ཏང་དང་སྲིད་གཞུང་གི་དྲོད་ཁོལ་དེ་མི་རིགས་སོ་སོའི་མང་ཚོགས་ཀྱི་སེམས་ཁོང་ལ་བསྐྱལ་དགོས།

  —སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་འཚོ་ལ་འགན་སྲུང་དང་བཅོས་བསྒྱུར་བྱེད་པའི་སྐོར་གྱི་གསུང་བཤད་གལ་ཆེན་ལ་ནན་ཏན་སྒོས་སློབ་སྦྱོང་དང་དོན་འཁྱོལ་བྱེད་དགོས།

  ཁྲེང་ཆོན་གོཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་བྱས་པའི་ཏང་ཀྲུང་དབྱང་གིས་མི་དམངས་བརྩེ་བས་བསྐྱངས་པ་དང་། ཐོག་མཐའ་བར་གསུམ་དུ་དམངས་འཚོ་ནི་ལས་ཀ་ཡོངས་ཀྱི་འགོ་རྩོམ་ས་དང་གཞི་ཚུགས་སར་བཞག་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཕྲེང་བསྟར་མའི་ནང་དུ་བསྟན་བྱ་མང་ཆེ་བ་ནི་མི་དམངས་ཡིན་པ་དང་། དོ་ཁུར་ཆེས་ཟབ་པའང་མི་དམངས་རེད་འདུག ཡང་དང་བསྐྱར་དུ་ནན་བཤད་བྱས་དོན། ང་ཚོ་ཏང་གི་རྨང་གཞི་དང་རྩ་བ་ནི་མི་དམངས་ཁྲོད་ཡོད་པ་དང་། སྟོབས་ཤུགས་དང་རྒྱལ་ཕམ་དར་རྒུད་སོགས་ཀྱང་མི་དམངས་ཀྱི་ཁྲོད་བདོག་པ་ཡིན་ཞེས་གསུངས། ཧ་ཅང་ཁ་གསལ་བའི་སྒོ་ནས་མི་དམངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བར་བཅངས་པའི་རེ་ལྟོས་ནི་ང་ཚོས་ཧུར་བརྩོན་བྱ་ཡུལ་ཡིན་པ་བསྟན་པ་དང་། ད་དུང་ཐོག་མཐའ་བར་གསུམ་དུ་མི་དམངས་དང་གཅིག་སེམས་གཅིག་འདྲེས་བྱེད་པ་དང་། སྐྱིད་སྡུག་མཉམ་རོལ་བྱེད་པ། མཐུན་སྒྲིལ་འབད་བརྩོན་བྱེད་དགོས་པའི་བླང་བྱའང་བཏོན་པ་རེད། རྒྱས་བཤད་གལ་ཆེན་འདི་དག་ལས་ང་ཚོས་ཏང་གི་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་དང་། མི་དམངས་ཀྱི་ཁེ་ཕན་གཙིགས་སུ་འཇོག་པ་རྒྱུན་འཁྱོངས་དང་། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་སྲུང་སྐྱོང་ཡག་པོ། གོང་འཕེལ་ཡག་པོ་གཏོང་བ་བཅས་ལ་སྒྲིག་སྲོལ་གལ་ཆེན་དང་བྱ་སྤྱོད་ཕྱོགས་སྟོན་ཞིག་མཁོ་འདོན་བྱས་ཡོད།

  དམངས་འཚོ་ནི་དམངས་སེམས་དང་འབྲེལ་ཡོད་ལ། དམངས་སེམས་ནི་རྒྱལ་ཁབ་དང་འབྲེལ་བ་དམ་པོ་ཡོད། བོད་ལྗོངས་ས་ཁུལ་ནི་ང་ཚོས་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་ཆགས་ཡོད་པས། དེ་ནི་མཐའ་མཚམས་ཀྱི་མི་རིགས་ས་ཁུལ་ཡིན་པ་མ་ཟད། ཆོས་ལུགས་ཀྱི་རྨང་གཞི་ཟབ་པའི་ས་ཁུལ་དང་། དབུལ་ཕོངས་འདུས་སྡོད་བྱེད་པའི་ས་ཁུལ། ད་དུང་ཁ་བྲལ་ལ་ངོ་རྒོལ་བྱེད་སའི་ཐབས་ར་དང་པོ་ཡང་ཡིན། དམངས་འཚོའི་གནད་དོན་འདི་ཐག་གཅོད་བཟང་པོ་ཞིག་བྱས་ཐུབ་མིན་ནི་མི་སེམས་རྒྱབ་འགལ་ཡིན་མིན་དང་འབྲེལ་ལ། མི་རིགས་མཐུན་སྒྲིལ་དང་འབྲེལ་བ། བཅོས་བསྒྱུར་གོང་འཕེལ་གཏན་འཇགས་བཅས་དང་འབྲེལ་བ། ཏང་གིས་བོད་ལྗོངས་ས་ཁུལ་དུ་སྲིད་སྐྱོང་རྨང་གཞི་བཅས་ལ་འབྲེལ་བ་དམ་པོ་ཡོད་སྟབས། དམངས་འཚོའི་གནད་དོན་དེ་ཐོག་མཐའ་བར་གསུམ་དུ་ལས་ཀའགངས་ཆེན་དུ་བརྩི་དགོས་པ་མ་ཟད། དུས་དང་རྣམ་པ་ཀུན་དུ་སེམས་ལ་འཇགས་ནས་ལག་ལེན་བསྟར་དགོས། འདི་ལྟར་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་ལས་བག་ལྷོད་སྤུ་ཙམ་ཡང་བྱས་མི་རུང་། ཉེ་བའི་ལོ་འགའི་རིང་ལ། བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཕྲེང་བསྟར་མའི་དགོངས་པ་གལ་ཆེན་ལ་ནན་ཏན་སྒོས་སློབ་སྦྱོང་དང་དོན་འཁྱོལ་དཔྱིས་ཕྱིན་བགྱི་པ་དང་། སྒོས་སུ་རྒྱལ་ཁབ་སྐྱོང་ན་རྒྱལ་མཚམས་སྐྱོང་དགོས་ཤིང་། རྒྱལ་མཚམས་སྐྱོང་ན་བོད་ལྗོངས་བདེ་འཇགས་གཏོང་དགོས་པའི་བསམ་བློའི་ཐབས་ཕྱོགས་གལ་ཆེན་དང་། དམངས་འཚོ་བཅོས་བསྒྱུར་སྐོར་གྱི་མཛུབ་སྟོན་གལ་ཆེན་ལག་བསྟར་བྱེད་པ་མ་ཟད། ད་དུང་ཡུས་ཀྲེང་ཧྲན་ཀྲུའུ་ཞིས་གསུངས་པའི་ཁྲིམས་ལྟར་བོད་ལྗོངས་སྐྱོང་བ་དང་། ཡུན་རིང་ལ་བོད་ལྗོངས་འཛུགས་སྐྲུན་བྱེད་པ། མི་སེམས་འགུག