲིག་བཀོད་གལ་ཆེན་མི་དམངས་ཁྲིམས་ཁང་དུ་ཆད་ལྷག་གང་ཡང་མེད་པར་ལག་བསྟར་དོན་འཁྱོལ་བྱེད་དགོས། བདེ་འཇགས་ཀྲུང་གོའི་འཛུགས་སྐྲུན་ལ་སྐུལ་སྤེལ་གཏིང་ཟབ་གཏོང་བ་དང་། གཏུམ་སྤྱོད་འཇིགས་སྐུལ་ནག་ཉེས་དང་ནག་པོའི་སྤྱི་ཚོགས་རྩ་འཛུགས་ཀྱི་ནག་ཉེས་སོགས་ཉེས་དོན་ཚབས་ཆེན་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ནས། སྤྱི་ཚོགས་ཀྱི་གཏན་འཇགས་སྲུང་སྐྱོབ་བྱེད་དགོས། རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་གཞུང་རྒྱུ་ཧམ་ཟ་དང་། འགན་དབང་གང་བྱུང་དུ་སྤྱོད་པ། འགན་ཤོར་འགན་འཛོལ་བཅས་ཀྱི་ནག་ཉེས་ལ་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱེད་དགོས་པ་དང་། ལྐོག་ངན་སྤྲོད་པའི་ནག་ཉེས་ལ་ཆད་པ་གཅོད་ཤུགས་ཆེ་རུ་བཏང་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་རྒྱུན་མཐུད་ངང་གཏིང་ཟབ་ཏུ་འགྲོ་བར་སྐུལ་འདེད་བྱེད་དགོས། ཀྲུང་དབྱང་དཔལ་འབྱོར་ལས་ཀའི་གྲོས་མོལ་ཐོག་གཏན་འཁེལ་བྱས་པའི་དཔལ་འབྱོར་ལས་ཀའི་འགན་འཁུར་གཙོ་བོར་དམིགས་ནས། “རྒྱུད་གཅིག་ལམ་གཅིག་”གི་འཐབ་ཇུས་དང་རང་དབང་ཉོ་ཚོང་ས་ཁུལ་གྱི་འཐབ་ཇུས་ལག་བསྟར་དང་། དཔལ་འབྱོར་འཕེལ་ཕྱོགས་བསྒྱུར་བཅོས་བྱེད་པ། དམངས་འཚོར་འགན་ལེན་དང་ལེགས་བཅོས་བྱེད་པའི་གོ་རིམ་ཁྲོད་དུ་བྱུང་བའི་གྱོད་དོན་མང་པོ་ཞིབ་གཅོད་འོས་འཚམས་བྱས་ནས། དོ་བདག་སོ་སོའི་ཁྲིམས་མཐུན་དབང་ཆར་སྲུང་སྐྱོབ་འདྲ་མཉམ་དང་། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་བྱེད་དགོས། ཁྲིམས་འཛིན་གྱིས་ཤེས་ཡོན་ཐོན་དབང་སྲུང་སྐྱོབ་བྱེད་པའི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། གསར་སྐྲུན་སྒུལ་ཤུགས་སྐུལ་སློང་བྱེད་དགོས། ཁོར་ཡུག་ཐོན་ཁུངས་ཀྱི་འདྲི་གཅོད་ལས་ཀར་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་ཀྱི་རང་བྱུང་ཐོན་ཁུངས་དང་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་ལག་བསྟར་ལ་འགན་ལེན་ཏན་ཏིག་བྱེད་དགོས། སློབ་གསོ་དང་ལས་ཞུགས། བགོ་བཤའ། སྨན་བཅོས། སྤྱི་ཚོགས་འགན་ལེན་བཅས་ཁྱབ་ཁོངས་ཀྱི་དམངས་འཚོའི་གཏུག་བཤེར་ལ་ཐུགས་ཁུར་ཆེན་པོ་བྱེད་དགོས་པ་དང་། དེ་དང་འབྲེལ་བའི་འགལ་ཟླ་ཐག་གཅོད་འོས་འཚམ་བྱས་ནས། སྤྱི་ཚོགས་འགན་ལེན་མ་ལག་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་དགོས། ནུས་ཤུགས་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟེ་བའི་མ་ལག་དར་སྤེལ་ཆེན་པོ་གཏོང་བ་དང་། ནག་ཉེས་ལ་རྡུང་རྡེག་བྱེད་པ། འགལ་ཟླ་ཐག་གཅོད། ཡིན་མིན་གསལ་འབྱེད། ངན་སེལ་བཟང་བསྟོད། དགེ་བ་སྒྲུབ་མཁན་ལ་གཟེངས་བསྟོད། བྱ་ངན་སྤྱོད་ངན་བཀག་འགོག་བཅས་བྱས་པ་བརྒྱུད་ནས། རིན་ཐང་ལྟེ་བའི་མ་ལག་དང་མཐུན་པའི་བྱ་སྤྱོད་ལ་གཟེངས་བསྟོད་དང་། རིན་ཐང་ལྟེ་བའི་མ་ལག་དང་འགལ་བའི་སྤྱོད་པ་བཀག་སྡོམ་བྱེད་དགོས།

  བཞི་པ། ཏང་གི་འགོ་ཁྲིད་འོག་ཏུ་ཁྲིམས་ལྟར་སྒེར་ཚུགས་དང་དྲང་གཞག་སྒོས་འདྲི་གཅོད་དབང་ཆ་སྤྱད་ནས། འདྲི་གཅོད་མ་ལག་དང་འདྲི་གཅོད་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུ་མངོན་འགྱུར་བྱེད་དགོས།

  ཏང་གི་འགོ་ཁྲིད་ནི་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་སྒེར་ཚུགས་དང་དྲང་གཞག་སྒོས་འདྲི་གཅོད་དབང་ཆ་བེད་སྤྱོད་བྱེད་པའི་འགན་ལེན་ཆེན་པོ་ཡིན། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ན། མི་དམངས་ཁྲིམས་ཁང་གིས་ད་གཟོད་ཁྲིམས་འགལ་འགལ་རྐྱེན་སེལ་ནས། མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་སྒེར་ཚུགས་དང་དྲང་གཞག་སྒོས་འདྲི་གཅོད་དབང་ཆ་བེད་སྤྱོད་པར་ཕན་པའི་ཁྲིམས་འཛིན་ཁོར་ཡུག་བསྐྲུན་ཐུབ། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ན། མི་དམངས་ཁྲིམས་ཁང་གིས་ད་གཟོད་མི་དམངས་ཁྲིམས་འཛིན་བྱ་གཞག་གོང་སྤེལ་ལ་ཚོད་འཛིན་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་གྱི་འགལ་རྐྱེན་རྦད་དེ་ཐག་གཅོད་བྱས་ནས། མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་སྒེར་ཚུགས་དང་དྲང་གཞག་སྒོས་འདྲི་གཅོད་དབང་ཆ་སྤྱོད་པར་འགན་ལེན་ཆེན་པོ་འདོན་སྤྲོད་བྱས་ཐུབ། དེ་དང་འདྲ་བར། མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་སྒེར་ཚུགས་དང་དྲང་གཞག་སྒོས་འདྲི་གཅོད་དབང་ཆ་བེད་སྤྱོད་བྱས་ན། ད་གཟོད་ཁྲིམས་འཛིན་