་པར་བརྩོན་ལེན་བྱས་ནས་རྨང་གཞི་བརྟན་པོ་ཆགས་རྒྱུ་བརྩོན་ལེན་བྱེད་དགོས་པའི་མཛུབ་སྟོན་དེ་དོན་འཁྱོལ་དཔྱིས་ཕྱིན་བགྱིས་ནས། དགོངས་དོན་འདུ་ཤེས་དང་མང་ཚོགས་འདུ་ཤེས་བརྟན་པོ་འཛུགས་ནས་དམངས་འཚོའི་གནད་དོན་དེ་ཆེས་ཆེ་བའི་ཆབ་སྲིད་ཀྱི་གནད་དོན་དང་། དམངས་འཚོའི་གནད་དོན་དེ་ཆེས་ཆེ་བའི་སྲིད་སྐྱོང་བྱས་རྗེས་སུ་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དམངས་འཚོའི་ཐབས་ཕྱོགས་ལག་བསྟར་དང་ནོར་སྲིད་འགྲོ་གྲོན་གྱི་བརྒྱ་ཆ་80དམངས་འཚོའི་ཕྱོགས་སུ་གཏོང་བ་དང་། ཏང་གི་མང་ཚོགས་ལམ་ཕྱོགས་སྐོར་གྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་ཐབས་བརྒྱ་ཇུས་སྟོང་གིས་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་ཆེས་ཐུགས་ཁུར་བྱེད་པའི་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་དེ་དག་ཐག་གཅོད་བྱེད་དགོས། གྲོང་ཁྱེར་དང་གྲོང་རྡལ་བར་གྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་བཅོས་བསྒྱུར་ལེགས་པོ་བྱེད་པ་དང་མང་ཚོགས་ཀྱི་བདེ་སྐྱིད་རྣམ་གྲངས་ཇེ་མཐོར་གཏོང་བ། དུས་ལྟར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དེ་མི་རིགས་སོ་སོའི་མི་དམངས་ཀྱི་སེམས་ཁོང་ལ་བསྐྱལ་དགོས།

  མི་དམངས་མང་ཚོགས་ནི་སེམས་ཀྱི་གོ་ས་མཐོན་པོར་བཞག་ནས། ཁྱབ་རྒྱ་ཆེ་བའི་སྒོ་ནས་ཏང་ཡོན་ལས་བྱེད་པའི་གྲོགས་པོ་བཙལ་བའི་བྱེད་སྒོ་སྤེལ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། དུས་ནམ་ཡིན་ཡང་མི་དམངས་མང་ཚོགས་ནི་སེམས་ཀྱི་ཆེས་མཐོ་སར་འཇོག་པ་དང་། འགན་འཁྲི་རི་རབ་ལས་ལྕི་བ་ཐུགས་ལ་འཇགས་ནས། དུས་དང་རྣམ་པ་ཀུན་ཏུ་མི་དམངས་མང་ཚོགས་ཀྱི་བདེ་སྡུག་ཚང་མ་སེམས་ལ་འཛིན་དགོས། ང་ཚོས་མི་དམངས་ཀྱི་སླད་དུ་དང་མི་དམངས་ལ་དགའ་བ། མི་དམངས་ལ་བརྩེ་བ་དང་མི་དམངས་ལ་བདེ་འཇགས་སྟེར་རྒྱུ་བཅས་ནི་དམངས་འཚོ་བཅོས་བསྒྱུར་བྱེད་པའི་རྩ་བའི་བླང་བྱ་ཡིན་པ་རྒྱུན་འཁྱོངས་བྱེད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་རྣམས་གཞི་རིམ་སྡེ་བའི་ནང་དུ་སོང་ནས་གྲོགས་པོ་བཙལ་བའི་བྱེད་སྒོ་སྤེལ་བ་བརྒྱུད། ཏང་ཡོན་ལས་བྱེད་པས་མི་དམངས་ཀྱི་གནས་ཚུལ་རྟོགས་དགོས་པ་དང་། དམངས་སེམས་ལ་ཉན་པ་དང་དམངས་ཀྱི་དཀའ་ངལ་སེལ་བ་བཅས་བྱེད་དགོས། ཞིང་ཆེན་རིམ་པའི་ལས་བྱེད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་ལེགས་པོ་བྱས་ནས། ཞིང་ཆེན་རིམ་པའི་ལས་བྱེད་པས་རྫོང་གཅིག་དང་སྡེ་བ་གཅིག དགོན་པ་གཅིག་དང་དབུལ་ཁྱིམ་གཉིས་ནས་གསུམ་ལ་འབྲེལ་གཏུག་བྱས་ནས་དུས་ཚོད་ངེས་ཅན་ནང་འབྲེལ་བ་བཙུགས་པའི་ཁྱིམ་ཚང་དུ་འགྲོ་ནས་ཉིན་ཞག་དུ་མ་སྡོད་དགོས་པ་མ་ཟད། དུས་རྒྱུན་འབྲེལ་གཏུག་རྒྱུན་མི་ཆད་པར་གདན་ཞུའི་མགྲོན་པོ་ཁྱིམ་དུ་བསུ་དགོས་པ་དང་དེ་ནི་ཡུན་རིང་པོའི་སྒྲིག་སྲོལ་ཞིག་ཏུ་ཆགས་དགོས། ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་ནུས་པ་དེ་ཕྱོགས་ཡོངས་ནས་འདོན་སྤེལ་ལེགས་པོ་བྱེད་དགོས། ས་ཁུལ་ཡོངས་ཀྱི་ཞིང་སྡེ་རིམ་པའི་ཏང་ཡོན་ལས་བྱེད་པས་དབུལ་ཁྱིམ་གཉིས་ནས་གསུམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་དང་མཉམ་ཟ་མཉམ་འཐུང་མཉམ་འདུག་མཉམ་ལས་བྱེད་པ་བརྒྱུད། སེམས་པ་ནང་དུ་འགུག་ནས་མང་ཚོགས་དང་མཛའ་ཞིང་བརྩེ་བའི་གྲོགས་པོ་བྱས་ཏེ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་མཛའ་བའི་དཔུང་བ་འབྲེལ་ཞིང་བརྩེ་བའི་ཟམ་པ་འཛུགས་དགོས།

  རིགས་སོ་སོའི་མི་དམངས་མང་ཚོགས་དང་གཅིག་སེམས་གཅིག་ལ་སྦྲེལཏེ་སྐྱིད་སྡུག་མཉམ་རོལ་བྱས་ནས་ལས་བྱེད་པ་སྡེ་བར་སྡོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཆ་རྐྱེན་ཞན་ཞིང་དཀའ་སྡུག་ཆེ་ལ་འགལ་བ་མང་པོ་ཡོད་སར་ལྷག་པར་དུ་མི་སྦྱོང་བརྡར་བྱས་ཐུབ། ལས་བྱེད་པ་རྣམས་གཞི་རིམ་ལ་ཟབ་ཞུགས་དང་དངོས་དོན་ལ་ཟབ་ཞུགས། མང་ཚོགས་ནང་ཟབ་ཞུགས་བྱས་ནས་བཅོས་བསྒྱུར་སྒོ་འབྱེད་ཀྱི་ཐབས་ར་གཙོ་བོ་དང་བདེ་འཇགས་སྲུང་སྐྱོང་བྱེད་པའི་ལམ་དང་པོ། མང་ཚོགས་ལ་ཞབས་འདེགས་ཞུ་ས་གཙོ་བོ་བཅས་ནས་ཀུན་སྤྱོད་སྦྱོང་བརྡར་བྱེད་པ་དང་རང་ནུས་མཐོར་འདེགས་གཏོང་དགོས་ཞེས་གསུངས། བོད་ལྗོངས་ནི་མཐའ་མཚམས་སུ་གནས་ཤིང་། ས་རྒྱ་ཆེ་མོད་མི་གྲངས་ཉུང་བས། ས་ཆ་ལ་ལར་མང་ཚོགས་ཀྱིས་བསྟུད་མར་ལོ་མང་པོར་ལས་བྱེད་འགོ་ཁྲིད་གཅིག་ཀྱང་མཐོང་མི་ཐུབ་པ་དང་། ལས་བྱེད་པས་ཀྱང་ལོ་དུ་མར་མང་ཚོགས་མཐོང་མི་ཐུབ་པས། གནད་དོན་ཅི་ལ་འཕྲད་ཀྱང་དུས་ལྟར་ཐག་གཅོད་མི་ནུས་པའི་གནས་ཚུལ་འདུག གནས་ཚུལ་འདི་རིགས་ལ་དམིགས་ནས་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་ལྗོངས་ཡོངས་ནས་བསྟུད་མར་ལས་བྱེད་སྡེ་སྡོད་ཀྱི་བྱེད་སྒོ་སྤེལ་རྒྱུ་ཐག་གཅོད་བྱས། ལས་བྱེད་སྡེ་སྡོད་ཀྱི་ཁྱབ་ཚད་ཇེ་ཆེར་གཏོང་ཆེད། ལོ་རེར་རང་སྐྱོང་ལྗོངས་དང་ས་གནས(གྲོང་ཁྱེར)། རྫོང་དང་གྲོང་རྡལ་སོགས་ནས་ལས་བྱེད་ཁྲི་གཉིས་ལྷག་བདམས་ཏེ། ལས་དོན་གྱི་རུ་ཁག་ཅིག་བཙུགས་ནས་ལྗོངས་ཡོངས་ཀྱི་སྲིད་འཛིན་སྡེ་བ་5465ནས་ལས་བྱེད་པ་སྡོད་པ་དང་། རུ་ཁག་ནང་གི་མི་སྣས་ཚབ་མཚོན་བྱེད་པ་དང་། ལས་ཁུངས་ཀྱིས་རྒྱབ་སྐྱོར་བྱེད་པ། མཐའ་གཅིག་ཏུ་འགན་གཅིག་ལྕོགས་སུ་བཞེས་པར་བརྟེན། གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྱོང་དང་སྤྱི་ཚོགས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ། ཕྱུག་འགྱུར་གྱི་ལམ་བུ་རྒྱ་བསྐྱེད་གཏོང་བ། ཏང་གི་བཀའ་དྲིན་དྲན་པ། དོན་དག་དངོས་སུ་སྒྲུབ་པ་དང་ལེགས་འགྲུབ་བྱུང་བས་ཐད་ཀར་གྲོང་ཁྱེར་དང་ཞིང་གྲོང་གི་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། མི་དམངས་མང་ཚོགས་ཀྱི་དཀའ་སྡུག་སེལ་བར་བྱས་ཡོད། བྱེད་སྒོ་སྤེལ་ནས་ལོ་ངོ་བཞི་འགོར་བའི་རིང་ལ། རིམ་པ་སོ་སོའི་སྡེ་སྡོད་ལས་བྱེད་པ་རྣམས་ཀྱིས་རང་ནུས་ཅི་ལྕོགས་ཀྱིས་སྡེ་བ་སོ་སོའི་ནང་དུ་བསམ་བློ་གོང་འཕེལ་གཏོང་བར་མཛུབ་ཁྲིད་དང་། འཕེལ་རྒྱས་གཏོང་བའི་འཆར་གཞི་འགོད་པ། མཉམ་འབྲེལ་རྩ་འཛུགས་འཛུགས་པ། ནུས་རྩལ་གསོ་སྦྱོང་རྩ་འཛུགས་བྱེད་པ། དམངས་ཀྱི་བདེ་སྡུག་འདྲི་ཞིང་དྲོད་ཁོལ་བསྐྱལ་བའི་བྱེད་སྒོ་སྤེལ་བ། རིགས་སོ་སོའི་འགལ་ཟླ་དང་རྩོད་པ་སེལ་བ་སོགས་ཀྱི་ཕྱོགས་གང་ཅིའི་ཐད་ནས་མང་ཚོགས་ལ་ཕན་པ་རག་ཅིང་ལས་བྱེད་པར་སློབ་གསོ་ཐོབ་པའི་གྲུབ་འབྲས་མི་དམན་པ་བླངས་ཡོད།

  རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་དང་རང་འགུལ། གསར་གཏོད་རང་བཞིན་བཅས་སྐུལ་སློང་བྱེད་པ་རྒྱུན་འཁྱོངས་བྱས་ནས། སྔོན་ཐོན་ཁྱིམ་འབྲེལ་རྣམ་གཉིས་གསར་འཛུགས་འདེམས་བསྐོ་བྱེད་རྒྱུ་རྒྱ་ཆེར་སྤེལ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། མང་ཚོགས་སྤྱི་ཚོགས་དོ་དམ་ནང་ཞུགས་རྒྱུ་ནི་དམངས་འཚོ་ལ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ཞེས་དང་། དམངས་འཚོ་ལེགས་བཅོས་བྱེད་རྒྱུ་དེ་ཏང་དང་སྲིད་གཞུང་གི་བྱ་བའི་ཁ་ཕྱོགས་སུ་འགྱུར་བར་མ་ཟད། རྒྱ་ཆེའི་མི་དམངས་མང་ཚོགས་རང་སྟེང་གི་འབད་བརྩོན་དམིགས་འབེན་ཞིག་ཏུའང་འགྱུར་དགོས་ཞེས་གསུངས། བོད་ལྗོངས་ནི་ས་ཁོད་ཆེ་བ་དང་། མང་ཚོགས་འདུས་སྡོད་ཐ་ཐོར་ཡིན་པ་མ་ཟད། འགྲིམ་འགྲུལ་སྟབས་བདེ་མིན་སྟབས་སྤྱི་ཚོགས་བཅོས