ལས་ཀའི་ཁྲོད་དུ་ཏང་གི་འདོད་བློ་མཚོན་ཐུབ་པ་དང་། ཏང་གི་སྲིད་འཛིན་རྨང་གཞི་སྲ་བརྟན་དུ་གཏོང་ཐུབ་པ། ཏང་གི་སྲིད་འཛིན་དབང་གྲགས་སྲུང་སྐྱོབ་བཅས་བྱས་ཐུབ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། ཏང་ཀྲུང་དབྱང་གིས་ཁྲིམས་སྐྱོང་ནི་རྒྱལ་སྐྱོང་སྲིད་གཉེར་གྱི་གཞི་རྩའི་བྱེད་ཕྱོགས་ཡིན་པ་གསལ་པོར་བཏོན། ཏང་སྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པ་སུ་ཡིན་ཡང་ཁྲིམས་འཛིན་ལས་ཁུངས་ལ་ཁྲིམས་བཀོད་འགན་འཁྲི་དང་འགལ་བ་དང་། ཁྲིམས་འཛིན་དྲང་གཞག་ལ་གནོད་པའི་ལས་ཀ་སྒྲུབ་མི་ཆོག་རྒྱུ་ནན་བཤད་བྱས། དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་མཐོ་རུ་གཏོང་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དགོངས་དོན་དར་སྤེལ་སོགས་ཀྱི་བླང་བྱ་བཏོན། འདིས་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་སྒེར་ཚུགས་དང་དྲང་གཞག་སྒོས་འདྲི་གཅོད་དབང་ཆ་སྤྱོད་པར་འགན་ལེན་ཆེན་པོ་འདོན་སྤྲོད་བྱས་པ་རེད། མི་དམངས་ཁྲིམས་ཁང་གིས་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་དྲང་གཞག་གི་ཁྲིམས་འཛིན་རྒྱུན་འཁྱོངས་བྱེད་དགོས། མི་དམངས་མང་ཚོགས་ཀྱིས་རེ་ཞུ་ནན་པོ་ཡིན་པ་དང་། ཁྲིམས་འཛིན་དྲང་གཞག་ལ་གནོད་སྐྱེལ་བའི་གནད་དོན་འབུར་ཐོན་ལ་དམིགས་ནས། འདྲི་གཅོད་དབང་ཆ་དང་ལག་བསྟར་དབང་ཆ་འཁོར་རྒྱུག་བྱེད་པའི་གོ་རིམ་གནད་འགག་དང་ལྷུ་ཚིགས་གནད་འགག་ནས་འགོ་བརྩམས་ཏེ། ཁྲིམས་འཛིན་དྲང་གཞག་ལ་གནོད་སྐྱེལ་བ་དང་། ཁྲིམས་འཛིན་ཡིད་རྟོན་བྱེད་ཤུགས་ལ་གནོད་པའི་སྒྲིག་སྲོལ་ལམ་སྲོལ་གྱི་འགལ་རྐྱེན་དག་འབད་པས་སེལ་ཏེ། མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་དོན་གྱི་གོ་རིམ་རེ་རེའི་ཁྲོད་དུ་འདྲ་མཉམ་དྲང་གཞག་ཡིན་པ་ཚོར་དུ་འཇུག་དགོས། ཐོག་མཐའ་བར་གསུམ་དུ་ཁྲིམས་འཛིན་ནན་མོ་རྒྱུན་འཁྱོངས་དང་། ཉེས་ཆད་ཁྲིམས་བཀོད་དང་དོགས་ཡོད་ཉེས་མེད། བདེན་དཔང་ཁྲུན་གཅོད། ཁྲིམས་འགལ་བདེན་དཔང་དོར་བ་སོགས་ཀྱི་བཅའ་ཁྲིམས་རྩ་དོན་དང་ལམ་ལུགས་ལག་བསྟར་བྱེད་དགོས། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་འཛིན་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས། ཁྲིམས་རོགས་པའི་དག་འབུད་དང་ལས་ཚབ་ཀྱི་བསམ་འཆར་ལ་ནན་ཏན་ཉན་པ་དང་། ནག་མེད་ཉེས་འགལ་གྱི་གྱོད་དོན་སྔོན་འགོག་ནུས་ལྡན་དང་། ཁྲིམས་ལྟར་བསྐྱར་ཞིབ། དུས་ཐོག་ཏུ་ནོར་བཅོས་བྱེད་པ་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། གྱོད་དོན་ཐག་གཅོད་ཀྱིས་བཅའ་ཁྲིམས་དང་ལོ་རྒྱུས་ཀྱི་ཞིབ་དཔྱད་ཐེག་ཐུབ་པར་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ཀུན་གསལ་ཁྲིམས་འཛིན་མཐའ་འཁྱོངས་བྱེད་དགོས་པ་དང་། འདྲི་གཅོད་གོ་རིམ་ཡོངས་བསྒྲགས་བྱེད་པ། ཁྲུན་གཅོད་ཡིག་རིགས་ཡོངས་བསྒྲགས་བྱེད་པ། ལག་བསྟར་ཆ་འཕྲིན་ཡོངས་བསྒྲགས་བྱེད་པ་བཅས་ལས་སྟེགས་གསུམ་གྱི་འཛུགས་སྐྲུན་མུ་མཐུད་དུ་སྐུལ་སྤེལ་གཏོང་དགོས། ཆ་འཕྲིན་ཅན་གྱི་བཀོལ་སྤྱོད་བྱེད་ཚད་ཇེ་མང་དུ་གཏོང་དགོས་པ་དང་། འདྲི་གཅོད་དོ་དམ་གྱི་ལམ་སྲོལ་ལེགས་བཅོས་གཏོང་དགོས། ཁྲིམས་འཛིན་འདྲི་གཅོད་ཀྱི་གཞི་གྲངས་ཆེན་པོ་འདོན་སྤེལ་གང་ལེགས་བྱས་ནས་ཚན་རིག་གི་ཇུས་གཅོད་ལ་སྐུལ་འདེད་བྱས་ཏེ། འདྲི་གཅོད་མ་ལག་དང་འདྲི་གཅོད་ནུས་པ་དེང་རབས་ཅན་དུ་བསྒྱུར་དགོས། དུས་མཉམ་དུ། ཏང་གི་འགོ་ཁྲིད་ལ་རྩེ་གཅིག་ཏུ་བརྟེན་ནས། ཁྲིམས་ལྟར་སྒེར་ཚུགས་དང་དྲང་གཞག་སྒོས་འདྲི་གཅོད་དབང་ཆ་སྤྱོད་པའི་ལམ་ལུགས་འཐུས་ཚང་དང་འགན་ལེན་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་ཁྲིམས་འགལ་འགལ་རྐྱེན་སྣ་མང་ཁྱད་བསད་དང་། འགོ་ཁྲིད་ལས་བྱེད་པས་ཁྲིམས་འཛིན་ལས་འགུལ་ལ་ཐེ་གཏོགས་དང་། གྱོད་དོན་བྱེ་བྲག་ལ་ཐེ་ཇུས་བྱས་ནས་ཐག་བཅད་པའི་ཟིན་ཐོ་དང་། བརྡ་ཡིག འགན་འཁྲི་བདའ་འདེད་བྱེད་པའི་ལམ་ལུགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཁྲུན་གཅོད་ནུས་ཐོན་ལག་ལེན་མི་བསྟར་བ་སོགས་ཀྱི་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་ལ་ཁྲིམས་ལྟར་ཆད་པ་གཅོད་དགོས་པ་དང་། བཅའ་ཁྲིམས་ཀྱི་གཟི་བརྗིད་དང་ཁྲིམས་འཛིན་གྱི་དབང་གྲགས་ལ་སྲུང་སྐྱོབ་བྱེད་དགོས།

  ལྔ་པ། ཏང་ཀྲུང་དབྱང་གི་གཅིག་གྱུར་སྒྲིག་བཀོད་ལ་གཞིགས་ནས་ཁྲིམས་འཛིན་སྒྲིག་སྲོལ་བསྒྱུར་བཅོས་ལ་སྐུལ་སྤེལ་གཏིང་ཟབ་གཏོང་དགོས།

  ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ཐེངས་བཞི་པས་ཁྲིམས་འཛིན་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་གཏོང་བར་སྒྲིག་བཀོད་གལ་ཆེན་གནང་། ཁྲིམས་འཛིན་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་སྒོས་སྐུལ་སྤེལ་བཏང་ནས། དྲང་གཞག་དང་ནུས་ལྡན། དབང་གྲགས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་འཛུགས་པ་ནི་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་གཏོང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་དགོས་ངེས་ཀྱི་བླང་བྱ་ཞིག་ཀྱང་ཡིན། དེང་སྐབས། བསྒྱུར་བཅོས་གཏིང་ཟབ་སྒོས་སྐུལ་སྤེལ་དང་ཚོད་ལྟ་བྱེད་ཁུལ་གྱི་ལས་ཀ་ཁྱོན་ཡོངས་ནས་བསྒྲུབ་པ་དང་བསྟུན་ནས། ཁྲིམས་འཛིན་དྲང་གཞག་ལ་གནོད་སྐྱེལ་བ་དང་། ཁྲིམས་འཛིན་ནུས་པར་ཚོད་འཛིན་བྱེད་པའི་གཏིང་རིམ་གྱི་གནད་དོན་མང་པོ་མངོན་ཡོང་བ་རེད། བསྒྱུར་བཅོས་ལ་བརྟེན་ནས། གནད་དོན་འདི་དག་ཐག་གཅོད་བཟང་པོ་བྱས་ན། མི་དམངས་ཁྲིམས་ཁང་གི་ལས་ཀས་འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཐུབ་པ་དང་། འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བསུ་ཐུབ། རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག་ཏུ། རང་ཉིད་གསར་བཅོས་ཀྱི་བློ་ཁོག་ལ་བརྟེན་ནས་གོ་སྐབས་དམ་འཛིན་དང་འགྲན་སློང་མདུན་བསུ། འགན་འཁུར་ཕོད་པ་དང་ཡར་རྒྱས་བརྩོན་ལེན་ཕོད་པ་བཅས་བྱས་ནས། བསྒྱུར་བཅོས་ཀྱི་འགན་འཁྲི་སོ་སོ་ཏན་ཏན་ཏིག་ཏིག་གིས་ལག་བསྟར་དོན་འཁྱོལ་བྱེད་དགོས། 《ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་མི་དམངས་ཁྲིམས་ཁང་གི་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་གཏོང་བའི་བསམ་འཆར་》ལག་བསྟར་ནན་མོ་བྱེད་དགོས། འདྲི་གཅོད་དབང་ཆའི་འཁོར་རྒྱུག་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ་དང་། འདྲི་གཅོད་ལྟེ་བར་བྱས་པའི་གཏུག་བཤེར་ལམ་ལུགས་སོགས་བསྒྱུར་བཅོས་ལ་སྐུལ་སྤེལ་ཧུར་ཐག་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདྲི་གཅོད་