་སྐྱོང་ཐད་ལ་དཀའ་ཁག་ཆེན་པོ་ཡོད་ལ་དམངས་འཚོ་ལེགས་བཅོས་ཐད་ལ་འགན་འཁྲི་ཧ་ཅང་ལྕི། དེ་བས། ང་ཚོས་དམིགས་གསལ་གྱི་བོད་ལྗོངས་གནས་ཚུལ་ལ་གཞིགས་ནས་སྤྱི་ཚོགས་བཅོས་སྐྱོང་དང་དམངས་འཚོ་ལེགས་བཅོས་བྱེད་པའི་ལས་ཀའི་རིགས་ལམ་གསར་དུ་བཏོད་དེ། ཏང་ཨུ་དང་སྲིད་གཞུང་གི་མཛུབ་ཁྲིད་དང་མང་ཚོགས་ཀྱི་རང་དབང་རང་མོས་གཉིས་ཟུང་འབྲེལ་བྱེད་པའི་ཐབས་ལམ་སྤྱད་ནས། ལྗོངས་ཡོངས་ནས་“སྔོན་ཐོན་ཁྱིམ་འབྲེལ་རྣམ་གཉིས་”གསར་འཛུགས་འདེམས་བསྐོ་རྒྱ་ཆེར་སྤེལ་དགོས། གཅིག་ནི་ཁྱིམ་འབྲེལ་འགན་མཉམ་བགྱིས་ཏེ་ཡོང་འབབ་མཐོར་འདེགས་གཏོང་དགོས། མཉམ་གཅིག་ཕྱུག་འགྱུར་འགྲོ་བར་སྐུལ་སློང་དང་བཅོས་བསྒྱུར་གོང་འཕེལ་གྱི་གྲུབ་འབྲས་མཉམ་རོལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དེ་དམིགས་འབེན་དུ་བཞག་ནས། གྲོང་ཁྱེར་དང་གྲོང་བརྡལ་སྡོད་དམངས་ལས་ཞིང་ལ་མོས་མཁན་ཚོས་ཞིང་རྨོ་བ་དང་། ནགས་ལ་མོས་མཁན་ཚོས་ནགས་འདེབས་པ། ཕྱུགས་ བཟོ་པར་མོས་མཁན་ཚོས་བཟོ་སྐྲུན་བྱེད་པ། ཚོང་ལ་མོས་མཁན་ཚོས་ཚོང་གཉེར་བ། ལྟ་སྐོར་ལ་མོས་མཁན་ཚོས་ལྟ་སྐོར་ལྗོངས་རྒྱུ་གཉེར་བ་བཅས་རང་རང་ལས་གང་ལ་དགའ་ཞིང་མཁས་ན་ལས་དེ་སྒྲུབ་རྒྱུར་རྒྱབ་སྐྱོར་དང་མཛུབ་ཁྲིད་བྱེད་དགོས། དེ་ལ་ཁྱིམ་འབྲེལ་ལས་ཁུངས་ནས་ཀུང་སི། དེ་ནས་ཁྱིམ་དུད་བཅས་ཀྱིས་ཐབས་ལམ་དང་། ཡང་ན་མ་རྩ་དང་ལག་རྩལ། ས་ཞིང་། ཁང་པ། མཁོ་ཆས་སོགས་མ་དངུལ་དུ་འཇོག་པའི་ཐབས་ལམ་སྤྱད་ནས་མཉམ་འབྲེལ་དཔལ་འབྱོར་རྩ་འཛུགས་བྱེད་པ་དང་། རིགས་སོ་སོའི་ཡོང་འབབ་ལས་གཞི་བདམས་ནས། མང་ཚོགས་ཀྱི་ཕྱུག་འགྱུར་ལམ་བུ་རྒྱ་ཇ་ཆེར་བསྐྱེད་དགོས། གཉིས་ནི་མཉམ་འཛུགས་མཉམ་རོལ་དང་བདེ་འཇགས་སྐྱོང་རྒྱུ་དེ་ཡིན། མང་ཚོགས་དང་མཉམ་དུ་སྔོན་འགོག་བཅོས་སྐྱོང་བྱེད་པ་དང་དྲ་བ་ཅན་གྱི་དོ་དམ་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། རྒྱ་ཆེ་བའི་སྒོ་ནས་མང་ཚོགས་ལ་སྐུལ་སློང་བྱེད་པ་དང་མང་ཚོགས་ལ་རྩ་འཛུགས་བྱེད་པ། མང་ཚོགས་ལ་རྒྱབ་བརྟེན་བཅོལ་བ་བཅས་བགྱིས་ནས་ལས་ཀའི་སྣེ་མོ་ཇེ་རིང་བཏང་སྟེ་སྡེ་དམངས་ཙུའུ་དང་སྡོད་དམངས་ས་ཁུལ། དེ་ནས་དུད་ཁྱིམ་རེ་རེར་ཐོན་དགོས། ཁྱིམ་འབྲེལ་ལས་ཁུངས་སོ་སོ་ནས་ཧུར་བརྩོན་བྱས་ཏེ་ཕྱོགས་བསྡུས་བཅོས་སྐྱོང་ནང་དུ་ཟབ་ཞུགས་བྱས་ནས་བདེ་སྐྱོང་དང་ཉེན་ཟོན་སྐོར་ལ་ཞིབ་སྤེལ་དང་། འབྲེལ་ཡོད་སྡེ་ཁག་དང་མཉམ་མཐུན་བྱས་ནས་མི་སྣ་གལ་ཆེན་དང་ཕྱི་ཡོང་མི་སྣའི་དོ་དམ་ཕྱོགས་ལ་ཤུགས་སྣོན་རྒྱག་དགོས། རིགས་སོ་སོའི་གནོད་འཚེ་དག་རྩ་བ་ནས་མེད་པར་བཟོ་རྒྱུར་ཁྱིམ་ཚང་རེ་རེའི་ཁྱིམ་མི་ཡོངས་ལ་ལྟ་རྟོག་བྱེད་པའི་འགན་འཁྲི་ཡོད།

  མང་ཚོགས་ཀྱིས་ཆེས་སེམས་ཁུར་དང་ཆེས་ཐད་ཀ། ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་བཟང་པོ་བྱེད་རྒྱུ་རྒྱུན་འཁྱོངས་དང་། དམངས་ཁེ་དམངས་ཕན་གྱི་དོན་དངོས་དོན་བཟང་མུ་མཐུད་དུ་སྒྲུབ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། དམངས་འཚོའི་གནད་དོན་དེ་དམ་འཛིན་བྱེད་དགོས་ན། མི་དམངས་མང་ཚོགས་ཀྱིས་ཆེས་སེམས་ཁུར་དང་ཆེས་ཐད་ཀ། ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་དེ་དམ་འཛིན་བྱེད་དགོས། ཆེས་སེམས་ཁུར་ཡོད་རྒྱུ་དེ་དམ་དུ་འཛིན་དགོས་ཞེས་གསུངས། ང་ཚོས་རིགས་སོ་སོའི་མང་ཚོགས་དང་གྲྭ་བཙུན་དག་ལ་མྱུར་དུ་ཐག་གཅོད་དགོས་པའི་དངོས་ཡོད་གནད་དོན་ལ་གཞིགས་ནས། ལོ་རེར་དམངས་ལ་ཕན་པའི་དོན་དངོས་བཅུ་ཐམ་པ་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པའི་སྔར་ལས་ལྷག་པ་བརྒྱད་དེ་འབད་བརྩོན་གྱིས་སྒྲུབ་དགོས་ཏེ། གཅིག་ནི། རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་སྔར་ལས་ལྷག་པའི་སློབ་གསོ་མྱོང་སྟེ་སློབ་སྔོན་གྱི་སྐད་གཉིས་སློབ་གསོ་དང་ལས་འགན་སློབ་གསོ་དེ་ཤུགས་ཆེན་གོང་དུ་སྤེལ་དགོས། ལོ་ངོ་བཅོ་ལྔའི་རིང་གི་སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ཆ་སྙོམས་ལོ་རེའི་རོགས་སྐྱོར་ཚད་གཞི་ཇེ་མཐོར་བཏང་སྟེ་བྱིས་པ་རེ་རེར་སྔར་བས་བཟང་ཞིང་སྔར་བས་འདྲ་མཉམ་གྱི་སློབ་གསོ་མྱོང་དུ་འཇུག་དགོས། གཉིས་ནི། ལས་ཀ་ཧ་ཅང་གཏན་འཇགས་ཤིག་རག་དགོས། སྔར་བས་ཧུར་བརྩོན་གྱི་སྒོ་ནས་ལས་ཞུགས་སྲིད་ཇུས་ལག་བསྟར་གནང་སྟེ། བོད་ལྗོངས་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་དང་ལས་ལམ་གསར་འབྱེད་ལ་སྐུལ་སློང་བྱེད་པ་དང་། ཁྱིམ་ཚང་ནང་ལས་ཞུགས་དཀའ་བའི་མི་སྣ་གཅིག་ཀྱང་མེད་པར་བརྩོན་པ་དང་། གྲོང་ཁྱེར་གྱི་ལས་ཤོར་མི་སྣ་བརྒྱ་ཆ་2.5ནང་དུ་ཚོད་འཛིན་བྱེད་དགོས། གསུམ་ནི། ཡོང་འབབ་སྔར་ལས་ཡིད་ཚིམ་པ་ཞིག་རག་དགོས། ཡོང་འབབ་གོང་མཐོར་འགྲོ་བའི་ཐབས་ལམ་རྒྱ་ཆེར་བསྐྱེད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་བར་གྱི་ཁྱད་པར་ཇེ་ཆུང་དུ་བཏང་ནས། གྲོང་ཁྱེར་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་བརྒྱ་ཆ་7.9ལ་གོང་འཕར་བྱེད་པ་དང་། གྲོང་རྡལ་གྱི་མི་རེའི་ཆ་སྙོམས་ཡོང་འབབ་ནི་བརྒྱ་ཆ་12.3ལ་གོང་འཕར་བྱས་ཏེ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པ་ཡིན་དགོས། བཞི་ནི། སྤྱི་ཚོགས་འགན་སྲུང་སྔར་ལས་གཏན་འཇགས་ཤིག་ཐོབ་དགོས། གྲོང་ཁྱེར་དང་གྲོང་རྡལ་གཉིས་ལ་ཁྱབ་པའི་སྡོད་དམངས་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་མགྱོགས་མྱུར་ངང་གསར་འཛུགས་བྱེད་དགོས། ལྔ་ནི། སྨན་བཅོས་ཞབས་འདེགས་ཀྱི་ཆུ་ཚད་སྔར་ལས་མཐོ་བ་ཡིན་དགོས། ཞིང་འབྲོག་ཁུལ་དུ་རིན་གོང་སྤྲད་མི་དགོས་པའི་སྨན་བཅོས་ལམ་ལུགས་མངོན་འགྱུར་བྱས་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་དམངས་མ་ཟད་ཚོགས་ཞུགས་གྲྭ་བཙུན་ལ་ལོ་ལྟར་རིན་གོང་མི་དགོས་པར་ལུས་ཕུང་ཞིབ་བཤེར་ཐེངས་ཤིག་བྱེད་པ་དང་། ནད་རྟགས་ངོས་བཟུང་བའི་བྱིས་པ་ཁྲི་གཅིག་ལྷག་ལ་སྨན་བཅོས་ལེགས་པོ་བྱས། དྲུག་ནི། སྡོད་ཁང་ཆ་རྐྱེན་སྔར་ལས་ལྷག་པ་བསྐྲུན་དགོས། ཞིང་འབྲོག་དུད་ཁྱིམ་ཁྲི་46.03ལ་སྡོད་ཁང་བཟོ་སྐྲུན་འགྲུབ་ཚར་བ་དང་། ཕྱོགས་ཡོངས་ནས་ལྷ་ས་གྲོང་ཁྱེར་གྱི་རང་བྱུང་སོལ་རླངས་ཀྱི་དྲོད་བསྐྱལ་བཟོ་སྐྲུན་འགྲུབ་ཚར། བདུན་ནི། སྔར་ལས་ལྷག་པའི་ཁོར་ཡུག་བསྐྲུན་པ་དང་། ཆུ། གློག ལམ། འཕྲིན་སྐྱེལ། སྦྲགས་ཡིག རྒྱང་སྒྲོག་བརྙན་འཕྲིན། ཞིང་པའི་དཔེ་ཁང་། མཛེས་པའི་ཁོར་ཡུག་བཅས་བརྒྱད་པོ་ལག་བསྟར་ཡག་པོ་བགྱིས་ནས། ཞིང་འབྲོག་གི་བཏུང་རིགས་ཐད་ཀྱི་བདེ་འཇགས་ལའང་ཐག་གཅོད་ལེགས་པོ་བྱས་ཡོད། བརྒྱད་ནི། སྔར་ལས་ལྷག་པའི་བདེ་སྐྱིད་ཀྱི་འཚོ་བ་རོལ་བ་དང་། མི་གྲངས་ཁྲི་13གྱི་དབུལ་བསྐྱུར་གནད་དོན་ཐག་གིས་བཅད་པ་དང་། བཅོས་བསྒྱུར་སྒོ་འབྱེད་ཀྱི་གྲུབ་འབྲས་ཀྱིས་ཧ་ཅང་དྲང་བདེན་གྱི་སྒོ་ནས་རིགས་སོ་སོའི་མི་དམངས་མང་ཚོགས་ལ་ཁེ་ཕན་ཆེན་པོ་སྒྲུབ་ཡོད།

  ཚད་མཐོ་བའི་སྒོ་ནས་མང་ཚོགས་ནང་ཁུལ་མཐུན་སྒྲིལ་བྱས་ཏེ་དམངས་སེམས་འགུག་རྒྱུ་རྒྱུན་འཁྱོངས་བྱས་ནས། དགོན་པ་དང་གྲྭ་པར་ཕན་པའི་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། དམངས་འཚོ་ལེགས་བཅོས་འགན་སྲུང་དང་ཕྱོགས་ཡོངས་སུ་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱུང་དགོས་ན། མང་ཚོགས་གང་ཞིག་རྗེས་སུ་བསྐྱུར་མི་རུང་ལ། མི་སུ་ཞིག་ཚོགས་པ་ལས་འབོར་མི་རུང་། བོད་ལྗོངས་ནི་ཆོས་དད་མང་ཚོགས་འདུས་སྡོད་བྱེད་སའི་གནས་ཤིག་ཡིན་ཏེ། ཁུལ་ཡོངས་སུ་བོད་བརྒྱུད་ནང་བསྟན་གྱི་དགོན་པ་1700ཡོད་པ་དང་། ཚོགས་ཞུགས་གྲྭ་བཙུན་མི་གྲངས་46000ཡོད། ཆོས་དད་མང་ཚོགས་ཁྲི་200ལྷག་ཡོད། ང་ཚོས་དགོན་པ་ནི་གཞི་རྩའི་སྤྱི་ཚོགས་རྩ་འཛུགས་ཤིག་ཏུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ནས། རྒྱ་ཆེའི་བའི་གྲྭ་བཙུན་མང་པོ་སྤྱི་དམངས་དང་གྲོགས་པོ་རུ་འཛིན་དགོས་པ་མ་ཟད། ད་དུང་དགོན་པའི་གྲྭ་བཙུན་གྱི་ལས་ཀ་དེ་མང་ཚོགས་ཀྱི་ལས་ཀ་དང་དམངས་འཚོའི་ལས་ཀ་གལ་ཆེན་ཞིག་ཏུ་བཞག་སྟེ། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྤྱི་སྤྱོད་ཞབས་ཞུའི་ཁོངས་སུ་གཏོགས་དགོས། དེ་མིན་དགོན་པ་དང་གྲྭ་བཙུན་ལ་ཕན་པའི་ཐབས་ལམ་སྣ་ཚོགས་འཐུས་ཚང་དང་དོན་འཁྱོལ་བྱས་ནས་དགོན་པ་དང་གྲྭ་བཙུན་གྱིས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོད་ཁོལ་དེ་རྒྱུད་ལ་ཤེས་སུ་འཇུག་མཐར། རང་འགུལ་གྱིས་ཏང་གི་བཀའ་དྲིན་དྲན་ཞིང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ། ཆོས་ལུགས་འཆམ་མཐུན་ཡོང་བར་སྐུལ་འདེད་དང་། ཆོས་ལུགས་ལས་དོན་བདེ་བླག་ཡོང་བ། དགོན་པ་སོ་སོ་མཐུན་འགྲིག་ཡོང་བ་བཅས་བྱེད་དགོས། ཐུགས་ཁུར་དང་བརྩེ་སེམས་ལ་གཟབ་བཞེས་བྱས་ཏེ། དགོན་པའི་དོ་དམ་ཨུ་ལྷན་དང་དགོན་པའི་ལས་བྱེད་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ནན་ཏན་སྒོས་སློབ་གསོ་དོ་དམ་ཞབས་ཞུའི་འགན་ནུས་དེ་ལག་བསྟར་བྱས་ནས། དགོན་པའི་ལས་བྱེད་དང་གྲྭ་བཙུན་བར་དུ་མཛའ་གྲོགས་ཀྱི་འབྲེལ་བ་བཙུགས་ནས་ཕན་ཚུན་ཁྱིམ་དུ་སོང་བ་དང་ཡང་ན་དོན་དག་གང་རུང་ཞིག་སྒྲུབ་པ། ཡང་ན་ཡིག་ཚགས་ཤིག་བཟོ་བ་དང་ཕན་ཚུན་འབྲེལ་འདྲེས་བྱེད་པའི་ཐབས་ལམ་ཞིག་བཏོད་དེ། དོ་དམ་ཨུ་ལྷན་དང་དགོན་པ། གྲྭ་བཙུན་ཁྱིམ་ཚང་བཅས་བར་དུ་འབྲེལ་བ་འཛུགས་པའི་དོ་དམ་སྒྲིག་ལམ་འཇོག་དགོས། སྤྱི་སྤྱོད་ཞབས་ཞུ་ལེགས་བཅོས་བྱས་ཏེ་དགོན་པའི་རྨང་གཞི་སྒྲིག་ཆས་དེ་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞི་ནང་ཚུད་རྗེས། དགོན་པ་རེ་ལ་རྒྱལ་དར་རེ་དང་། གཞུང་ལམ། ཆུ་གློག རྒྱང་སྒྲོག་བརྙན་འཕྲིན། བརྡ་འཕྲིན། ཚགས་པར། རིག་གནས་དཔེ་ཁང་བཅས་ཡོད་པར་བྱས་ཏེ་གྲྭ་བཙུན་དག་དགོན་པ་ནས་ཕྱི་རུ་མ་འགྲིམ་ནའང་ཏང་དང་སྲིད་གཞུང་གི་སྲིད་ཇུས་དང་སྤྱི་ཚོགས་ཀྱི་འཕེལ་འགྲོས་རྟོག་ཐུབ་ལ། བོད་ལྗོངས་ཀྱི་བདེ་འཇགས་དང་གོང་འཕེལ་འགྱུར་ལྡོག་གི་རྣམ་པ་གསར་པ་དེ་ཉམས་སུ་མྱོང་ཐུབ་པར་བྱེད་དགོས་པར་མ་ཟད། གྲྭ་བཙུན་དག་ཚན་རིག་དཔལ་ཡོན་ལྡན་པའི་འཚོ་བའི་ལམ་ལ་ཁྲིད་དགོས། དགོན་སྡེ་གྲྭ་པ་ཚང་མ་སྤྱི་ཚོགས་མ་ལག་ནང་ཚུད་དགོས། ཚོགས་ཞུགས་གྲྭ་པ་ཚང་མར་སྨན་བཅོས་དང་རྒན་གསོ། ཡོང་འབབ་དམའ་པའི་འཚོ་བའི་འགན་ལེན། མི་ལུས་གནོད་ཐེབས་འགན་ལེན་བཅས་ཆ་རྐྱེན་བསྐྲུན་པས་མི་ཚད། ད་དུང་ལུས་ཕུང་བདེ་ཐང་གི་ཡིག་ཚགས་བཟོས་ཡོད། གྲྭ་ཤག་ཞིག་གསོ་བྱེད་པ་དེ་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་འཆར་གཞིའི་ནང་འཇོག་དགོས་པ་དང་། དགོན་སྡེའི་རིག་དངོས་དག་རིག་དངོས་སྲུང་སྐྱོབ་ཁོངས་སུ་གཏོགས་པར་བགྱིས་ནས་མཉམ་དུ་སྐུལ་འདེད་གཏོང་བ་དང་། སྐུལ་སློང་དང་མཛུབ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་དགོས། ལྗོངས་ཡོངས་ནས་འཆམ་མཐུན་མིག་དཔེ་དགོན་པ་སྟེ་རྒྱལ་གཅེས་ཁྲིམས་སྲུང་སྔོན་ཐོན་གྱི་གྲྭ་བཙུན་ལ་གཟེངས་རྟགས་གནང་བའི་བྱེད་སྒོ་སྤེལ་ནས། སྔོན་ཐོན་དགོན་པ་དང་སྔོན་ཐོན་གྲྭ་བཙུན་དག་ལ་ཆབ་སྲིད་སྟེང་གཟི་བརྗིད་ཡོད་པ་དང་སྤྱི་ཚོགས་སྟེང་གོ་གནས་ཡོད་པ། དཔལ་འབྱོར་སྟེང་སྐུལ་སློང་ཡོད་པ་བཅས་བྱས་ནས་ཏང་གི་ཆོས་ལུགས་སྲིད་ཇུས་ཀྱི་ཡང་དག་རང་བཞིན་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཤེས་སུ་བཅུག་ནས། རྒྱ་ཆེའི་གྲྭ་བཙུན་གྱིས་མགྱོགས་མྱུར་དུ་གོང་འཕེལ་གཏན་འཇགས་ཕྱོགས་ལ་བྱས་རྗེས་འཇོག་པའི་བརྩོན་སེམས་བསྐྱེད་ཅིང་། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་བར་མཐུན་པོ་ཡོང་བའི་སྐུལ་འདེད་ཆེན་པོ་བྱས་ཡོད།

  རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་བཅོས་བསྒྱུར་གོང་འཕེལ་གཏན་འཇགས་ཀྱི་གྲུབ་འབྲས་མཉམ་རོལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། མཐའ་མཚམས་དར་ཞིང་མི་དམངས་ཕྱུག་པའི་ལམ་ལ་ཤུགས་སྣོན་རྒྱག་རྒྱུ་ལག་ལེན་བསྟར་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། མཐའ་སྲུང་འཛུགས་སྐྲུན་དང་མཐའ་མཚམས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་བ་གཉིས་མཉམ་དུ་སྒྲུབ་སྟེ། མཐའ་མཚམས་ཀྱི་བདེ་འཇགས་དང་དར་འཕེལ་ལ་སྲུང་སྐྱོང་ནན་མོ་བྱེད་དགོས་ཞེས་པ་དང་། རྒྱལ་ཁབ་སྐྱོང་ན་མཐའ་མཚམས་ངེས་པར་སྐྱོང་དགོས་ལ། མཐའ་མཚམས་སྐྱོང་ན་ངེས་པར་བོད་ལྗོངས་གཏན་འཇགས་ཡིན་དགོས་ཞེས་གསུངས་པ་ལྟར། མཐའ་མཚམས་ས་ཁུལ་ནི་བོད་ལྗོངས་ཀྱི་མི་རིགས་གྲུབ་ཆ་ཆེས་མང་བ་དང་མི་གྲངས་ཅུང་ཉུང་བའི་མི་རིགས་འདུས་སྡོད་ཀྱི་ས་ཆ་ཞིག་ཡིན་པ་མ་ཟད། ད་དུང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་འགྲུབ་བྱེད་པའི་ཆེས་དཀའ་གནད་ཆེ་ས་དེ་ཡིན། ང་ཚོས་མཐའ་མཚམས་ན་ཡོད་པའི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་དེ་དམངས་འཚོ་ལེགས་བཅོས་གཏོང་བའི་ནང་དོན་གལ་ཆེན་ཞིག་ཏུ་བརྩི་དགོས་པ་དང་འབུར་དུ་ཐོན་པའི་གོ་གནས་སུ་འཇོག་དགོས་ལ། མཐའ་མཚམས་སྟོབས་དང་ལྡན་ལ་བརྟན་ཞིང་བརླིང་བ། མཐའ་མཚམས་དར་ཞིང་རྒྱས་ལ་ཕྱུག་པོར་འགྱུར་བའི་ཐབས་ཇུས་དེ་ཤུགས་ཆེན་པོས་ལག་བསྟར་བྱེད་དགོས། སྲིད་ཇུས་ཕྱོགས་ལྷུང་བྱེད་ཚད་ཆེ་རུ་བཏང་ནས་མཐའ་མཚམས་ནི་དུས་རིམ་གསར་པའི་ནང་དབུལ་སྐྱོར་བྱེད་སའི་ས་ཁོངས་གལ་ཆེན་ཞིག་ཏུ་འཇོག་དགོས། མཐའ་མཚམས་མིན་པའི་རྫོང་གི་བརྒྱ་ཆ་20ལས་མཐོ་བའི་ཚད་གཞི་ལྟར་མཐའ་མཚམས་ཡིན་པའི་རྫོང་ལ་དོ་མཉམ་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་དང་ཆེད་སྤྱོད་སྤོ་སྒྱུར་གཏོང་སྤྲོད་ཀྱི་ཚད་ཇེ་ཆེར་གཏོང་དགོས། སྤྱིར་བཏང་གི་ཕན་ཁེ་དང་དམིགས་བསལ་གྱི་རོགས་སྐྱོར་ཕན་ཚུན་མཉམ་བསྲེས་བྱས་པའི་ནོར་སྲིད་རྒྱབ་སྐྱོར་སྲིད་ཇུས་དེ་འཐུས་ཚང་གཏོང་དགོས། མི་གྲངས་ཅུང་ཉུང་བའི་མི་རིགས་ལ་སྔར་ལས་ལྷག་པའི་སྒོ་ནས་དམིགས་བསལ་གྱི་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱས་ཏེ། མཐའ་མཚམས་ཀྱི་དཔལ་འབྱོར་མགྱོགས་མྱུར་ངང་གོང་འཕེལ་གཏོང་བ་དང་རྒྱལ་ནང་གི་ཐོན་སྐྱེད་སྤྱི་འབོར་ཆ་སྙོམས་ལོ་རེའི་འཕར་ཚད་དེ་ལྗོངས་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བར་ཡོང་དགོས། རྨང་གཞི་སྒྲིག་ཆས་ལ་ལེགས་བཅོས་བྱས་ནས་མཐའ་མཚམས་ས་ཁུལ་གྱི་འགྲིམ་འགྲུལ་དང་ཆུ་བེད། འཕྲིན་སྐྱེལ་དང་གློག་ཤུགས་འཛུགས་སྐྲུན་བཅས་ཤུགས་ཆེར་གཏོང་དགོས། སྲིད་འཛིན་སྡེ་བ་ཡོངས་དང་། མཐའ་སྲུང་སོ་ལྟ་ཁང་ལ་ཆུ་གློག་དང་ཁ་པར་རྒྱང་སྒྲོག་བརྙན་འཕྲིན་བཅས་མཁོ་འདོན་བྱེད་དགོས། སྤྱི་ཚོགས་ལས་དོན་གོང་འཕེལ་གཏོང་བ། མཐའ་མཚམས་ས་ཁུལ་གྱི་ན་གཞོན་ཡིག་རྨོངས་ཀྱི་མི་གྲངས་ཇེ་དམའ་རུ་བཏང་ནས་བརྒྱ་ཆ་1.27ལ་ཕབ་དགོས། མཐའ་མཚམས་ས་ཁུལ་རྫོང་གི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