དབང་ཆའི་འཁོར་རྒྱུག་མ་ལག་མུ་མཐུད་དུ་འཛུགས་སྐྲུན་བྱེད་དགོས། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་བྱས་ནས་མི་དང་རྒྱུ་དང་དངོས་པོ་བཅས་ཞིང་ཆེན་རིམ་པའི་གཅིག་གྱུར་དོ་དམ་སོགས་ཀྱི་བསྒྱུར་བཅོས་ཚོད་ལྟ་བྱེད་ཁུལ་དུ་མི་མཐུད་ནས་སྐུལ་སྤེལ་གཏོང་བ་དང་། ཤེས་ཡོན་ཐོན་དབང་གི་ཁྲིམས་ཁང་ལས་ཀ་དང་། སྲིད་འཛིན་ཁུལ་དབྱེ་ལས་བརྒལ་བའི་ཁྲིམས་ཁང་བསྒྱུར་བཅོས་ལས་ཀ་དང་ཧྲེན་ཀྲེན་ཆན་ཧའེ་མཉམ་འབྲེལ་ཁུལ། ཀྲུའུ་ཧའེ་ཧེང་ཆིན་ས་ཁུལ་གསར་པའི་མི་དམངས་ཁྲིམས་ཁང་གི་ལས་ཀ་བཅས་ཀྱི་མཛུབ་སྟོན་ལ་ཤུགས་སྣོན་རྒྱག་དགོས། འདྲ་བཟོ་བྱས་ཆོག་པ་དང་ཁྱབ་སྤེལ་བྱས་ཆོག་པའི་བླང་བྱར་གཞིགས་ནས། ལམ་ལུགས་གསར་སྐྲུན་ལ་སྐུལ་འདེད་ཆེན་པོ་བྱེད་དགོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་སྐོར་སྐྱོད་ཁྲིམས་ར་འཛུགས་སྐྲུན་འཐུས་ཚང་དུ་གཏོང་དགོས། སྐོར་སྐྱོད་ཁྲིམས་རར་འདྲི་གཅོད་དབང་ཆའི་འཁོར་རྒྱུག་ལམ་སྲོལ་གསར་པ་བཙུགས་ནས། ཞིབ་གཅོད་པར་ཁྲུན་གཅོད་བྱེད་དུ་འཇུག་པ་དང་ཁྲུན་གཅོད་པས་འགན་འཁུར་ནས། སྐོར་སྐྱོད་ཁྲིམས་ར་དེ་ཁྲིམས་འཛིན་བསྒྱུར་བཅོས་ཀྱི་“ཚོད་ལྟའི་ཞིང་ས་”དང་“གྲལ་མགོའི་དམག་མི་”རུ་བསྒྱུར་དགོས། གྱོད་དོན་ཐོ་འགོད་ལམ་ལུགས་ཀྱི་བསྒྱུར་བཅོས་ལ་སྐུལ་སྤེལ་བཏང་ནས། དོ་བདག་གི་གཏུག་བཤེར་དབང་ཆ་འགན་ལེན་གང་ལེགས་བྱེད་དགོས། གཏུག་བཤེར་དང་འབྲེལ་བའི་ཡིག་བསྐུར་ངོ་བཅར་གྱི་བསྒྱུར་བཅོས་གཏིང་ཟབ་སྤེལ་ནས། གཏུག་བཤེར་དང་འབྲེལ་བའི་ཡིག་བསྐུར་ངོ་བཅར་ཁྲིམས་སྐྱོང་ཅན་དང་ཆ་འཕྲིན་ཅན་དུ་སྐུལ་སྤེལ་གཏོང་དགོས། གྱོད་དོན་རྙོག་འཛིང་དང་སྟབས་བདེ་སོ་སོ་ཕྱེ་བ་འཐུས་ཚང་དང་། ཁྲིམས་དཔོན་ལས་གནས་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས། ཁྲིམས་དཔོན་གོ་གནས་རིམ་བསྟར་བསྒྱུར་བཅོས་ལག་ལེན་བསྟར་ནས། གྱོད་དོན་མང་ཡང་མི་ཉུང་བ། ཤེས་ལྡན་མི་སྣ་ཁ་འཐོར་འགྲོ་བའི་གནད་དོན་སོགས་ཇེ་ཉུང་དུ་གཏོང་དགོས། ཕྱོགས་སོ་སོའི་བསྒྱུར་བཅོས་ཀྱི་འགན་འཁྲི་ཏན་ཏན་ཏིག་ཏིག་གིས་སྐུལ་སྤེལ་བཏང་བ་བརྒྱུད་ནས། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ་དང་དྲང་གཞག་གིས་ཁྲིམས་འཛིན་པ། ནན་ཏན་གྱིས་ཁྲིམས་འཛིན་པའི་ལམ་ལུགས་འགན་ལེན་ཤུགས་ཆེར་གཏོང་དགོས་པ་དང་། ཁྲིམས་འཛིན་གྱི་ཡིད་རྟོན་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་དགོས།