་21གསར་འཛུགས་དང་བསྐྱར་འཛུགས་བྱས་ཏེ། ཞིང་གྲོང་གི་སྨན་བཅོས་འཕྲོད་བསྟེན་མི་སྣ་ཇེ་མང་དུ་བཏང་ནས་མཐའ་མཚམས་མི་དམངས་ཀྱི་མི་ལུས་གནོད་ཐེབས་འགན་བཅོལ་ཉོ་བ་དང་མཐའ་མཚམས་ཀྱི་དཀའ་གནད་ཅན་གྱི་མང་ཚོགས་ལ་དུས་ཐོག་ཏུ་རོགས་སྐྱོར་ཐོབ་པའི་ལམ་ལུགས་ལག་ལེན་བསྟར་བ་དང་། རིག་གནས་མཐའ་གནས་བཟོ་སྐྲུན་དང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོབ་བྱེད་པར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པ་སྟེ། མཐའ་མཚམས་ས་ཁུལ་གྱི་རང་བྱུང་སྲུང་སྐྱོང་ས་ཁུལ་དང་སྐྱེ་ཁམས་ཕན་ནུས་ས་ཁུལ་གྱི་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས། སྡོང་འཛུགས་ནགས་སྐྲུན་དང་རྩྭ་ཐང་ཁ་གསབ་དང་མི་བཟོས་རྩ་འདེབས་བཟོ་སྐྲུན་ལག་བསྟར་བྱེད་དགོས། ནགས་ཚལ་སྐྱེ་ཁམས་ཕན་ནུས་ཁ་གསབ་བྱེད་པའི་ཚད་གཞི་འཐུས་ཚང་དུ་གཏོང་དགོས་པ་དང་། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ལ་རོགས་སྐྱོར་དང་བྱ་དགའ་སྟེར་བའི་ལམ་སྲོལ་ལག་བསྟར་དོན་འཁྱོལ་བྱས་ཏེ་མཐའ་མཚམས་ཀྱི་ལྗང་མདོག་གི་སྐྱེ་ཁམས་ངོས་ཁེབས་འཛུགས་སྐྲུན་བྱེད་དགོས། མང་ཚོགས་ཀྱི་ཡོང་འབབ་ཇེ་མཐོར་བཏང་ནས་ཁྱད་ཆོས་ལྡན་པའི་ཐོན་རྫས་བཟོ་བ་དང་དཔལ་འབྱོར་མཉམ་ལས་རྩ་འཛུགས་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱེད་དགོས་པ་དང་། ཕྱུག་འགྱུར་རྩལ་ནུས་ཇེ་མཐོར་བཏང་ནས་ཕྱུག་འགྱུར་མདུན་ལམ་རྒྱ་ཆེར་བསྐྱེད་དགོས། ལོ་ན་བཅུ་དྲུག་ཡན་གྱི་མཐའ་མཚམས་མི་དམངས་ཀྱི་ལོ་རེར་ཆ་སྙོམས་ཀྱི་སྒོར་800-1200ཡི་རོགས་སྐྱོར་རག་ཐུབ་པ་ཡིན། མཐའ་མཚམས་ས་ཁུལ་གྱི་སྡེ་དམངས་ཀྱི་མི་རེར་ཆ་སྙོམས་བཀོད་སྒྲིག་བྱས་པའི་ཡོང་འབབ་ནི་ལོ་རེར་ལྗོངས་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆ་2.7འཕར་ཡོད། ད་ལྟ། མཐའ་མཚམས་ཀྱི་རྫོང་དང་གྲོང་རྡལ། སྲིད་འཛིན་སྡེ་བ་ཡོངས་ཀྱི་ལས་རིགས་སོ་སོ་འཕེལ་རྒྱས་ཆེན་པོ་ཕྱིན་པ་དང་། ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཡང་རིམ་གྱིས་ཇེ་ལེགས་སུ་འགྲོ་བཞིན་མཆིས་པས། གྲོང་ཁྱེར་དང་གྲོང་རྡལ་གྱི་ཕྱིའི་རྣམ་པ་གསར་པ་ཞིག་ཏུ་ཆགས་ཟིན།

  མི་དམངས་ནི་རྒྱལ་ཁབ་ཀྱི་སྲོག་རྩ་ཡིན་ལ། སྲོག་རྩ་བརྟན་ན་རྒྱལ་ཁབ་ད་གཟོད་བརྟན་པོ་ཡོང་། དམངས་འཚོ་ལ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུ་ནི་དུས་ཡུན་རིང་པོའི་ལས་ཀ་ཞིག་ཡིན་ལ། དེར་མཇུག་ཐུག་ས་ཞིག་མེད་པས་མུ་མཐུད་དུ་འགོ་གསར་པ་རྩོམ་དགོས་པ་ཡིན། ང་ཚོས་ནན་ནན་ཏན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་གཏོང་བའི་སྐོར་གྱི་གལ་ཆེའི་གསུང་བཤད་ལ་སློབ་སྦྱོང་བྱས་ནས། ཆོད་སེམས་སྔར་བས་བརྟན་པོ་དང་ཐབས་ལམ་སྔར་བས་ནུས་ལྡན། ལས་ཀ་སྔར་བས་གཟབ་ནན་གྱི་སྒོ་ནས་དམངས་འཚོའི་དོན་ཆེན་འདི་ཡག་པོ་སྒྲུབ་དགོས་པ་དང་། དོན་བཟང་འདི་ཡག་པོ་སྒྲུབ་ནས་ལྗོངས་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་བློ་མཐུན་ཞི་ཅིན་ཕིང་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དེ་སེམས་ཀྱིས་ཤེས་པ་དང་། བཅོས་བསྒྱུར་སྒོ་འབྱེད་གོང་འཕེལ་གཏན་འཇགས་ཡོང་བའི་གྲུབ་འབྲས་བཟང་པོ་མཉམ་རོལ་བྱས་ནས་སྔར་ལས་སྐྱིད་ཅིང་སྔར་ལས་མཛེས་པའི་འཚོ་བ་ཞིག་རོལ་ཏེ། སྤྱི་ལོ་2020ལོར་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་འགྲུབ་པ་མངོན་འགྱུར་བྱུང་བར་ཁག་ཐེག་བྱེད་དགོས།

  རྩོམ་པ་པོ།ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུའི་ཧྲུའུ་ཅི།

  གནམ་ལྷ་རྒྱལ་གྱིས་བསྒྱུར།