  དྲུག་པ། ཏང་གིས་ལས་བྱེད་པ་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། མི་དམངས་ཁྲིམས་ཁང་གི་དཔུང་ཁག་གི་བྱང་ཚད་མུ་མཐུད་ནས་ཇེ་མཐོར་གཏོང་དགོས།

  དུས་སྐབས་གསར་པའི་ནང་དུ་མི་དམངས་ཁྲིམས་ཁང་གི་ལས་ཀ་ལེགས་པོ་བསྒྲུབ་པར། ཏང་ལ་བློ་དཀར་བ་དང་རྒྱལ་ཁབ་ལ་བློ་དཀར་བ། མི་དམངས་ལ་བློ་དཀར་བ། བཅའ་ཁྲིམས་ལ་བློ་དཀར་ཞིང་བྱང་ཚད་མཐོ་བའི་ཁྲིམས་ཁང་དཔུང་ཁག་འཛུགས་རྒྱུ་ནི་གནད་འགག་ཡིན། མི་དམངས་ཁྲིམས་ཁང་གིས་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ནས། ཏང་གི་བློ་བདེ་བ་དང་། མི་དམངས་ཀྱི་ཡིད་ཚིམ་པའི་ཁྲིམས་ཁང་དཔུང་ཁག་ཅིག་འབད་པས་འཛུགས་སྐྲུན་བྱེད་དགོས་པ་དང་། འདྲི་གཅོད་དབང་ཆ་ཏང་དང་མི་དམངས་ཀྱི་ལག་ཏུ་དམ་འཛིན་བྱ་རྒྱུ་འགན་ལེན་བྱེད་དགོས། རྒྱ་ཆེའི་ལས་བྱེད་ཉེན་རྟོག་རྣམས་ལ་སློབ་གསོ་དང་སྣེ་ཁྲིད་ནས་ཏང་གི་སྲོལ་རྒྱུན་དང་སྤྱོད་པ་བཟང་པོ་དར་སྤེལ་བཏང་ནས། གཞི་རིམ་དུ་བསྐྱོད་པ་དང་མང་ཚོགས་ནང་བསྐྱོད་པ། ཏན་ཏན་ཏིག་ཏིག་གིས་མི་དམངས་མང་ཚོགས་ལ་བརྩེ་བ་ཟབ་མོ་བཅངས་ནས། མི་དམངས་མང་ཚོགས་ལ་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱེད་དགོས། བློ་མཐུན་ཀྲོའུ་པི་ཧྭའི་སྔོན་ཐོན་མཛད་རྗེས་ལ་སློབ་སྦྱོང་གཏིང་ཟབ་བྱེད་དགོས། ལས་བྱེད་ཉེན་རྟོག་རྣམས་ལ་སྣེ་ཁྲིད་ནས་ཁྲིམས་སྐྱོང་དད་མོས་བརྟན་སྲུང་དང་། ཁྲིམས་འཛིན་བྱ་གཞག་ལ་དགའ་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་བྱ་སྤྱོད་ཀྱི་ཚད་གཞིར་འཛིན་ནས། དམངས་ཀྱི་ཆེད་དུ་ལས་ཀ་དྲང་གཞག་སྒྲུབ་པ་དང་འགན་འཁུར་ཕོད་པའི་ཁྲིམས་དཔོན་བཟང་པོ་དང་ལས་བྱེད་བཟང་པོ་བྱེད་དགོས། འོག་རིམ་ཁྲིམས་ཁང་གི་འགོ་ཁྲིད་ཚན་སྡེབ་ཀྱི་ལྟ་སྐུལ་ལ་ཤུསག་སྣོན་རྒྱག་པ་དང་། འགོ་ཁྲིད་ཚན་སྡེབ་བཟང་པོ་དང་སྟོབས་ཆེན་བཀོད་སྒྲིག་གནང་ནས་གོང་བུར་འགྲིལ་ཤུགས་དང་འཐབ་རྩོད་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ཁྲིམས་དཔོན་བསྡུ་ལེན་དང་གདམ་གསེས་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། “ལས་བྱེད་པ་བཟང་པོ་”ཚད་གཞིར་འཛིན་ཏེ་མི་གདམ་གསེས་དང་བཀོལ་སྤྱོད་བྱས་ནས། ཚན་སྡེབ་གྲུབ་ཚུལ་ཇེ་ལེགས་སུ་གཏོང་དགོས་པ་དང་། ཁྲིམས་དཔོན་གྱི་ལས་རིགས་བྱང་ཚད་མཐོ་རུ་གཏོང་དགོས། གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས། བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཁྲིམས་ཁང་ཚན་སྡེབ་ཆེད་ལས་ཅན་འཛུགས་སྐྲུན་ལ་རྒྱུན་མཐུད་ནས་སྐུལ་སྤེལ་གཏོང་དགོས། ལག་ལེན་གྱི་དགོས་མཁོ་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཁྲིམས་དཔོན་གྱི་ཁྲིམས་རའི་འདྲི་ཞིབ་ལ་ཁ་ལོ་བསྒྱུར་ནུས་དང་བཅའ་ཁྲིམས་བཀོལ་སྤྱོད་བྱེད་ནུས། ཁྲུན་གཅོད་ཡིག་རིགས་འབྲི་བའི་ནུས་པ་བཅས་ཇེ་མཐོར་གཏོང་དགོས། “ནན་གསུམ་དྲང་གསུམ་”གྱི་ཆེད་དོན་སློབ་གསོ་ནན་ཏན་སྤེལ་དགོས་པ་དང་། ཀྲུང་དབྱང་གི་གཏན་འབེབས་རྣམ་པ་བརྒྱད་ཀྱི་དགོངས་དོན་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས། “སྤྱོད་ཚུལ་བཞི་”ཡི་གནད་དོན་སླར་ཡང་ཕྱིར་ཡོང་བར་བཀག་འགོག་བརྟན་པོ་བྱེད་དགོས། མི་དམངས་མང་ཚོགས་ལ་བསམ་འཆར་ཆེ་བའི་“སྒོ་ནང་འཛུལ་དཀའ་བ་དང་། རྣམ་འགྱུར་མི་ལེགས་པ། དོན་སྒྲུབ་དཀའ་བ། གྱོད་ཐོ་འགོད་དཀའ་བ། གཏུག་བཤེར་བྱེད་དཀའ་བ། ལག་བསྟར་བྱེད་དཀའ་བ་”དང་“འབྲེལ་བའི་གྱོད་དོན་དང་། ངོ་སོའི་གྱོད་དོན། སྒོར་མོའི་གྱོད་དོན་”བཅས་ཀྱི་གནད་དོན་ལ་དམིགས་ནས། བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས། ཏང་སྲོལ་གཙང་སྐྱོང་འཛུགས་སྐྲུན་གྱི་བརྗོད་གཞིའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་ལག་བསྟར་ནན་མོ་དང་། བཟོད་སྒོམ་སྤུ་ཙམ་ཡང་མི་བྱེད་པའི་རྣམ་འགྱུར་གྱིས་ཁྲིམས་འཛིན་རུལ་སུངས་ལ་ཆད་པ་བཅད་ནས། བླང་བྱ་ནན་མོ་དེ་མི་དམངས་ཁྲིམས་ཁང་གི་ཚན་སྡེབ་འཛུགས་སྐྲུན་གྱི་རྒྱུན་ལུགས་གསར་པ་ཞིག་ཏུ་བསྒྱུར་ཏེ། ཁྲིམས་འཛིན་དྲང་གཞག་མཐའ་འཁྱོངས་བྱེད་རྒྱུར་རྩ་འཛུགས་ཀྱི་འགན་ལེན་ནུས་ལྡན་འདོན་སྤྲོད་བྱེད་དགོས།

  ཚེ་རིང་བྱམས་ཀྱིས་བསྒྱུར།